MonAugMon2017

སྤེལ་དུས་མཐའ་མ།05:18:50 AM GMT

རྩོམ་གསར།:

སྙན་ངག་གི་སྟེང་ནས་མཐོང་བའི་སྣང་ཚུལ་འགའ།

རྣམ་དག་མཚན་ཉིད་གསར་པ་བདག་གིས་དྲན།།

འདིར་བདག་གིས་ཆེས་ཐོག་མའི་ཐོག་མར་མཁྱེན་པའི་སྤྱན་རས་རབ་ཏུ་ཡངས་ཤིང་བློ་གྲོས་ ཀྱི་ཁོག་ལག་ཡོངས་སུ་རྫོགས་པའི་བདག་གི་སྙིང་ཉེ་བའི་ཀློག་མཁན་རྣམས་པར་གསལ་བཤད་ཐུང་ཐུང་ཞིག་ཞུ་རྒྱུར།གུས་པར་མཚོན་ན་སྐྱེས་ཐོབ་ཀྱི་ཤེས་རབ་དང་སྦྱངས་སྟོབས་བརྩོན་འགྲུན་ སོགས་གང་ཅིས་དབུལ་བའི་གསར་སྟོང་ཞིག་ཡིན་པས། ཉིན་རྒྱུན་གྱི་འཚོ་བའི་ཁྲོད་ཕ་མ་དང་ མིང་སྲིང་། ཤ་ཉེ་དང་མཆེད་གྲོགས་ཚོར་བསྐུར་བྱའི་འཚམས་འཕྲིན་ཐུང་ཐུང་རེ་འབྲི་བར་ཡང་། བརྡ་དག་དང་ཚིག་སྦྱོར་སོགས་མི་ཤེས་ཤིང་མི་དྲན་པ་ལ་སོགས་པའི་དཀའ་ངལ་མང་བོ་ཞིག་ལ་གདོང་ཐུག་སྟེ་འཕྲིན་སྣེ་གང་མང་ཞིག་མི་འཁྱོངས་བར། མགོ་ཆད་གཞུག་རྡུམ་དུ་ལུས་པའི་ཤོག་ འཁྱར་གང་མང་གད་སྙིགས་ཁྲོད་དུ་འདོར་མྱོང་མཁན་ཞིག་ཡིན་ལ། དེ་འདྲའི་ཀླད་སྟོང་བ་བདག ་ ལྟ་བུ་ཞིག་གིས་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་ཀུན་ཏུ་གནའ་ནས་ད་བར་ཆེས་ཆེར་དར་རྒྱས་སུ་སོང་ཞིང་བཀོལ་སྤྱོད་ཀྱི་ཁྱབ་ཚད་ཧ་ཅང་མཐོ་བའི”སྙན་ངག”གམ”རྩོམ་ཡིག”ཅེས་སུ་གྲགས་པ།རྒྱ་ཆེ་ལ་བགྲངས་ཀྱིས་མི་ལོང་བའི་ཤེས་བྱ་རིག་པའི་གནས་ཆེན་པོ་འདི་འདྲའི་ཡིན་ལུགས་ངོ་མའམ་གོ་དོན་འདི་རེད་ཅེས་དབྱེ་ཞིབ་དང་དཔྱད་འཇུག་གིས་རྩོམ་ཡིག་སྤེལ་རྒྱུ་ཟེར་བ་ནི། ང་ཚོ་ བོད་པའི་ཁ་དཔེར”མི་སྙོབ་གནམ་ལ་སྤར་སྙོབ”ཅེས་པ་དེ་ཡིན་པར་ང་རང་ང་རང་ལ་གསལ་བོར་ར་འཕྲོད་བཞིན་འདུག་མོད། ཡིན་ནའང་འདི་འགྲུབ་རྒྱུ་མ་རེད་དང་གན་འཇོན་རྒྱུ་མ་རེད་ཅེས་བློ་ ཁོང་དུ་ཆུད་ཅིང་སེམས་སྦུབས་སུ་ཞུམ་བསྡད་པ་ཁོ་ནས་ཀྱང་གང་ཡང་ཡོང་རྒྱུ་དང་འགྲུབ་རྒྱུ་མེད་ པའི་གནས་ལུགས་ལས་སླ་བོ་འདི་ཡང་གསལ་བོར་ཤེས་བཞིན་ཡོད་པས།ང་རང་ཡང་རང་དགར་ དུ་འདུག་བཟོད་ཅིག་ཡེ་ནས་མེད་པར། རྩོམ་ཡིག་གི་འབྲི་སྦྱོང་བྱེད་ཞོར་རང་ཉིད་ལ་རང་ཉིད་ ཀྱིས་ཚོད་བགམ་ཐེངས་གཅིག་བྱེད་འདོད་ཀྱི་འདུན་པ་རབ་ཏུ་ཆེ་བས། སྙན་ངག་དང་རྩོམ་ཡིག་ གི་གོ་དོན་སྐོར་ལ་རང་གི་རྣམ་རྟོག་ལ་ཤར་ཚད་དང་།བློ་ཡུལ་དུ་དྲན་ཚད་ལ་དཔྱད་ཞིབ་དང་དབྱེ་ འབྱེད་གང་ཡོང་ཅི་ཡོང་ཞིག་བྱས་ཏེ་བདག་གི་སྙིང་ཉེ་བའི་ཀློག་མཁན་ཁྱེད་ཅག་གི་མིག་སྔར་བཤམས་རྒྱུ་ཡིན་ན། ཁྱེད་རྣམས་ཀྱིས་གུས་པར་འཕྱ་ཁྲེལ་དང་ཟུར་ཟ་དམོད་པ་བོར་བ་དང་ སྡིག་ར་བསྐུལ་བ་སོགས་སྲོལ་རྒྱུན་གྱི་ལས་ངན་དག་ཅིས་ཀྱང་མི་མཛད་པར། བརྩེ་བ་ཆེན་པོ་ དང་བློ་རྒྱ་ཡངས་མོས་བདག་གི་ལེགས་ཉེས་ཤན་འབྱེད་ལ་སྨིན་པའི་བཀའ་སློབ་རྣམ་དག་རེ་ཅིས་ཀྱང་སྩོལ་བའི་རེ་བ་སེམས་བསམ་པའི་གཏིང་ནས་ཞུ་བ་ཡིན།





དགོངས་པ་ཅན་གྱི་རྒྱན་དང་རྩོམ་ཡིག་གི་སྲོག་གི་གལ་གནད་སྐོར་ལ་འཕྲོས་པ།

དང་པོ། དགོངས་པ་ཅན་གྱི་རྒྱན་ནི།

རང་རེའི་སྙན་ངག་གི་རྩ་བའི་སློབ་ཚན་དུ་འདེམ་བཞིན་པའི་<<སྙན་ངག་མེ་ལོང་མ>>རྒྱ་གར་ཤར་ལྷོ་གཉིས་ཀྱི་རྒྱན་ཐུན་མོང་གི་རྒྱན་བཅུ་ཡི་ཁྱད་པར་དང་བཅས་པ་བཤད་པའི་ལེའུ་གཅིག་དང་།དོན་རྒྱན་སུམ་ཅུ་སོ་ལྔ་བཤད་པའི་ལེའུ་གཅིག།སྒྲ་རྒྱན་གབ་ཚིག་སྐྱོན་སེལ་དང་བཅས་པ་བཤད་པའི་ལེའུ་གཅིག་བཅས་གསུམ་ཡོད་པ་ལས།ལེའུ་གཉིས་པའི་རྩ་ཚིག་གིས་དངོས་སུ་ཟིན་པའི་དོན་རྒྱན་སུམ་ཅུ་སོ་ལྔ་བ་ཡིན་ལ།དེ་ཡང་<<སྙན་ངག་མེ་ལོང་མའི>> རྩ་བར།  སྙན་ངག་མཁན་བསམ་དགོངས་པ་སྟེ།།སྙན་ངག་གྲུབ་པར་གང་གནས་པ།།རབ་སྦྱོར་ཡུལ་གྱི་ཡོན་ཏན་ཅན།། དེ་ནི་དགོངས་པ་ཅན་ཞེས་བརྗོད།།ཅེས་གསུངས་ཏེ་དགོངས་པ་ཅན་གྱི་རྒྱན་ནི། སྙན་ངག་མཁན་གྱིས་སྙན་ངག་གི་མགོ་བསླངས་བ་ནས་བཟུང་མཇུག་གྲུབ་པའི་བར་གྱི་བསམ་པའམ་དགོངས་པ་ཅན་ལ་རབ་ཏུ་སྦྱོར་བའི་ཡོན་ཏན་དང་ལྡན་པ་ཞིག་ཡིན་དགོས།

དེ་ཡང་ཁྱད་ཆོས་བཞི་དང་ལྡན་པ་ཞིག་ཡིན་དགོས་ཏེ། ཁྱད་ཆོས་དང་པོ་ནི། དངོས་པོ་ཡི་ནི་ཚིག་རྣམས་ཀུན།། ཕན་ཚུན་ཕན་པར་བྱེད་པ་ཉིད།། ཅེས་གསུངས་ཏེ་སྙན་ངག་གི་དངོས་པོ་གང་དེའི་རྒྱན་གྱི་ཁྱད་པར་རྣམས་ཕན་ཚུན་འབྲེལ་མེད་དུ་མ་གྱུར་བར། དགོངས་པ་དེ་སྟོན་པར་འབྲེལ་བ་བཟང་བས་ཕན་པར་བྱེད་པའི་ངོ་བོར་གནས་རང་བཞིན་ཅན་དུ་གྱུར་པ། ཁྱད་ཆོས་གཉིས་པ་ནི།  དོན་དང་བྲལ་བའི་ཁྱད་པར་རྣམས།།  མ་བྱས་་་  ཞེས་གསུངས་ཏེ་བསམ་པའམ་དགོངས་པ་དེ་འབུར་དུ་ཐོན་པར་ཚིག་དང་རྒྱན་གྱི་ཁྱད་པར་རྣམས་མ་བྱས་པའི་རང་བཞིན་ཅན། ཁྱད་ཆོས་གསུམ་པ་ནི། ་་་་གནས་སུ་བསྔགས་པ་དང་།། ཞེས་གསུངས་ཏེ་གནས་གང་ཡིན་པ་དེར་ཁྱད་པར་དུ་བསྔགས་པས། དངོས་ཤུགས་ཀྱི་བརྗོད་སྙིང་དང་དགོངས་གཞི་གཅིག་ཏུ་འབབ་པའི་རང་བཞིན་ཅན་དུ་གྱུར་པ། ཁྱད་ཆོས་བཞི་པ་ནི། བརྗོད་རིམ་སྟོབས་ལས་དངོས་པོ་ནི།། གསལ་མོ་དག་ཀྱང་གསལ་བ་སྟེ།། ཞེས་གསུངས་ཏེ་བརྗོད་པའི་རིམ་པ་དང་སྡེབ་ལེགས་པའི་སྟོབས་ལས་བརྗོད་སྙིང་ཟབ་མོ་དག་ཀྱང་གསལ་བོར་མཚོན་པ་ཅན་གྱི་རང་བཞིན་དང་བཅས་པ་འདི་ཡིན་ནོ།

གཉིས་པ། རྩོམ་ཡིག་གི་སྲོག་གི་རྣམ་བཞག་ནི།

རང་རེའི་སློབ་ཚན་ཡིན་པའི་ <<སྙན་ངག་མེ་ལོང་མ>> ཡིས་དངོས་སུ་མ་བསྟན་པ་འགྲེལ་བྱེད་མཁས་བླུན་ཀུན་གྱིས་ཞལ་མཐུན་པར་བཞེད་ཀྱང་། སློབ་དཔོན་དཎྚིས་ <<སྙན་ངག་མེ་ལོང་མའི>> ལེའུ་དང་པོར། ལུས་ནི་རེ་ཞིག་འདོད་པ་ཡི།། དོན་གྱི་རྣམ་བཅད་ཚིག་གི་ཕྲེང་།། ཞེས་གསུངས་པའི་ཚིག་བཅད་འདིའི་ཤུགས་སུ་སྙན་ངག་གི་སྲོག་བསྟན་ཡོད་མེད་ཐད། རང་རེའི་སྔོན་གྱི་སྙན་འགྲེལ་མཁན་པོ་རྣམས་ཀྱི་ཁྲོད་འདོད་ཚུལ་མི་འདྲ་བ་གཉིས་ཙམ་བྱུང་འདུག་པ་ལས།

དང་པོ་ཚིག་བཅད་འདིས་སྙན་ངག་གི་སྲོག་བསྟན་ཡོད་པར་འདོད་མཁན་རྒྱལ་དབང་ལྔ་པ་ཆེན་མོས་ནི། ཚིག་བཅད་འདིས་སྙན་ངག་གི་སྲོག་ཤུགས་ལ་བསྟན་པ་ཡིན་ཏེ། དཔེར་ན། སྲོག་ལྡན་གྱི་སྐྱེས་བུ་ལུས་མཛེས་པ་ལ་རྒྱན་གྱིས་སྤྲད་པ་བཞིན་ཞེས་གསུངས་ནས། སྙན་ངག་སྲོག་ལྡན་གྱི་ལུས་བཅད་ལྷུག་སྤེལ་མ་སོགས་གང་ཡིན་ལ་སྒྲ་དོན་གབ་ཚིག་སོགས་མཛེས་རྒྱན་གྱིས་ལེགས་པར་སྤྲད་པས། སྙན་ངག་གི་སྐྱེ་བོ་གང་དེ་ནི་བློ་གྲོས་དང་ལྡན་པའི་མི་རྣམས་ཀྱི་མིག་མཛེས་ཤིང་ཡིད་དུ་འོང་བར་འགྱུར་བ་ཡིན་ཚུལ་གསུངས་པ་དང་། དེར་ཟུར་མཁར་བ་བློ་གྲོས་རྒྱལ་པོས། སྔོོན་བྱུང་གཏམ་དང་སྡེ་བཞིའམ། གྲོང་ཁྱེར་རྒྱ་མཚོད་རི་དང་།།བརྗོད་བྱའི་དོན་ནི་སྲོག་ཡིན་ནོ།།  ཞེས་གསུངས་ནས་སྙན་ངག་ལ་སྲོག་ཡོད་པ་ཙམ་དུ་མ་ཟད། སྙན་ངག་གི་བརྗོད་བྱའི་དོན་དེ་ཉིད་སྙན་ངག་གི་སྲོག་ཏུ་གཏན་འབེབ་མཛད་པ་དང་།

གཉིས་པ་ཚིག་བཅད་འདིས་སྙན་ངག་གི་སྲོག་བསྟན་མེད་པར་འདོད་པའི་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་མཆོག་གིས་ནི། སློབ་དཔོན་དཎྚི་མཆོག་གིས་ལུས་ནི་རེ་ཞིག་འདོད་པ་ཡི།། དོན་གྱི་རྣམ་བཅད་ཚིག་གི་ཕྲེང་།། ཞེས་པའི་ཚིག་བཅད་འདིས་ནི་རྩོམ་ཡིག་གམ་སྙན་ངག་གི་སྲོག་བསྟན་མེད་དེ། གལ་སྲིད་བསྟན་ཡོད་ན་ལུས་སྲོག་གཉིས་འདྲ་འདྲེས་སུ་བཤད་པས་གོ་དཀའ་ཞིང་ཁྱེད་མི་བདེ་བའི་ཁར། སྲོག་ཅེས་པའི་མིང་ཙམ་ཞིག་སྨོས་རིགས་པ་ལ་དེ་ཡང་མ་བྱས་པས། རྗེས་འཇུག་རྣམས་མགོ་བོ་རྨོངས་པར་བྱས་པར་སྣང་བའི་ཕྱིར། སློབ་དཔོན་བསྟན་བཅོས་རྩོམ་པ་ལ་མི་མཁས་པར་འགྱུར་བས། ཚིག་བཅད་འདིའི་ཤུགས་ལས་སྙན་ངག་གི་སྲོག་བསྟན་པ་མི་འཐད་ཅེས་དང་། འབྲུག་ཁམས་སྤྲུལ་ཆོས་ཀྱི་ཉི་མས་ཀྱང་། སྔོན་གྱི་སློབ་དཔོན་དེ་རྣམས་ཀྱི་ནི་སྙན་ངག་གི་ལུས་ཚོགས་པའི་ངོ་བོ་དང་། དེ་མཛེས་པར་བྱེད་པའི་རྒྱན་དེ་རྣམ་པ་གཉིས་སུ་བསྡུས་ཤིང་བསྟན་པས་གསལ་བར་བྱས་སོ།

༌         དེས་ན་མཁས་པ་ཟུར་མཁར་པ་སོགས་ལུས་རྒྱན་སྲོག་གསུམ་དུ་དབྱེ་དགོས་པར་འདོད་དག་ནི་མི་འཐད་པ། ལུས་ནི་རེ་ཞིག་འདོད་པ་ཡི།། དོན་གྱི་རྣམ་བཅད་ཚིག་གི་ཕྲེང་།། ཞེས་པ་འདིས་ཀྱང་གསལ་ལོ་ཞེས་གསུངས་ནས། གལ་སྲིད་སྙན་ངག་གི་སྲོག་གི་རྣམ་གཞག་ལོགས་སུ་ཡོད་ན། སློབ་དཔོན་དཎྚའི་ <<སྙན་ངག་མེ་ལོང་མར>> དངོས་སུ་བསྟན་དགོས་ཤིང་། མཁས་པ་སྔ་མ་རྣམས་ཀྱིས་གསལ་བར་བྱེད་དགོས་པ་ལ་དེ་ལྟར་མ་བྱས་པས་སྙན་ངག་ལ་ལུས་རྒྱན་གཉིས་ལས་སྲོག་གི་རྣམ་གཞག་ལོགས་སུ་མེད་པར་བཞེད་པ་རེད་འདུག །    དེ་ལྟར་ཡང་བདག་གིས་བསམས་ཚོད་ལྟར་བྱས་ན། རྒྱལ་དབང་ལྔ་པ་ཆེན་མོས་ནི་སྙན་ངག་ལ་སྲོག་གི་རྣམ་གཞག་ཅིག་བྱེད་འདོད་བྱུང་བའམ་ཡོད་པ་གོ་ཐོས་སུ་སོང་བ་གང་ལྟར་ཡང་། སྙན་ངག་གི་སྲོག་ཡོད་མེད་ནི། མི་ཞིག་ལ་མཚོན་ལ་མཚོན་ན་སྲོག་ཡོད་མེད་བཞིན་གལ་ཆེན་ཡིན་ཚུལ་དང་། <<སྙན་ངག་མེ་ལོང་མ>> ལས་ཀྱང་སྲོག་གི་རྣམ་གཞག་བསྟན་ཡོད་ཚུལ་གྱི་ཁུངས་ལུང་བཙལ་བ་ཞིག་རེད་འདུག་ལ། དེར་ཟུར་མཁར་བ་བློ་གྲོས་རྒྱལ་པོས་ཀྱང་སྙན་ངག་ལ་སྲོག་ཡོད་པ་ཙམ་དུ་མ་ཟད། སྔོན་བྱུང་གཏམ་དང་སྡེ་བཞིའམ།། གྲོང་གྲོང་ཁྱེར་རྒྱ་མཚོ་རི་དང་དུས།། བརྗོད་བྱའི་དོན་ནི་སྲོག་ཡིན་ནོ།། ཞེས་སྙན་ངག་གི་བརྗོད་བྱའི་དོན་དེ་ཉིད་སྙན་ངག་གི་སྲོག་དུ་ངོས་བཟུང་ནས། རྒྱལ་དབང་ལྔ་པ་ལ་སོགས་པ་སྙན་ངག་ལ་སྲོག་ཡོད་པར་འདོད་པའི་ལུགས་བསྒྲུབས་པར་མཛད་འདུག་ཀྱང་། འདི་ནི་དེ་ལྟར་འོས་འཚམས་ཀྱིས་ངོས་འཛིན་བྱས་པའི་གནས་ལུགས་ཤིག་ཏུ་མི་འགྲོ་སྟེ། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་དང་འབྲུག་ཁམས་སྤྲུལ་ཆོས་ཀྱི་ཉི་མ་སོགས་ཀྱིས་གསུང་པ་བཞིན། སློབ་དཔོན་དབྱུག་པ་ཅན་གྱིས་དངོས་གནས་སྙན་ངག་ལ་སྲོག་གི་རྣམ་གཞག་བཞེད་པ་ཡིན་ན། སྲོག་ཅེས་མིང་ཙམ་ཞིག་སྨོས་ཆོག་ཆོག་ཡིན་ལ་དེ་བས་ཤུགས་བསྟན་ཙམ་མ་ཡིན་པར་དངོས་སུ་བསྟན་ན། གདུལ་བྱ་རྣམས་མགོ་མི་རྨོངས་པའི་དགོས་པ་ཆེ་ཆེར་ལྡན་བཞིན་དུ་སྙན་ངག་གི་སྲོག་གི་རྣམ་གཞག་དངོས་སུ་མ་གསུངས་པའི་ཕྱིར་དང་། དེ་བས་བོད་མཁས་སོགས་ཀྱིས་ཀྱང་སྙན་ངག་དང་རྩོམ་ཡིག་གང་ཡིན་ལ་བརྗོད་བྱའི་དོན་བཟང་དགོས་པ་དང་བརྗོད་བྱའི་དོན་ཡོད་དགོས་པ་གལ་ཆེན་ཡིན་པ་མི་བཞེད་པ་མིན་ནའང་། དེར་ཟུར་མཁར་བ་བློ་གྲོས་རྒྱལ་པོས་བརྗོད་བྱའི་དོན་ལ་སྲོག་གི་ཐ་སྙད་སྦྱོར་བ་ཡིན་ཞེས་ཁ་གསལ་གསལ་དུ་བཤད་པ་ནི། ཟུར་མཁར་བས་རང་གི་འདོད་པ་བརྗོད་པའི་དམ་བཅས་པ་ཙམ་ལས། སྙན་ངག་གི་སྲོག་གི་རྣམ་གཞག་མི་བཞེད་པའི་བོད་མཁས་དང་འབྲུག་ཁམས་སྤྲུལ་སོགས་ལ་བརྗོད་བྱའི་དོན་ལ་སྲོག་གི་ཐ་སྙད་སྦྱོར་དགོས་པའི་སྒྲུབ་བྱེད་རྣམ་དག་ཏུ་ནམ་ཡང་མི་འགྲོ་སྟེ། སྒྲུབ་བྱ་དང་སྒྲུབ་མཚུངས་ནས་མ་གྲུབ་པའི་གཏན་ཚིག་ཡིན་པའི་ཕྱིར་རོ།

བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་དང་འབྲུག་ཁམས་སྤྲུལ་ཆོས་ཀྱི་ཉི་མ་སོགས་ཀྱིས་ནི། སྙན་ངག་གི་སྲོག་གི་རྣམ་གཞག་ཡོད་ན་སློབ་དཔོན་དབྱུག་པ་ཅན་གྱིས་ <<སྙན་ངག་མེ་ལོང་མ>> ལས་བསྟན་དགོས་རྒྱུ་ཡིན་པ་ལ་དེར་མ་བསྟན་པས། སྙན་ངག་ལ་སྲོག་གི་རྣམ་གཞག་མེད་ཅེས་དང་། གལ་སྟེ་སློབ་དཔོན་གྱིས་ <<སྙན་ངག་མེ་ལོང་མའི>> ཤུགས་སུ་བསྟན་པ་ཡིན་ཞེ་ན། སློབ་དཔོན་དབྱུག་པ་ཅན་བསྟན་བཅོས་རྩོམ་པ་ལ་མི་མཁས་པར་འགྱུར་བས། དེ་ནི་སུས་ཀྱང་ཁས་བླངས་སུ་མི་འདོད་ཅིང་མི་རུང་བ་དང་། བླངས་ན་ཞབས་འདྲེན་སྟོང་གསུམ་ན་མི་ཤོང་བ་ཞིག་ཞུས་པ་ཡིན་པར་འདོད་དེ། སྙན་ངག་ལ་སྲོག་གི་རྣམ་གཞག་མི་བཞེད་པ་ནི། ཤིན་ཏུ་ཅོལ་ཆུང་དང་གུ་དོག་ཀྱི་བསམ་པ་ཙམ་ལས་སྙན་ལ་སྲོག་གི་རྣམ་གཞག་མེད་པའི་སྒྲུབ་བྱེད་ཀྱི་གཏན་ཚིག་དང་། <<སྙན་ངག་མེ་ལོང་མར>> སྲོག་གི་རྣམ་གཞག་བསྟན་ཡོད་པར་འདོད་པའི་རྒྱལ་དབང་ལྔ་པ་ཆེན་མོ་དང་ཟུར་མཁར་བ་བློ་གྲོས་རྒྱལ་པ་སོགས་ལ་གནོད་བྱེད་ཀྱི་གཏན་ཚིག་ཡང་དག་ཏུ་ཡང་འགྲོ་བ་མིན།   གལ་སྲིད་ཁོང་ཚོས་སློབ་དཔོན་དབྱུག་པ་ཅན་གྱིས་མེ་ལོང་མར་སྲོག་གི་རྣམ་གཞག་ངེས་པར་བསྟན་དགོས་པར་འདོད་ན། <<སྙན་ངག་མེ་ལོང་མའི >> གཞུང་ཚིག་གོང་དུ་དྲངས་པའི། ལུས་ནི་རེ་ཞིག་འདོད་པ་ཡི།། དོན་གྱི་རྣམ་བཅད་ཚིག་གི་ཕྲེང་།། ཞེས་པ་ལྟ་བུ་རེ་བཙལ་ནས་ཤུགས་ལས་བསྟན་ཞེས་བཤད་ན། སློབ་དཔོན་བསྟན་བཅོས་རྩོམ་པ་ལ་མི་མཁས་པར་འགྱུར་ཞེས་པ་ཙམ་ལ་ནི། <<སྙན་ངག་མེ་ལོང་མར་>> ལུས་རྒྱན་སྐྱོན་སེལ་གསུམ་གཙོར་འདོན་བྱས་པ་ལས། སྲོག་གི་རྣམ་གཞག་འདིར་བསྟན་བྱའི་གཙོ་བོ་མ་ཡིན་པས་དངོས་བསྟན་དུ་མ་སྤྲོས་ཞེས་སོགས་ཅི་བཤད་བཤད་ཡིན་པའི་ཕྱིར་དང་། དེ་བས་བོད་མཁས་པ་དང་འབྲུག་ཁམས་སྤྲུལ་གྱིས་བསྟན་པའི་གནོད་བྱེད་འདི་ནི། སློབ་དཔོན་དབྱུག་པ་ཅན་དང་<<སྙན་ངག་མེ་ལོར་མ>> གཉིས་སྙན་ངག་གི་ “སྟོན་པ་ཚད་མ་”དང་སྙན་གི་“བསྟན་པ་ཚད་མ་”རུ་ཁས་མི་ལེན་པ་དག་ལ་ནི། ཁྲེལ་དགོད་སློང་བྱེད་ཙམ་ལས་ཅི་ཡང་མི་ཡོང་བའི་ཕྱིར་རོ།

དེས་ན་གོང་དུ་བཤད་པའི་འགྲེལ་སྟངས་དེ་དག་ཅི་ཞིག་ཡིན་ནའང་ཡིན་དུ་ཆུག་ལ། འདིར་ཅུང་ཟད་བློ་ཁོག་ཡངས་མོས་བསམ་དགོས་པའི་གནད་དོན་འགའ་ཡོད་པ་ནི། སློབ་དཔོན་དབྱུག་པ་ཅན་གྱིས་<<སྙན་ངག་མེ་ལོང་མ>>རུ་སྲོག་གིས་རྣམ་གཞག་བསྟན་ཡོད་མེད་དང་། རྒྱལ་དབང་ལྔ་པ་ཆེན་མོ་དང་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་སོགས་སུ་ཞིག་རང་ལུགས་ལ་འཛིན་དགོས་མིན་དང་། སྤྱིར་རྒྱ་བོད་མཁས་པའི་གཞུང་དུ་སྙན་ངག་གི་སྲོག་གི་རྣམ་གཞག་བཤད་ཡོད་མེད་ལྟ་རྒྱུ་ཞིག་མིན་པར། ངེས་པ་དོན་གྱིས་ན་སྙན་ངག་གི་གཞུང་ལུགས་སུ་སྲོག་གི་རྣམ་གཞག་ཅིག་གཏན་འབེབས་བྱས་པ་ཡིན་ན། དགོས་ཕན་དེ་ལྡན་གྱི་སྙན་ངག་གི་སྲོག་དེ་ཚད་ཅི་འདྲ་ཞིག་ལ་ངོས་འཛིན་བྱེད་དགོས་མིན་དང་། དེ་ལྟར་ངོས་འཛིན་བྱས་པའི་སྙན་ངག་གི་སྲོག་དེས་སྙན་ངག་འགྲུབ་པར་དགོས་ཅི་ཞིག་ཡོད་མིན། གལ་སྲིད་སྙན་ངག་གི་སྲོག་དེས་སྙན་འགྲུབ་པའི་དགོས་ཕན་མི་དམན་པ་ཞིག་ཡོད་ན། དགོས་ཕན་དེ་འདྲ་ཞིག་ཡོང་བར་སྙན་ངག་གི་སྲོག་གི་རྣམ་གཞག་དེ་ཚུལ་ཇི་ལྟར་གཏན་འབེབ་བྱེད་དགོས་མིན་བཅས་ཡིན་ལ། གལ་ཏེ་སྙན་ངག་གི་གཞུང་ལུགས་སུ་སྲོག་གི་རྣམ་གཞག་ལ་དགོས་ཕན་ཅི་ཡང་མེད་ན། མེད་ཚུལ་ཇི་ལྟར་ཡིན་མིན་དང་ཡོད་པར་འདོད་མཁན་ཚོ་ལ་དགག་སྒྲུལ་ཇི་ལྟར་བྱེད་དགོས་ཚུལ་བཅས་རེད་འདུག

དེས་ན་གུས་པ་གོམ་གང་འདུན་བསྐྱོད་ཀྱིས་སྙན་ངག་གི་སྲོག་གི་རྣམ་གཞག་ལ་ལྟས་ན། ངེས་པར་དུ་བོད་ཀྱི་སྙན་ངག་གམ་རྩོམ་ཡིག་གི་གཞུང་ལུགས་སུ་སྲོག་གི་རྣམ་གཞག་གཏན་འབེབ་བྱེད་རྒྱུ་ཡོད་པ་དང་། དེ་ལྟར་སྲོག་གི་རྣམ་གཞག་གཏན་འབེབ་བྱས་ན་དགོས་ཕན་ཆེ་ཆེར་ཡོད་པ་ཞིག་ཏུའང་མཐོང་གིན་འདུག་པས་འདིར་བསྡུས་ཀྱིས་ཞུས་ན། སྙན་ངག་གམ་རྩོམ་ཡིག་གི་སྲོག་ནི། སྙན་ངག་གམ་རྩོམ་ཡིག་གང་ཡིན་དེའི་དབུ་ནས་ཞབས་སུ་བསྡུས་པའི་སྤྱི་ཁོག་གི་སྒྲོམ་གཞི་བཟུང་བའི་དོན་གནད་ཀྱི་ཚིག་འགྲོས་འགའ་ཞིག་ལ་གོ་དགོས་ཤིང་། དེ་ནི་དཔེར་ན། དཔལ་དོན་གྲུབ་རྒྱལ་གྱིས་བརྩམས་པའི་ཚིག་ལྷུག་སྙན་ངག་<<རྐང་ལམ་ཕྲ་མོ>> ལས“ང་རང་ཆེས་དགའ་ས་ཡང་རྐང་ལམ་ཕྲ་མོ་འདི་ཡིན་ལ། ཆེས་སྐྱོ་ཡང་རྐང་ལམ་ཕྲ་མོ་འདི་ཡིན”ཞེས་གསུངས་ཤིང་། མཐར་ངའི་“ངའི་གོམ་པ་ཡང་རང་དབང་མེད་པར་གཞུང་ལམ་གྱི་ཕྱོགས་སུ་སྤོ་དགོས་བྱུང་”ཞེས་ཆེད་དམིགས་ཀྱིས་བྲིས་པའི་ཚིག་འགྲོས་འདི་གཉིས་ལས་ནི། རྩོམ་པ་པོ་དཔལ་དོན་གྲུབ་རྒྱལ་རང་ཉིད་ཆེས་དགའ་ཞིང་གཅེས་ས་ཡིན་པའི་སྲོལ་རྒྱུན་རྩོམ་ཡིག་གིས་བསླངས་བའི་སྐྱོ་གར་ལས། མཐར་མི་འདོད་བཞིན་དེང་རབས་རྩོམ་ཡིག་གི་ཕྱོགས་སུ་གོམ་བསྒྱུར་དགོས་བྱུང་ཚུལ་བཤད་པ་འདུག་པ་འདི་ལྟ་བུ་ཞིག་ཡིན་དགོས་སྟེ། གོང་གི་ཚིག་འབྲུ་དེ་གཉིས་ཙམ་ངོས་ཟིན་པ་ནི་དོན་གྲུབ་རྒྱལ་གྱི་གསུང་རྩོམ་ <<རྐང་ལམ་ཕྲ་མོ>> སྤྱི་ཁོག་གི་སྒྲོམ་གཞི་སློང་བའི་ཚིག་འགྲོས་དག་ངོས་ཟིན་པ་ཡིན་ལ། གོང་གི་ཚིག་འགྲོས་དེ་ཙམ་ཞིག་ངོས་ཟིན་པ་ལས་<<རྐང་ལམ་ཕྲ་མོ་>> ཡི་གཞུང་སྙིང་གི་རོ་ནུས་དང་བྲོ་བ་ལ་རོལ་མྱོང་དང་དཔྱད་ཞིབ་སོགས་བདེ་བླག་ངང་བྱེད་པར་རམས་འདེགས་དགོས་ཕན་བླ་མེད་ཅིག་ཡོང་བཞིན་འདུག་པའི་ཕྱིར་རོ། དེ་ལྟ་བུ་རྩོམ་ཡིག་གམ་སྙན་ངག་གི་སྤྱི་ཁོག་གི་སྒྲོམ་གཞི་བཟུང་བའི་ཚིག་འགྲོས་ནི་ཚད་ལྡན་གྱི་རྩོམ་ཡིག་ཐམས་ཅད་ལ་འཚོལ་རྒྱུ་ཡོད་ཅིང་། གལ་སྲིད་རྩོམ་ཡིག་ཕལ་ཆེར་ལ་འདི་ལྟ་བུའི་ཚིག་འགྲོས་འགའ་སྤྱོད་ཐབས་བྱས་པ་ཡིན་ན། ད་བཟོད་རྩོམ་པ་པོ་ཞིག་ལ་མཚོན་ནའང་རང་གིས་ཅི་ཞིག་གླེང་བར་འདོད་པ་ཧ་ཅང་གཏིང་ཟབ་ས་ནས་འགྲེལ་ཐུབ་པའི་དགོས་ཕན་དང་ལྡན་པའང་རེད་འདུག

འོ་ན་དགོས་ཕན་དེ་ལྟར་ལྡན་པའི་སྙན་ངག་གམ་རྩོམ་ཡིག་གི་སྲོག་གི་རྣམ་བཞག་དེ་ཚུལ་ཇི་ལྟར་གཏན་ལ་འབེེབ་པར་བྱ་ཞེ་ན། དེ་ནི་སྙན་ངག་གམ་རྩོམ་ཡིག་དག་ལས་སྲོག་གི་མཚན་གཞི་འཚོལ་ཞོར། དེ་ལྟ་བུའི་སྲོག་དང་ལྡན་པའི་སྙན་ངག་གམ་རྩོམ་ཡིག་ནི་སྙན་ངག་གམ་རྩོམ་ཡིག་རླབས་ཆེན་དང་ཚད་ལྡན་ཞིག་ཏུ་བགྲངས་བ་སོགས་ཀྱིས་གཏན་འབེབས་བྱེད་དགོས་ཀྱིན་ཡོད་པར་སྙམ།།



སྙན་དངགས་ཀྱི་གོ་དོན་ངོས་ནས་བལྟས་བ་ཡིན་ན།



དེ་དོན་ཐོག་མར་གླེང་སློང་ཕྱིར་རང་ངོ་སྤྲོད་པའི་ཚིགས་སུ་བཅད་པས་མདུན་བསུ་བ་ནི།

བདག་ནི་གཉིད་ལ་དགའ་བའི་བུ་རུལ་ཡིན།།

མཚན་ཞག་སྟོང་ལ་ཉལ་བའི་རྨི་ལམ་གྱི།།

མཛེས་པའི་རི་གྲོང་ཁྲ་མོ་ཉུལ་འདོད་ཀྱང་།།

ཡོད་ཚད་གཞན་ལ་བཅོལ་བའི་རེ་སེམས་ཤིག།།    ཅེས་པ་འདིའོ།



སྤྱིར་བཏང་འཛམ་གླིང་ཤར་ནུབ་ཀྱི་སྙན་ངག་པ་དང་རྩོམ་པ་པོ་གང་མང་ཞིག་གིས་རང་ཉིད་ ཀྱི་འདོད་མོས་དང་དགའ་ཕྱོགས་བསམ་བློའི་འཁྱེར་སྟངས་སོགས་རང་རང་སོ་སོ་ལས།དམིགས་ ཡུལ་གཅིག་གྱུར་ཅིག་དང་འཚོལ་སྙེགས་འདྲ་མཉམ་མ་བྱུང་བའི་བྱེ་བྲག་ལས་དུས་རབས་སོ་སོ་དང་ལོ་རབས་རེ་རེའི་ནང་། སྙན་ངག་གི་མཚན་ཉིད་དང་གོ་དོན་སོགས་རིགས་དང་རྣམ་པ་མི་ འདྲ་བ་རབས་དང་རིམ་པར་བཞགས་ཡོད་པས། ད་ལྟའི་ཆར་འཛམ་གླིང་ནང་སྙན་ངག་གམ་རྩོམ་ ཡིག་གི་མཚན་ཉིད་ཀྱི་ཁ་གྲངས་ལ་ཚོད་དཔག་གིས་སྤྱི་བསྡོམས་བྱས་ན་ཕལ་ཆེར་ཁྲི་ཁ་ལོན་པར་ཉེ་རབས་ཤིག་བཤད་བཞིན་ཡོད་པ་ཡང་བདེ་དོན་ཞིག་ཡིན་ངེས་ཤིང་། དེ་བས་འབྱུང་འགྱུར་ཡང་ སྙན་ངག་གི་མཚན་ཉིད་དང་གོ་དོན་སོགས་འདི་ལས་ཀྱང་མང་བ་ཞིག་འབྱུང་ངེས་ཤིང་འབྱུང་སྲིད་པ་ཞིག་ཀྱང་ཡིན་ཏེ། མ་གཞི་སྙན་ངག་ནི་འགྲོ་བ་མི་སོ་སོའི་དགའ་སྐྱོ་ཆགས་སྡང་སོགས་ཀྱིས་ མཚོན་པའི་སེམས་ཀྱི་ཚོར་འདུ་སྣ་ཚོགས་གཞན་ལ་གསལ་སྟོན་བྱེད་པའི་ངག་གི་རྣམ་འབྱོར་ཞིག་ཀྱང་ཡིན་ལ། དེ་ནི་གང་ཟག་རང་རང་གི་མོས་པ་བཞིན་སྤེལ་ཆོག་ཆོག་གི་བྱ་བཞག་ཅིག་ཡིན་ པ་ལས། སྟོན་པ་སུ་ཞིག་དང་གཞུང་ལུགས་གང་ཞིག་གིས་གཏན་ལ་ཕབས་པའི་གྲུབ་མཐའ་ག་གེ་ མོའི་འཇོག་མཚམས་ལྟ་བུའམ། ཡང་ན་ལྷ་མི་གང་རུང་གིས་དབང་བསྒྱུར་འོག་བསྐྱར་བཟློས་དང་ ཡང་བཟློས་ཁོ་ནས་འཁོར་སྐྱོད་བྱེད་དགོས་པའི་ལྷ་ཡི་རྔ་བོ་ཆེའམ་སྒྲ་བཟློས་འཕྲུལ་འཁོར་ལྟ་བུ་ཞིག་མིན་པར། ཉི་མ་རེ་རེ་བཞིན་མི་རེ་རེའི་ལུས་ངག་ཡིད་གསུམ་དང་ཆེས་ཁ་ཐག་ཉེ་བའི་སྤྱི་ ཚོགས་འཚོ་བའི་ཁྲོད་ཀྱི་དགའ་སྐྱོ་ཆགས་སྡང་དང་ཚོར་འདུ་རག་རིམ་ལ་སྤྱི་ཆིངས་ཀྱིས་སྡོམ་ཚིག་བཞག་པ་ཙམ་མིན་པར། ཐོག་རེག་ཡོད་མེད་དང་མཚན་ཉིད་ཤེས་མིན་ལ་མ་ ལྟོས་པར་གང་ལྟར་གཟུགས་ཅན་གཟུགས་མེད་སོགས་ཀྱི་བྱ་དངོས་གང་མང་ཞིག་གི་དབྱིབས་གཟུགས་དང་འགྱུར་འགྲོས་རྣམ་འགྱུར་སོགས། མིག་དང་རྣ་བས་མཚོན་པའི་རྣམ་ཤེས་དང་ཚོར་ ཤེས་སོགས་དབང་པོ་གང་ཡིན་གྱི་མཐོང་ལམ་དང་དྲན་ལམ་དུ་མངོན་ཞིང་འཆར་བའི་མོད། རང་ ཉིད་ཀྱིས་ངོས་འཛིན་བྱེད་ཕྱོགས་དང་བསམ་གཞིགས་ཀྱི་ནུས་པ་འདོན་ཐབས་སོགས་ཐུན་མོང་མ་ཡིན་པ་རེར་བརྟེན་ཏེ། རང་ཉིད་ལའང་ཡིད་ཀྱི་འགྱུར་བ་གཞན་དང་ཐུན་མོང་མ་ཡིན་པ་རེ་འབྱུང་ བ་དང་། དེ་ལས་སེམས་ཀྱི་ཚོར་བ་དང་ལུས་ཀྱིས་མྱོང་བའི་རྣམ་འགྱུར་ཡང་ཐུན་མོང་མ་ཡིན་པ་ ཡོད་ངེས་པས་ན། དེ་དག་ཡང་ཇི་བཞིན་སྟོན་པའི་སྔོན་མེད་ཀྱི་སྙན་ངག་གསར་པ་ཡང་གང་མང་ ཞིག་འབྱུང་ངེས་ཤིང་འབྱུང་རུང་བ་ཞིག་ཀྱང་ཡིན། རྒྱུ་མཚན་དེས་ན་སྙན་ངག་ནི་ཉིན་རེ་ནས་ཉིན་ རེ་བཞིན་གསར་བ་དང་གསར་རྐྱང་དག་དག་སྔོན་མེད་དང་ད་ཡོད་ཀྱི་རྣམ་པའི་ཐོག་ནས་ཆར་རྗེས་ ཀྱི་ཤ་མོ་བཞིན་ཐོན་ཡོང་བས། སྙན་ངག་གི་མཚན་ཉིད་དང་གོ་དོན་ཡང་། སྔ་མའི་སྔ་མ་དང་། རྙིང་ པའི་རྙིང་པས་མི་ཆོག་ཅིང་མི་ཁྱབ་པར། གསར་པའི་གསར་པ་རྐྱང་རྐྱང་སྔོན་ཡོད་ལས་ཀྱང་མང་ བ་དང་རྒྱས་པ་ཞིག་འབྱུང་ངེས་པ་དང་འབྱུང་དགོས་པ་ཞིག་ཀྱང་ཡིན་པས། ཁོ་བོས་ཀྱང་ཁ་སྣོན་ དང་ཁ་གསབ་ཀྱི་དོད་དུ་སྙན་ངག་གི་མཚན་ཉིད་གསར་བ་ཞིག་བཞག་ཡོད་པ་འདི་ནི། གནའ་བོའི་ སྙན་ངག་གི་སྦྱོར་བ་བརྩམས་པ་ནས་ཉི་མ་དེ་རིང་གི་བར་བྱུང་བའི་སྙན་ངག་སྤྱི་ཡོངས་ལ་ཆེས་ཁྱབ་ཤོས་དང་མཚོན་ཤོས་ཀྱི་མཚན་ཉིད་དང་གོ་དོན་ཡིན་པའི་ཡིད་ཆེས་དང་གདེང་ཚོད་ནི་མགོ་བོ་རྒྱན་དུ་འཇོག་ཕོད་པའི་ཚད་དུ་སླེབས་ཡོད་ཅེས་སྨྲ་བར་སྤོབས་སོ།

མ་གཞི་སྙན་ངག་གམ་རྩོམ་ཡིག་གི་མཚོན་བྱེད་དུ་བཀོད་པའི”སྐྱེས་བུ་གང་གིས་རང་བློར་ དོན་ཆོས་ཀྱི་རྣམ་པ་གང་ཤར་ངག་གི་རྣམ་འགྱུར་གྱིས་ཕྱི་རོལ་སྣང་བའི་ཡུལ་དུ་གསལ་བར་བྱས་ པ་ལས་མྱོང་བ་པོར་ཡིད་འགྱུར་ཁྱད་པར་ཅན་བསྐྱེད་ནུས་པ”ཞེས་པ་མཚན་ཉིད་འདི་ནི། གུས་ པས་རང་མོས་བགྲོ་གླེང་ཞིག་གི་ཐོག་གསལ་འགྲེལ་ཕྱོགས་ཙམ་བྱེད་མྱོང་བའི་སྙན་ངག་གམ་རྩོམ་ ཡིག་གི་མཚན་ཉིད་གསར་བ་དེ་ཡིན་ལ། སྐབས་དེ་དུས་གུས་པས་མཚན་ཉིད་འདིའི་ཟུར་གསུམ་ ནས་འགྲེལ་བཤད་བྱས་པར་། གྲོགས་པོ་ལ་ལས་རྩེད་མཚར་གྱིས་”ཁྱོད་ཀྱི་སྙན་ངག་གི་མཚན་ ཉིད་དེ་ལ་ཟུར་གསུམ་ཡོད་ཅེས་བཤད་སོང་། ཕལ་ཆེར་ཁྱོའི་སྙན་ངག་དེ་ལ་དམར་གཏོར་འདྲ་ ཞིག་ཡོད་ས་རེད”ཅེས་གད་མོ་སློང་སྤྱད་བྱེད་མྱོང་ཡང་། ཀུ་རེའི་རྩེད་མཚར་དེས་ནི་བདག་གིས་ སྙན་ངག་གི་མཚན་ཉིད་འདི་འགྲེལ་བཤད་བྱེད་པར་བློ་གྲོས་ཀྱི་སྒོ་ཆེན་ཡོངས་སུ་འབྱེད་པའི་ལྡེ་མིག་ལྟ་བུར་གྱུར་སོང་བས།

མ་གཞི་སྐད་ཆ་དེས་བདག་གི་བློ་སྒོ་འབྱེད་སྟངས་ནི་གཏོར་མ་ཟུར་གསུམ་ཞིག་བཅས་ཏེ། དེ་ཡི་ ཟུར་ངོས་གང་ཡིན་ལ་སྙན་ངག་གམ་རྩོམ་ཡིག་གི་མཚན་ཉིད་འདི་འགོད་རྒྱུ་ལས་དགལ་བ་ཙམ་དུ་མ་ཟད། ཀ་མ་རུ་པའི་རྡོ་རིང་ངོས་གསུམ་མ་ཞིག་གི་ལེབ་ངོས་སུ་ངར་ལྕགས་ཀྱི་ཐོ་གཟོང་བསྐོར་ ཏེ་སྒྲོས་དག་པའི་ཡིག་གཟུགས་ལས་གསལ་བོར་རྐོ་རུང་ཞིང་རྐོ་དགོས་པའི་དྲན་གསོ་བཏང་བ་འདི་རེད་ལ། དེས་ན་བདག་གིས་རྡོ་རིང་དེའི་ངོས་རེ་རེར་གཤམ་གྱི་དོན་ཚན་རེ་རེ་བཞིན་ གསལ་བོར་འགོད་རྒྱུ་ཡིན།

དོན་ཚན་དང་པོ་ནི་རྩོམ་ཡིག་གམ་སྙན་ངག་གི་རྩོམ་སྟངས་ཡིན།

རྩོམ་ཡིག་གམ་སྙན་ངག་གི་རྩོམ་སྟངས་ནི། སྐྱེས་བུ་གང་ཞིག་གིས་རྩོམ་ཡིག་གམ་སྙན་ངག་རྩོམ་ པར། ཆེས་ཐོག་མར་རང་ཉིད་ཀྱིས་ཅི་ཞིག་སྟོན་འདོད་པའི་རང་སེམས་ཀྱི་འཆར་སྣང་དེ་གང་ཡིན་ གསལ་བོར་ངོས་ཟིན་པར་བྱེད་པ་དང་། དེ་རྗེས་སུ་དེ་ཉིད་ཇི་བཞིན་ཕ་རོལ་པའི་བློ་ངོར་བཤམས་ པའི་ཐབས་སུ་བརྗོད་བྱའི་དོན་དེ་ཉིད་ཀྱི་ཁྱད་གཞི་དང་ཁྱད་པར་སོགས་ཐད་ཀར་བརྗོད་པའི་ཐབས་སམ་སྐོར་ནས་བརྗོད་པའི་ཐབས། ཡང་ན་དཔེར་འཇོག་གིས་བརྗོད་པའི་ཐབས་དང་རྣམ་འགྱུར་ གྱིས་བརྗོད་པའི་ཐབས་སོགས་འདོར་ན་སྒྱུ་རྩལ་གྱིས་མཚོན་ནུས་ལྡན་པའི་བརྗོད་བྱེད་སྐད་ཀྱི་འགྱུར་ཁུགས་ཅི་རིགས་ལ། དབྱངས་ཀྱི་འདེགས་འཇོག་དང་ཚིག་གི་བཅད་མཚམས་སོགས་ ལེགས་པར་སྦྱོར་ཞིང་སྡེབ་པ་དང། དེ་ལས་ཀྱང་ཆེས་གལ་ཆེན་གྱིས་བསྒྲུབ་དགོས་པའི་དོན་གནད་ གཅིག་ཡོད་པ་ནི་རྩོམ་པ་པོ་རང་ཉིད་ཀྱིས་གང་ཞིག་བརྗོད་པར་འདོད་པའི་དོན་དེར་བཟུང་བའི་སེམས་ཀྱི་ཚོར་བའི་ཉམས་འགྱུར་ཇི་མ་ཇི་བཞིན་དུ། དབྱངས་གསལ་ཕྲེང་བར་སྤེལ་བའི་ངག་གི་རྣམ་འགྱུར་ལས་ཕྱི་རོལ་དངོས་སྣང་གི་ཡུལ་དུ་མངོན་པར་གསལ་བར་བྱེད་དགོས་པ་དེ་ཡིན་ལ།དེ་ནི་སྙན་ངག་པའམ་རྩོམ་པ་པོས་ཆེས་འགྲུབ་དཀའ་བའི་གལ་གནད་ཅིག་ཀྱང་ཡིན་ནོ།

དེས་ན་འདིར་བག་མི་འཁུམ་ཕྱིར་དམ་བཅའི་ཚིགས་སུ་བཅད་པས་ངར་སློང་བ་ནི།

མེ་ཏོག་སྣ་ཚོགས་བཞད་པའི་སྐྱེད་ཚལ་ནས།།

རྐང་དྲུག་སྦྲང་ཆུང་འཕུར་བའི་གཤོག་གླུ་ལ།།

ཕྱེ་ལེབ་སྒེག་མོས་རྣ་ཟུང་འགེབ་ན་ཡང་།།

ད་དུང་བརྩེ་གཞས་དབྱངས་རྟ་ཇེ་སྙན་ཡིན།།          ཞེས་པ་འདིའོ།



དོན་ཚན་གཉིས་པ་ནི་རྒྱུ་ཆའམ་ངོ་བོ་ཡིན།

རྩོམ་ཡིག་གམ་སྙན་ངག་གི་འགྲུབ་བྱེད་ཀྱི་རྒྱུ་ཆའམ་ངོ་བོ་ནི། ངེས་པར་དུ་སྐད་ཀྱི་གདངས་སམ་ ཡིག་གེ་ཡིན་དགོས། དེ་ནི་ཡི་གེའི་མཚན་ཉིད་ལ”མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ ཀྱི་གདངས”ཞེས་པའི་སྐབས་ཀྱི་སྐད་གདངས་སམ་ཡི་གེ་དང་དོན་གཅིག་ཡིན་ཞིང་། སྐད་གདངས་ སམ་ཡི་གེ་དེ་ཡང་སོ་སོའི་འགྲིན་པའི་དབུགས་རྩོལ་ལ་སྙོམས་བསྒྲིགས་ཀྱིས་འདོན་ཐུབ་པ་ཙམ་ནས། རང་ཉིད་ཀྱི་ཡིད་འགྱུར་མཚོན་བྱེད་དུ་རང་ཆས་སུ་ཐོན་ཡོང་བའི་ཁྱད་ཆོས་དམིགས་བསལ་ བ་ཅན་ཞིག་ཀྱང་ཡིན། དེས་ན་རྒྱ་ནག་པས་ཀྱང་ཁོང་ཚོའི་སྙན་ངག་གི་ཐོག་མ་ཡང་”ཧང་ཡོ་” ཞེས་པའི་སྐད་གདངས་འདི་ཡིན་པར་འདོད་ཅིང་། ང་ཚོ་བོད་པས་ཀྱང་ང་ཚོའི་སྙན་ངག་གི་ཐོག་ མ་ནི”ཀི་ཀི”ཞེས་པ་འདི་ཡིན་པར་འདོད་རིགས་ཏེ། རང་རེའི་མེས་པོ་ཐོག་མ་ནི་སྤྲ་དང་སྤྲེའུ་ལས་ བྱུང་བའི་མི་བུ་གདོང་དམར་བ་ཞིག་ཡིན་ལ་དེའི་ཡིད་ཀྱི་རྣམ་འགྱུར་མཚོན་པའི་དབྱངས་རྟ་ཐོག་མ་ ནི་”ཀི་ཀི་”ཞེས་པ་འདི་ཡིན་ངེས་པའི་ཕྱིར་རོ། མ་གཞི་འདི་སྐོར་《བོད་ཡིག་གི་འཕེལ་རིམ་ལ་ དཔྱད་པ་བྱིས་པའི་གོམ་འགྲོས》 ཞེས་པར་འུར་ཚོད་དང་རིགས་འདེད་སོགས་ཀྱི་རྒྱུ་མཚན་ཅི་ རིགས་བཀོད་དེ་གསལ་བོར་བསྒྲུབས་ཡོད་པས་འདིར་བསྡུས་དོན་ཙམ་ལས་རྒྱས་པར་མ་སྤྲོས་སོ།

དེ་བས་ཁ་སྐོང་བའི་ཕྱིར་སྙིང་པོ་སྒྲིལ་བའི་ཚིགས་སུ་བཅད་པས་དོན་བསྡུ་བ་ནི།

རྣ་བར་སྙན་ཞིང་ཡིད་སེམས་མ་འཕྲོག་ཅིང་།།

མི་བདེན་རྫུན་དགུས་མགོ་སྙིང་བསླུས་ན་ཡང་།།

གང་ཞིག་རང་སེམས་དངོས་མའི་རྣམ་འགྱུར་དེ།།

ཇི་བཞིན་སྐད་ཀྱིས་ལེགས་སྟོན་རྩོམ་ཡིག་ཉིད།།          ཅེས་པ་འདིའོ།



དོན་ཚན་གསུམ་པ་ནི་བྱེད་ལས་སམ་ནུས་པ་ཡིན།

རྩོམ་ཡིག་གམ་སྙན་ངག་གི་བྱེད་ལས་སམ་ནུས་པ་ནི། རྩོམ་པ་པོའམ་སྙན་ངག་པས་རང་ཉིད་ཀྱི་ སེམས་ཀྱི་འཆར་སྒོ་ཇི་བཞིན་ཡིག་ངག་གི་རྣམ་འགྱུར་ལས་ཐོན་པར་བྱས་པ་གང་ཡིན་པ་དེ། ཉན་ པ་པོའི་སེམས་ཀྱིས་མྱོང་བར་གྱུར་པ་ན་ཡིད་ནི་རང་གནས་སུ་མི་སྡོད་པར་གཡོ་ཞིང་འགྱུར་ཏེ་ལུས་ངག་ལས་རྣམ་འགྱུར་དང་མཚན་མ་སོགས་ཅི་རིགས་འབྱུང་བར་བྱེད་པ་ཡིན་ལ། རྩོམ་ཡིག་ གམ་སྙན་ངག་དེར་དེ་ལྟར་བྱེད་པའི་ནུས་པ་ཡོད་ཀྱང་ཉན་པ་པོར་དེ་ལྟར་མི་འགྱུར་བ་སྲིད་པས“རྩོམ་ཆོས་དང་ཀློག་མཁན་གཉིས་ཀྱི་སྨྱན་བྱེད་མཁན་ལྟ་བུར་གྱུར་པའི་རྩོམ་རིག་དཔྱད་བརྗོད་དགོས་དོན་ཡང་དེ་ལ་ཐུག་པ་རེད”(《རྩོམ་རིག་དང་མི》ཞེས་པ་ལས་དྲངས། བྱ་གཞུང་དབྱངས་བྷ།) དེས་ན་རང་རེའི་ད་བར་རྩོམ་ཡིག་ནི་”རྣ་བར་སྙན་ཞིང་ཡིད་འཕྲོག་པར་བྱེད་པའི་ངག”ཅིག་ཡིན་ དགོས་པར་འདོད་པ་ཡང་ཆ་མ་ཚང་བའི་ངོས་འཛིན་བྱེད་སྟངས་ཤིག་ཡིན་ལ། འདིའི་སྐོར་ཡང་ ཞིབ་མོར་བཤད་ན་ཤིན་ཏུ་མང་བར་དོགས་པས་འདིར་མ་སྤྲོས་ལ། མདོར་ན་རྩོམ་ཡིག་གམ་སྙན་ ངག་གི་བྱེད་ལས་ལ་”རྣ་བའི་བུ་རམ”དང་”སྙིང་གི་ཚེར་མ”ལྟ་བུ་ཅན་སོགས་ཅི་རིགས་ཡོད་ཅིང་། དེ་བས་སྙན་ངག་གམ་རྩོམ་ཡིག་ལ་ཡང་རྣ་བར་སྙན་མིན་དང་ཡིད་དུ་འོང་མིན་སོགས་ཅི་རིགས་སུ་འབྱུང་སྲིད་པས། བློ་དང་རིག་པ་བཀྲ་བའི་བདག་གི་ཕུ་ནུ་མིང་སྲིང་ཚོས། སྙན་ངག་དང་རྩོམ་ཡིག་ ཅེས་པའི་ཐ་སྙད་གཉིས་ལས་གང་ཞིག་དོན་ལ་གནས་པ་དང་གང་ཞིག་དོན་ལ་མི་གནས་པའི་གནད་དོན་འདི་ཡང་། ཞིབ་མོ་བློ་ཡིས་དཔྱད་རིན་མེད་པ་དང་དོན་ཆུང་སྣང་མེད་དུ་འཇོག་ཆོག་ཆོག་ཅིག་ ཡེ་ནས་མིན་པསབསམ་གཞིགས་རེ་ཅིས་ཀྱང་མཛད་པར་འཚལ་ལོ།

འདིར་ཡང་སྣང་བ་སྐྱིད་ཕྱིར་གཡེང་འཕར་བའི་ཚིགས་སུ་བཅད་པས་གཟེངས་བསྟོད་པ་ནི།

འཇིག་རྟེན་མགོ་ནག་བོད་པས་མ་ཤེས་ཤིང་།།

སྟེང་འོག་ལྷ་མི་གང་གིས་མ་གསུངས་པའི།།

ཉམས་འགྱུར་སྙན་པའི་ངག་གམ་རྩོམ་ཡིག་ལ།།

རྣམ་དག་མཚན་ཉིད་གསར་པ་བདག་གིས་དྲན།།    ཞེས་པ་འདིའོ།



ཅི་སྟེ་ཁོ་བོར་དངོས་ཡོད་དབང་ཤུགས་ཀྱི་མཐུ་ནུས་དམིགས་བསལ་གྱིས་ལྡན་པའི་སྐྱེ་བོ་ཁྱད་ པར་དུ་འཕགས་པ་ཞིག་ཡིན་པར་གྱུར་ཚེ་ནི། གོང་གི་དོན་ཚན་གསུམ་པོ་འཁོད་པའི་རྡོ་རིང་དེ་ནི་ རྡ་སའི་རི་འདབས་ཀྱི་ལུང་ཁུག་འདིར་མི་སློང་བར། གདོང་དམར་བོད་པ་ཚང་གི་ཕུ་ནུ་མིང་སྲིང་ཚོ་ དགའ་ཞིང་སྤྲོ་བས་འཁོར་བའི་གནས་མཆོག་ཉི་མ་ལྷ་སའི་སྐྱེད་ཚལ་གྱི་གླིང་ཀ་ན། མེ་ཏོག་སྣ་ བརྒྱས་མཐའ་ནས་བསྐོར་ཞིང་གསེར་དངུལ་དང་རིན་པོ་ཆེའི་ཚོམ་བུ་རྣམ་པར་བཀྲ་བའི་གདུགས་དབུབ་སྟེ། རླབས་ཆེན་དང་བདེན་དོན་གྱི་ཆེད་དུ་སྲ་བརྟེན་འགྱུར་མེད་ཀྱི་ངོ་བོར་བསྒྲེངས་ འཛུགས་ཀྱི་བཤམས་སྟོན་བླ་ན་མེད་པ་ཞིག་བྱེད་ངེས་པ་ཡིན་ནོ།

ད་ནི་ངལ་གསོ་བའི་ཕྱིར་འགན་གྲུབ་པའི་ཚིགས་སུ་བཅད་པས་ཡོངས་སུ་འཇུག་བསྡུ་བ་ནི།

གཏམ་སྙན་བཅོས་མ་འགའ་ཡི་གཞི་རྐང་གཅིག།།

ཐོབ་ཆ་སྐར་གྲངས་འགའ་ཡི་མ་གནས་གཉིས།།

བསམ་བློ་ངོ་མ་འགའ་ཡི་འབབ་ས་གསུམ།།

ད་ནི་ལེགས་ཙམ་གྲུབ་པས་རང་སེམས་སྐྱིད།།   ཅེས་པ་འདིའོ།། །།


ཟུར་བལྟས་དེབ།

《རྩོམ་རིག་དང་མི》བྱ་གཞུང་དབྱངས་བྷ།

<<ཚང་སྲས་བཞད་སྒྲ>> བསེ་ཚང་བླ་བཟང་དཔལ་ལྡན། 

<< ང་ཚོའི"རྐང་ལམ་ཕྲ་མོ"ལས་ནར་སོན་པའི་དོན་འགྲུབ་རྒྱལ>>

<<དབྱངས་ཅན་དགྱེས་གླུ>>རྒྱལ་དབང་ལྔ་པ།

<<སྙན་གཞུང་ལས་དགོངས་པ་ཅན་གྱི་རྒྱན་བཤད་པ>>   མདོ་མཁར་བ་ཚེ་རིང་དབང་ཕྱུགས།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།