WedMarWed2017

སྤེལ་དུས་མཐའ་མ།06:49:09 AM GMT

རྩོམ་གསར།:

སངས་རྒྱས་ཆོས་ལུགས་མ་དར་གོང་གི་བོད་ཀྱི་ཆོས་ལུགས་སྐོར་གླེང་བ།

བོད་རྒྱལ་དང་པོ་གཉའ་ཁྲི་བཙན་པོ།

དེ་ཡང་གཉའ་ཁྲི་ནས་བཟུང་བོད་མི་རྣམས་ཀྱིས་བསམ་བློའི་གནད་དོན་ཐག་གཅོད་བྱེད་ཀྱི་རིགས་པའི་གཞུང་ལུགས་ཤིག་འབད་འབུངས་ཀྱིས་བཙལ་ཡོད་ནའང་མཐར་ཐུག་ཆོས་ལུགས་ཀྱི་འཚོ་བའི་ཁྲོད་དུ་ངམ་ངམ་ཤུགས་ཀྱིས་ཞུགས་ཡོད་པ་དང༌། དེའང་ཆོས་ལུགས་ག་འདྲ་ཞིག་དར་ཡོད་མེད་ཐད་ལོ་རྒྱུས་ཀྱི་འཕེལ་འགྲིབ་དང་ཞིབ་མཇུག་གི་བྱེད་ཐབས་ཀྱི་རྐྱེན་པས་གླེང་གའི་གསལ་པོ་ཞིག་བྱུང་ཐུབ་མེད།

ད་ལྟའི་ཆར་བརྗོད་བཞིན་པ་ནི་བོད་ཀྱི་གདོད་མའི་ཆོས་ལུགས་ཏེ་རིགས་པའི་གཞུང་ལུགས་མ་གྲུབ་ཅིང་དམངས་ཁྲོད་དུ་དར་བའི་ཆོ་གའི་རང་བཞིན་ཅན་གྱི་ཆོས་ལུགས་དང་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་གཉིས་ལྷན་དུ་བསྲེས་པའི་བོན་པོའམ་ཡང་ན་ནང་བསྟན་ཆོས་ལུགས་ཀྱི་བྱེ་བྲག་ཏུ་གྱུར་པའི་བོན་པོའི་ཆོས་དེ་ཡིན་པ་དང༌། བོན་པོ་ཟེར་བ་ནི་ལོ་རྒྱུས་ཐོག་ཡང་སྙིང་ཆོས་ལུགས་གང་འདྲ་ཞིག་ལ་ངོས་འཛིན་དགོས་མིན་ཐད་དཔྱད་བརྗོད་བྱས་པའི་རྩོམ་ཡིག་ནི་ངེད་ཅག་གི་མཐོང་ཐོས་ཡུལ་ལས་འདས། དེར་བརྟེན་ངེད་ཅག་གི་ད་ལྟའི་ངོས་འཛིན་དེ་ཡང་སྐབས་རེར་ཆོས་འབྱུང་ལོ་རྒྱུས་ཀྱི་ཟིན་ཐོ་དེ་དང་དབྱེ་མཚམས་རིང་དུ་འགྲོ་བཞིན་ཡོད་པ་རེད།

གལ་སྲིད་ང་ཚོས་ནོར་འཁྲུལ་དེ་ཡོ་བསྲང་བྱེད་དགོས་ཚེ་ངེས་པར་དུ་ལོ་རྒྱུས་ཐོག་བཞེད་ཚུལ་ཅི་ཡོད་ལ་ཐོག་མར་བརྟག་དཔྱད་བྱེད་དགོས་པ་དང༌། དེ་ནི་དྲིས་ལན་གསལ་པོ་ཞིག་རྙེད་བྱེད་ཀྱི་རྩ་བའི་ཐབས་ལམ་ཡང་རེད། དེ་བས་འདིར་ཆོས་འབྱུང་ལོ་རྒྱུས་ཐོག་བཀོད་པའི་ཟིན་ཐོ་དེ་རྣམས་རོབ་ཙམ་བཀོད་དེ་དབྱེ་ཞིབ་བྱེད་འདོད་པ་ནི། 《ལོ་རྒྱུས་ཡིད་འཕྲོག་གཏམ་གྱི་དགའ་སྟོན་》དུ་“གྲི་གུམ་བཙན་པོའི་ཡབ་ཡེ་ཁྲི་བཙན་པོའི་རིང་བརྡོལ་བོན་དར་བ་”①དང༌། 《ལྡེའུ་ཆོས་འབྱུང་》དུ་“དེའི་དུས་སུ་ཡུ་འགུར་སྣ་ས་སྣ་བ་བ་ན་མུ་སྟེགས་བྲེག་(བྱེ་བྲག་)པའི་བོན་པོ་ཝ་ཞ་བ་བྱ་གཅིག་ལ་བོན་བྱུང་སྟེ། རྫུ་འཕྲུལ་ཆེ་ནས། གནམ་ལ་ལྷབ་ལྷབ་འཕུར་ཞིང་ཁ་ནས་ཐོལ་ཐོལ་སྨྲ་”②ཞེས་དང༌། 《ཉང་ཆོས་འབྱུང་》དུ་“དེ་ནས་སྲིབས་ཁྲིའི་སྲས་གནམ་ཕྲུ་བོ་གཞུང་བཙན་ལྷའི་སྐུའི་རིང་ལ་གནམ་གྱི་རྡོར་བོན་བྱུང་སྟེ་ཨུ་རྒྱན་གྱི་ཚུ་རོལ། ཁ་ཆེ་ཡུལ་གྱི་ཕ་རོལ། སྟག་གཟིག་གི་བར་ན་ཡུལ་འགྱུར་སྣང་བར་སྣང་བྱ་བ་རུ་ས་འའི་བོན། མུ་སྟེགས་ཉི་ཚེ་བའི་སྟོན་པ་”③ཞེས་དང༌། ཡང་དེར་“ཨ་ཡ་ཆབ་ནག་བྱ་བ་གཅིག་བྱུང༌། དེ་རྒྱལ་པོས་སྤྱན་དྲངས་ནས་ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་བྱ་བ་གཅིག་བྱུང༌། བོད་ཡུལ་དུ་གྱེར་བོན་ལ་སྔ་བ་དེ་ཡིན་ནོ།

དེ་སྟོན་པའི་བཀའ་ནི་མ་ཡིན་སྐད། རེས་དགེ་བ་ཙུག་བྱེད། རེས་མི་དགེ་བ་ཙུག་བྱེད། བཞུགས་མ་རུང་སྟེ་རྒྱལ་པོ་རལ་གྲི་གླང་བྱས་སོ་བྱ་བ་ཀླད་ལ་བསྐོར་བས་འོད་ཀྱི་ལྷ་ཐག་ཆད་ལྷ་སྲིན་འཁྲུགས་ཏེ་ཐུགས་འགྱུར་ནས་ཁ་ཆེའི་རྒྱལ་པོ་ལ་དམག་དྲངས། གཡུལ་སྤྲད་དེ། བོད་རྒྱལ་ནས་ཚུར་ལོག་པ་དང་”④ཞེས་དང༌། 《དཀའ་ཡང་དག་པའི་ཚད་མའི་མདོ་》རུ་“པར་སིག་གཡོན་ཆེན་མར་མ་ནི། གཡོན་མི་བཟོད་པས་གཙུག་ལག་ཀུན་དང་མི་མཐུན་པ་གཅིག་བྱ་བའི་ཕྱིར་གཙུག་ལག་ཀུན་ནས་དྲངས་ཏེ་”⑤ཞེས་དང༌། 《བེ་རོའི་འདྲ་འབག་》ཏུ་“མུ་སྟེགས་བོན་དང་ཁྲ་མེན་མཁན་ལ་སོགས་”⑥ཞེས་དང༌། 《བོད་ཀྱི་རྒྱལ་པོའི་རབས་》སུ་“ཁྲི་ཡེས་བཙན་པོའི་རིང་ལ་སྲུང་དང་ལྡེབས་དང༌། གནམ་བོན་གཤེན་བོན་ཆེ་ཆུང་བྱུང༌། ཁྲི་གྲི་གུམ་བཙན་པོ་གྲོངས་ནས། སྤུ་ལྡེ་གུང་རྒྱལ་གྱི་རིང་ལ་ཞང་ཞུང་དང་བྲུ་ཤའི་བོན་པོས་གཤིན་གྱི་འདུར་བོན་བས་”⑦ཞེས་དང༌། 《སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་》རུ་“སྟེང་གཅིག་ནི་འོ་སྟེ་སྤུ་རྒྱལ་ལོ།

ངེའི་དུས་ཕན་པར་བྱེད་པའི་བོན་བྱུང་ངོ༌། དེའི་དུས་སུ་སོག་པོ་དང༌། སྟག་གཟིག་གི་ས་མཚམས། ཡུལ་གྲུབ་པར་ཞེས་བྱ་ན། མུ་སྟེག་བྱེ་བྲག་པ་ལས། གར་པའི་སྣང་བོན་པོ་གཤོགས་པོ་ཆེ་བྱ་བ་གཅིག་བྱུང་”⑧ཞེས་དང༌། 《བུ་སྟོན་ཆོས་འབྱུང་》དུ་“དེའི་སྲས་སྲི་ཁྲི་བཙན་པོ་དང་བདུན་ལ་ཁྲི་བདུན་ཟེར་འིང་ཐ་མ་དེའི་རིང་ལ་བརྡོལ་བོན་དར་རོ་”ཞེས་དང༌། ཡང་དེ་ཉིད་དུ་གཉའ་ཁྲི་བཙན་པོ་སྐུ་མཁར་ཡུམ་བུ་བླ་སྒང་བརྩིགས་པས་མཚོ་མི་གཤིན་གྱི་དཔུ་རྒྱལ་གྱི་བོན་བསྒྱུར་ཟེར། སུམ་པའི་བོན་པོ་ཨ་ཡོངས་རྒྱལ་བ་བཏུལ་⑨ཞེས་དང༌། 《ཀློང་ཆེན་ཆོས་འབྱུང་》དུ་“དེའི་སྲས་སྲིབས་ཁྲི་བཙན་པོ་དང་བདུན་ལ་ཁྲི་བདུན་ཟེར་ཏེ། ཐ་མ་དེ་རྣམས་ཀྱི་རིང་ལ་བརྡོལ་བོན་དར་རོ་”⑩ཞེས་དང༌། 《ཡར་ལུང་ཇོ་བོའི་ཆོས་འབྱུང་》དུ་“ཡབ་གྲི་གུམ་བཙན་པོའི་རིང་ལ་ཞང་ཞུང་དང༌། བྲུ་ཤའི་བོན་པོས་གཤིན་གྱི་དུར་བོན་བྱུང༌། ། སྲས་སྤུ་དེ་གུང་རྒྱལ་གྱི་རིང་ལ། སྐུ་མཁར་འཆིང་ང་རྟག་རྩེ་བརྩིགས། སྒྲུང་དང་ལྟེའུ་བྱུང༌། གནམ་བོན་གཤིན་པོ་ཆེ་བྱུང་ངོ་”⑾ཞེས་དང༌། 《དེབ་དམར་》དུ་“རྗེ་གཉའ་ཁྲི་བཙན་པོ་ཞེས་གྲངས་ཏེ། བོད་ཀྱི་རྒྱལ་པོ་ལ་སྔ་བ་དེ་ཡིན་ནོ། དེས་ལས་ཐབས་སུ་སྐུ་མཁར་འུན་བུ་བླ་སྒང་བརྩིགས། འཚེ་མི་བཤེན་གྱི་དམུ་རྒྱལ་གྱེས་བོན་བསྒྱུར། སུམ་པའི་བོན་པོ་ཨ་ཡོངས་རྒྱལ་བ་བཏུལ་ལོ་”⑿ཞིས་དང༌། 《རྦ་བཞེད་》དུ་“གྲི་གུམ་བཙན་པོའི་ཚེ་སྟོད་ལ་བོན་པོ་རྫུ་འཕྲུལ་ཅན་གྱིས་བོན་གྱི་དཔེ་ཆ་སྤེལ་བ་དང༌།”⒀ཞེས་དང༌། 《ལོ་རྒྱུས་སྣ་ཚོགས་》སུ་“དེ་ནས་རྒྱལ་པོ་སྤུག་དེ་གུང་རྒྱལ་ལྟེངས་ཅིག་བྱ་བ་བྱུང༌། འདི་ཡི་རིང་ལ་ཞང་ཞུང་དང༌། འབྲུ་ཤའི་བོན་པོས་གཤེན་གྱི་དུར་བོན་བྱུང”ཞེས་དང༌། ཡང་དེར་“དཔོན་ཆེན་པོ་ཟེར་བ་ཆོས་བྱུང་དུས། བཙུན་པའི་གཟུགས་སུ་བྱས་པ་རེ་ས་སྟེགས་ཀྱི་གཡས་སུ་སྡོད། བློན་ཆེན་པོ་རྣམས་ས་སྟེགས་ཀྱི་ཤོད་དུ་བསྡོད། རྒྱལ་པོ་བཞུགས་སར་བོན་ཆོག་པ་བྱ་བ་ལ། ལུས་ལ་སྟག་ལྤགས་གྱོན་ནས། མགོ་ལ་བའི་གསོབ་གྱོན་པ། རྔ་རྡུང་ཞིང་བཅོས་ཁ་བྱེད། མི་རྣམས་ཀྱང་ལྷ་འདྲེ་འཛེམ་ཞིང་མཆོད་པ་བྱེད། ཕག་བྱེད་ན་ལག་པ་ས་ལ་བཞག་ནས་མགོ་བསྒྱུར་ཙམ་བྱེད།”⒁ཅེས་དང༌། 《སྲོང་བཙན་སྒམ་པོའི་རྣམ་ཐར་》དུ་“ཞང་ཞུང་ནས་བོན་པོ་ལྷ་ལྡེམ་བྱ་བ་སྤྱན་དྲངས་ནས། ཨ་བོ་གནམ་ཀྱིས་བོན་དང༌། མོ་བསླབས། ནད་པ་ལ་མོ་འདེབས། བོན་བྱེད། ལྷ་གསོལ་འདྲེ་བརྡུང་བྱེད་དེ་བོན་ཡང་དར་རོ”⒂ཞེས་དང༌། 《ལ་དྭགས་རྒྱལ་རབས་》སུ་སྤུ་དེ་གུང་རྒྱལ་དུ་མཚན་གསོལ་རྒྱལ་པོ་དེའི་དུས་སུ་གཡུང་དྲུང་གི་བོན་བྱུང་ངོ་”(16)ཞེས་དང༌། 《རྒྱ་བོད་ཡིག་ཚང་ཆེན་མོ་》རུ་“ཡབ་གྲི་གུམ་བཙན་པོའི་རིང་ལ། ཞང་ཞུང་དང༌། བྲུ་ཤའི་བོན་པོས། གཤིན་གྱི་འདུར་བོན་བྱུང་ངོ༌། སྲས་སྤུ་དེ་གུང་རྒྱལ་གྱི་རིང་ལ། སྦྲུང་དང་འདེབས་བྱུང་ཞེང༌། གནམ་བོན་གཤེན་པོ་ཆེ་བྱ་བ་བྱུང་”(17)ཞེས་དང༌། 《རྒྱལ་རབས་གསལ་བའི་མེ་ལོང་》དུ་“སྤུ་དེ་གུང་རྒྱལ་གཡུང་དྲུང་གི་བོན་བྱུང་སྟེ། སྟོན་པ་གཤེན་རབ་མུ་བོ་བྱ་བ་སྟག་གཟིག་འོལ་མོའི་ལུང་རིང་སུ་སྐུ་འཁྲུངས། ཁམས་ཆེན་པོ་བརྒྱད་ལ་སོགས་པ་བོན་པོའི་ཆོས་ཐམས་ཅད། ཞང་ཞུང་གི་ཡུལ་ནས་བསྒྱུར་ཏེ། དར་ཞིང་རྒྱས་པར་མཛད་”(18)ཅེས་དང༌། 《དེབ་དམར་གསར་མ་》རུ་“པུ་དེ་གུང་རྒྱལ་འདིའི་དུས་སུ་མཐའ་ཁོབ་ཏ་ཟིག་གི་ཡུལ་དུ་སྐྱེས་པའི་སྟོན་པ་གཤེན་རབས་ཀྱིས་ཞང་ཞུང་གི་ཡུལ་ནས་བོན་བསྒྱུར་ཏེ་དར་བྱ་བས་པ་ཡིན་འདུག་”(19)ཅེས་དང༌། 《རི་བོ་རྩེ་ལྔའི་དཀར་ཆག》ཏུ་“སྔ་ནས་རི་བོ་འདིར་འཁོད་པའི་བོན་པོ་པེ་ལོའུ་དང༌། རི་གཉན་སྔའི་བོན་པོ་ཆུ་ཤན་ཤིན་ལ་སོགས་”(20)ཞེས་དང༌། 《འཛམ་གླིང་རྒྱས་བྱེད་》དུ་“ཏོ་ཟི་སྟེ་རྒྱ་བོན་དུ་གྲགས་པ་དང༌། ཏོར་ཟི་ལ་ཊིན་ཇུས་ཏོ་ཟེར་བ་དང༌། སྔ་མ་ནི་ཐེའི་ཤང་ལོ་ཅུན་ཟེར་བ་སྲིད་པ་འདི་ཆགས་དུས་ལྷ་ཞིག་ཡོད་པ་དེའི་སྤྲུལ་བ་ལོ་ཙི་ཟེར་བ་”(21)ཞེས་དང༌། 《རྒྱ་ནག་ཆོས་འབྱུང་》དུ་“སྤྱིར་བན་བོན་(དོའུ་ཟིའུ་འགྱུར་རྙིང་)བཞུ་(རིག་བྱེད་པ་)གསུམ་ལ་”ཞེས་དང༌། “བོན་སྟོན་ལོའུ་ཀྱུན་དང༌། བཞི་སྟོན་ཁོང་ཙི་”(22)ཞེས་དང༌། 《བཻ་རོའི་ལུང་བསྟན་》དུ་“རྒྱ་བོན་ཟིང་བ་མཐུ་ཆེན་”(23)ཞེས་དང༌།“དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་”སུ་“སྤུ་དེ་གུང་རྒྱལ་ཡབ་ཀྱི་རིང་ལ་ཞང་ཞུང་དང༌། བྲུ་ཤའི་གཤེན་གྱི་དུར་བོན་བྱུང་ཞིང༌། སྲས་ཀྱི་རིང་ལ་སྒྲུང་དང་ལྡེའུ་གནམ་བོན་གཤེན་པོ་ཆེ་བྱུང་(24)ཞེས་དང༌། 《སྟག་ལུང་ཆོས་འབྱུང་》དུ་“གྲི་གུམ་བཙན་པོ། འདིའི་རིང་ནས་བོན་དར་བྱ་ཁྲི་གནམ་བོན་དང་སྒྲུང་ལྡེའུ་བྱུང་”(25)ཞེས་དང༌། 《དམ་པའི་ཆོས་བྱུང་ཚུལ་རྒྱ་མཚོར་འཇུག་པའི་གྲུ་ཆེན་》དུ་“གྲི་གུང་དང་སྤུ་དེ་གུང་རྒྱལ་དེ་ཡབ་སྲས་དེ་གཉིས་རིང་ལ་གདོལ་བོན་དར་”(26)ཞེས་དང༌། 《བཀའ་ཆེམས་ཀ་ཁོལ་མ་》རུ་“སེ་བོན་པོ། སྨུ་བོན་པོ། ལྡོང་བོན་པོ། འོབ་བོན་པོ། སྒམ་ལྷ་བོན་པོ། འབྲོ་བོན་པོ། ཁྱུང་བོན་པོ། ཤེ་བོན་པོ། གཉེན་བོན་པོ། འཇག་བོན་པོ། ལྕོག་ལྷ་བོན་པོ་ལ་སོགས་པ་ཤེས་པ་མཁན་བཅུ་གཉིས་”(27)ཞེས་དང༌། 《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ་“གཉའ་ཁྲི་བཙན་པོ་བྱུང་……སུམ་པའི་བོན་པོ་ཨ་ཡོང་རྒྱལ་བ་བཏུལ……ཕྱི་མོས་མཚན་དུ་གྲི་གུམ་བཙན་པོར་གསོལ། །དེ་ཡི་བཙུན་མོ་གླུ་སྲིང་མེར་ལྕམ་ལ། །ཤ་ཁྲི་ཉ་ཁྲི་བྱ་ཁྲི་གསུམ་ཡང་བལྟམས། །དེ་ཚེ་རྒྱ་གར་ཡུལ་དང་སྟག་གཟིག་མཚམས། །གུ་ར་ཝ་ཏ་ཅེས་བའི་ཡུལ་ཁམས་ནས། ། མུ་སྟེགས་བོན་པོ་འ་ཞ་ཞེས་པ་བྱུང༌། །གནམ་བོན་གཤེན་པོ་ཆེ་དང་བོན་གཞུང་བྱུང༌། །གཤེན་ཡུལ་བོན་མོ་ལུང་རིང་ཞེས་ཟེར་བ་དབུས་ཀྱི་འོན་ཏུ་རུས་གཤེན་གྱི་བྱིས་པ་བོང་བུ་རྣ་བ་སྒྲིབ་པའི་ཕྱིར་བལ་ཐོད་བཅིངས་ཏེ་འདྲེ་མཆོད་པའི་རྡོལ་བོན་དར་”(28)ཞེས་དང༌། 《མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་》དུ་“གཉའ་ཁྲི་ནས་བོད་སྤྱིའི་རྒྱལ་པོར་མངའ་གསོལ་ཏེ༔ཆོས་ལུགས་ནི་བོན་དར༔འདིའི་སྐབས་སུ་བོན་ནང་པའི་བསྟན་པ་དར་བས་ཆོས་དང་ཚུལ་མཐུན ༔སྟོན་པ་ཤཱཀྱ་ཐུབ་པ་དང་སྟོན་པ་གཤེན་རབ་གཉིས་ངོ་བོ་གཅིག་ལ་རྣམ་པ་གཉིས་སུ་འདོད་ཅེས་དང༌། ཕྱིས་རྒྱུ་བོན་དང་བོན་ཕྱི་པས་བོད་ཁམས་ཕུངས་པར་བྱས་པ་དང་༔དེ་འདྲའི་བོན་ལ་༔མཆོད་གཡོག་པ་ཡིན་ཟེར་བའི་གཤེན་བོན་མང་པོས་གྲི་ཁུར༔བཀྲུ་བོན་ཡིན་ཟེར་བ་མང་པོས་གསེར་སྐྱོག་ནང་དུ་ཆུ་མང་པོ་ཁྱེར་ནས་ཤ་བ་སོགས་སེམས་ཅན་རྣམས་ལ་ཁྲུས་བཏབ༔ནག་བོན་ཡིན་ཟེར་བ་འགས་༔འབྲུ་ནག་བཏག༔ཞུ་བོན་ཡིན་ཟེར་བ་འགའ་ཞུ་བ་ཞུ་ལན་མང་པོ་ལྷ་འདྲེ་རྣམས་དང་བསྐོར༔གཤེན་བོན་རྣམས་ཀྱིས་ཤ་ཕོ་རུ་རྒྱང་ཡིན་ཟེར་ནས་ཤ་བའི་སྐེ་གཅོད་ནས་མཆོད༔བཤིག་བོན་ཡིན་ཟེར་བ་དེས་ཐམས་ཅད་སོ་སོར་བཤིག༔གསེ་བོན་ཡིན་ཟེར་བ་དེས་ཤ་རྣམས་གསེ་ནས་དེར་སྣང་བ་ཐམས་ཅད་ལ་འགྱེད་༔གྲངས་བོན་ཡིན་ཟེར་བ་དེས་བརྩི་༔ཞེས་དང་ཆོས་རྒྱལ་གྱི་གུ་རུའི་གསུང་ལྟར་བོན་དཔེ་རྣམས་ཕྱི་ནང་ཕྱེས༔ཕྱི་བོན་རྣམས་གཏེར་དུ་བཞག༔དེ་ནས་བོན་ནང་པ་རྣམས་ཞང་ཞུང་དང་བོད་ཀྱི་ས་མཐར་སྤྱུགས་”(29)ཞེས་དང༌། 《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ་》རུ་“རྒྱལ་པོ་མེས་དབོན་རྣམ་གསུམ་གྱི་རིང་ལ། རླངས་ཁམས་པ་གོ་ཆ་དང༌། རླངས་ཁམས་པ་བེ་རོ་དང་གཉིས་ཀྱིས། དམ་པའི་ཆོས་བོད་དུ་བསྒྱུར་བས་བོད་མུན་པའི་སྨག་རུམ་དུ་དམ་པའི་ཆོས་དང༌། གཡུང་དྲུང་བོན་གྱི་སྒྲོན་མེ་བཙུགས་”(30)ཞེས་དང༌། 《ལྟ་བའི་ཕྱོགས་སོ་》རུ་“བོན་ལ་གྲོ་དབོན་རྒོད་བོན་དབལ་བོན་གསུམ་གྱི་དབྱེ་བ་དང༌། ལི་ཁུ་གཤེན་རབས་མི་འོ་ཡིས། །ཧོས་རུ་དང་པའི་ནང་ཤེད་དུ་”(31)ཞེས་གསུངས་པ་སོགས་དཔྱད་གཞི་ཟིན་ཐོ་ལ་གཞིགས་ཚེ་“བོན་”ཟེར་བ་ནི་ད་ལྟའི་“ཆོས་ལུགས་”ཞེས་པའི་སྒྲ་སྦྱོར་དང་མཐུན་པ་སྟེ་དེ་ནི་གོང་དུ་ལུང་དྲངས་པའི་ཆོས་འབྱུང་ལོ་རྒྱུས་རྣམས་སུ་བཙན་པོའི་དུས་རབས་སུ་བོད་དུ་དར་བའི་ཆོས་ལུགས་ཀྱི་མིང་ལ་འབོད་སྟངས་འདྲ་མིན་སྣ་ཚོགས་ཤིག་ཡོད་པ་དེས་གསལ་བཤད་བྱེད་ཐུབ་པ་དང༌། ཆོས་ལུགས་དེར་གཞུང་ལུགས་ཅན་གྱི་ཆོས་ལུགས་དང་ཆོ་ག་ཅན་གྱི་ཆོས་ལུགས་གཉིས་ཡོད་པ་ལས་ཕྱི་མ་དེ་ནི་གཉའ་ཁྲི་བཙན་པོའི་གོང་ནས་བོད་ཡུལ་དུ་དར་ཡོད་པ་འདྲ་སྟེ་《ཉང་ཆོས་འབྱུང་》དུ་“འགམ་ལྷའི་སྲས། ཞང་ཞུང་བོན་པོ། འཚེ་མི་བོན་པོ། ཟེ་བ་བོན་པོ། ཟིངས་པ་བོན་པོ་དང༌། ཤེས་པ་མཁན་བཅུ་གཉིས་”(མཆན་①)ཞེས་འཁོད་ཡོད་པ་དང༌། གཉའ་ཁྲི་བཙན་པོ་གདན་འདྲེན་ཞུ་བའི་ལོ་རྒྱུས་དེས་མཚོན་ནུས། གཞུང་ལུགས་ཅན་གྱི་ཆོས་ལུགས་ནི་སྤྱི་ལོའི་དུས་རབས་དང་པོ་ཡས་མས་ཏེ་གྲི་གུམ་བཙན་པོའི་ཡབ་དང་ཡང་ན་སྲས་ཀྱི་རིང་ལ་དར་བ་འདྲ། ཞིབ་ཕྲའི་རྒྱུ་མཚན་ནི་《བོད་དུ་ནང་བསྟན་ཆོས་ལུགས་དར་བའི་ཐོག་མའི་དུས་ཚིགས་སྐོར་ལ་དཔྱད་པ་》ཞེས་པའི་རྩོམ་ཡིག་ཏུ་ཞུ་རྒྱུ་ཡིན་པས་དེར་གཟིགས་འཚལ། ཡིན་ཡང་སྐབས་དེ་དུས་དར་བའི་ཆོས་ལུགས་དེ་དག་བོད་རང་ནས་དར་བའམ་ཡང་ན་མི་རིགས་གཞན་གྱི་རིག་གནས་ཆོས་ལུགས་ཤིག་དང་ལེན་དང་སྒྲོག་སྤེལ་བྱས་པ་གང་ཡིན་སྐོར་ལ་དཔྱད་པ་གཏོང་རྒྱུ་ནི་གནད་དོན་ཡོད་ཚད་གསལ་བཤད་བྱ་བྱེད་ཀྱི་ལྡེ་མིག་ཉག་གཅིག་ཡིན་ནའང་དེའི་སྐོར་གྱི་དཔྱད་ཡིག་དཀོན་པའི་དབང་གིས་རེ་ཞིག་བཏང་སྙོམས་སུ་མི་འཇོག་དཀའ་མེད་བྱུང༌། འོ་ན་བོད་དུ་སངས་རྒྱས་ཆོས་ལུགས་མ་དར་གོང་དོན་དངོས་སུ་ཆོས་ལུགས་རིགས་འདྲ་མིན་ག་ཚོད་དར་ཡོད་དམ་ཟེར་ན། ང་ཚོས་གོང་དུ་དྲངས་པའི་ཆོས་འབྱུང་ལོ་རྒྱུས་ཀྱི་ཟིན་ཐོ་དེ་དག་ལ་དཔྱད་ཞིབ་བྱེད་སྐབས་སངས་རྒྱས་ཆོས་ལུགས་མ་དར་གོང་བོད་དུ་ཉུང་ནའང་ཆོས་ལུགས་རིགས་མི་འདྲ་བ་ཁག་གསུམ་དར་ཡོད་པ་ནི་པར་སིག་གི་ཙ་ར་ཚེའུ་སེ་ཁྲའི་ཆོས་ལུགས་《查拉图斯特拉教》དང༌། མ་ནིའི་ཆོས་ལུགས《摩尼教》རྒྱ་ནག་ཏུ་དར་བའི་ཏའོ་ཅའོ་ཆོས་ལུགས་《道教》གསུམ་ཡིན་པ་འདྲ། ཕྱི་མ་དེའི་རྒྱུ་མཚན་ནི་《བོད་ཀྱི་རྒྱལ་པོའི་རབས་》སུ་“འདུར་བོན་”ཟེར་བ་དང༌། 《ལོ་རྒྱུས་སྣ་ཚོགས་》སུ་“གཤེན་གྱི་དུར་བོན་”ཟེར་བ། 《དམ་པའི་ཆོས་བྱུང་ཚུལ་རྒྱ་མཚོར་འཇུག་པའི་གྲུ་ཆེན་》དུ་“གདོལ་བོད་”ཟེར་བ། 《བུ་སྟོན་ཆོས་འབྱུང་》དང་《ཀློང་ཆེན་ཆོས་འབྱུང་》དུ་“བརྡོལ་བོན་”ཟེར་བ་དང་རྡོར་བོན་ཞེས་སྒྲ་སྦྱོར་སྟངས་མི་འདྲ་བ་སྣ་ཚོགས་ཡོད་པ་དེ་དག་ནི་དེ་སྔ་རྒྱ་ནག་ཏུ་དར་བའི་ཆོས་ལུགས་“ཏའོ་ཅོའོ་”ཞེས་པའི་སྒྲ་དང་འདྲ་པོ་ཡོད་པ་དང་གཅིག གཉིས་སུ་དུས་རབས་བཅོ་ལྔ་པའི་རྗེས་ནས་བཟུང་བོད་ཀྱི་ཆོས་ལུགས་པ་ཚོས་རྒྱ་ནག་དང་ཉེ་འབྲེལ་མི་རིགས་ཁག་གི་ཆོས་འབྱུང་ལོ་རྒྱུས་ཁག་ལ་གཟིགས་རྟོག་གི་གོ་སྐབས་བྱུང་སྟེ་ཤེས་བྱའི་ཁྱབ་ཁོངས་རྒྱ་ཆེར་ཕྱིན་པར་བརྟེན་ནས་དེ་སྔ་གསལ་པོ་མེད་པ་ཉིད་གསལ་པོར་བཟོས་ཡོད་པ་དང༌། སྐབས་བབས་ཀྱི་བརྗོད་དོན་ལ་མཚོན་ནའང་གོང་གསལ་《རི་བོ་རྩེ་ལྔའི་དཀར་ཆག》དང་“འཛམ་གླིང་རྒྱས་བྱེད་”གཉིས་ཀྱི་ལུང་ཚིག་དེས་སྒྲུབ་ནུས་པ་མ་ཟད་《རྒྱ་ནག་ཆོས་འབྱུང་》དུ་“བོན་”ནི་དོའུ་ཟིའུ་འགྱུར་རྙིང་ཡིན་པར་གསུངས་པ་དང་དོའུ་ཟིའུ་ནི་ཏའོ་ཅའོ་ཆོས་ལུགས་ཀྱི་སྒྲའི་སྦྱོར་བ་ཡིན་པར་《རྒྱ་ནག་ཆོས་འབྱུང་》རང་དུ་གསལ། གཞན་《ཐུའུ་བཀྭན་གྲུབ་མཐའ་》རུའང་“ལོའུ་ཀྱུན་འདི་བོན་གྱི་སྟོན་པ་གཤེན་རབ་དང་གཅིག་ཅེས་བདག་གི་བླ་མ་ཐམས་ཅད་མཁྱེན་པས་གསུངས་ཏེ། རྒྱའི་སྐད་དུ་སྐྱེས་མཆོག་ལ་བན་ཤེང་ཟེར་བའི་ཤུན་སྒྲ་ཟུར་ཉམས་པས་གཤེན་ཞེས་བོས་པར་སེམས་སོ་”(32)ཞེས་དང༌། 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ་》རུ་“ལེགས་ཏང་རྨང་པོས་རྒྱ་ནག་གཤེན་པོ་གཙུག་ལག་དཔལ་དགེ་དང༌། བ་གོར་བེ་རོ་ཙ་ན་གཉིས་ལ་བསྒྱུར་ཏེ་རྒྱ་ནག་ཏུ་དར་རོ་”(33)ཞེས་དང༌། 《གཡུང་དྲུང་བོན་གྱི་དཀར་ཆག》ཏུ་“བ་གོ་མཁས་པ་རིན་ཆེན་བློ་གསལ་གྱིས། རྒྱ་གར་རྒྱ་ནག་ཡུལ་ཀུན་རྣམ་པར་བགྲོད། ལྷ་བདག་སྔགས་གྲོལ་ལེགས་ཏང་རྨང་པོ་ལ། པྱི་ནང་གསང་བའི་བོན་སྒོ་མང་དུ་ཞུས་”(34)ཞེས་བོན་རང་གི་མཁས་པ་ཚོས་གསུངས་ཡོད་པ་ངེ་དག་ནི་ཏའོ་ཅའོ་ཆོས་ལུགས་དེ་ཉིད་བོད་ཡུལ་དུ་དར་མྱོང་བའི་སྒྲུབ་བྱེད་ཅིག་རེད། འོན་ཏེ་གཤེན་ཞེས་པའི་ངོན་ནི་བན་ཤེང་(先生)གི་སྒྲ་དོན་ཡིན་མིན་ནི་མཐའ་གཅིག་ཏུ་ངེས་པ་མི་འདུག་པས་གཤམ་དུ་ཞུ་རྒྱུ་ཡིན་ལ། ལེགས་ཏང་རྨང་པོ་ནི་ལོའུ་ཙིའམ་ལོའུ་ཀྱུན་གྱི་མིང་དང་རུས་སྦྱར་བ་འདྲ་སྟེ་རྒྱའི་ཡི་གེར་(李聃名尔)ཞེས་དང༌། ཟིང་བ་མཐུ་ཆེན་ནི་རྒྱ་ཡིག་གི་(太上老君)ཞེས་པའི་དོན་བསྒྱུར་བ་མིན་ནམ་སྙམ།

ཙ་ར་ཚེའུ་སེ་ཁྲའི་ཆོས་ལུགས་དེ་ཉིད་བོད་དུ་དར་བ་ནི།《ལྡེའུ་ཆོས་འབྱུང་》དུ་“ཝ་འ་བོན་”ཟེར་བ་དང༌། 《ཉང་ཆོས་འབྱུང་》དུ་“ས་ཞའི་བོན་”ཟེར་བ། 《བོད་ཀྱི་རྒྱལ་པོའི་རབས་》སུ་“གནམ་བོན་གཤེན་བོན་ཆེ་ཆུང་བྱུང་”ཟེར་བ་དེ་ནི་ཙ་ར་ཚེའུ་སེ་ཁྲའི་ཆོས་ལུགས་དེ་ཉིད་བོད་དུ་དར་མྱོང་བའི་སྒྲུབ་བྱེད་འདྲ་སྟེ་ཝ་ཞ་བོན་དང་ས་ཞ་བོན་ཞེས་པའི་ཐ་སྙད་ལ་བརྟེན་ནས་གསལ་བཤད་བྱེད་ཁག་པོ་ཡོད་ནའང་གནམ་བོན་དང་གཤེན་བོན་ཞེས་པ་ནི་ཙ་ར་ཚེའུ་སེ་ཁྲའི་ཆོས་ལུགས་དེ་ཉིད་གསལ་པོར་བྱ་བྱེད་ཀྱི་ཐ་སྙད་འགངས་ཆེན་ཞིག་རེད་དེ་དེ་ལ་གནམ་བོན་ཟེར་དོན་ནི་ཆོས་ལུགས་འདིས་ཉི་ཟླ་སྐར་གསུམ་ལ་དད་མོས་བྱེད་པ་དང༌། གཤེན་བོན་ཟེར་བ་ནི་རྒྱའི་ཡི་གེ་(袄教)ཞེས་པའི་སྐད་དོད་ཡིན་པ་འདྲ་སྟེ་《ཆོས་ལུགས་ཚིག་མཛོད་ཆེན་མོ་》རུ་(袄)ནི་ལྷ་ཡི་མིང་བསྡུས་པ་དང་ངེ་ནི་ཕྱི་རྒྱལ་གྱི་ལྷའི་མིང་འབོད་སྟངས་ཤིག་རེད། 袄 གྱི་ཡི་གེ་དེ་ཐོག་མར་ལིང་ཏ་ཐུང་(梁大同)གིས་སྤྱི་ལོ་༥༤༣ལོར་བྲིས་པའི་《གཡུ་ཡི་ལེའུ་》རུ་袄ནི་ཧེ་ཡི་ལྷ་རེད་(35)ཅེས་འཁོད་ཡོད་པ་དང༌། སྐབས་དེའི་ཧེ་ནི་ཧེ་མི་སྟེ་ཏུན་ཧོང་ནས་ཐོན་པའི་གནའ་བོའི་ཡིག་ཆ་ཞིག་ཏུ་“བོད་གྱིས་ནི་ཧེ་ཞེས་བགྱི། །རྒྱའི་ནི་ཧེ་ཙེ་དྲུགུ་ནི་དད་པྱི་ཞེས་བགྱི་བ་”(36)དེ་རེད། གཞན་《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ་“བོང་བུའི་རྣ་བ”ཟེར་བ་དང་“ཙ་ར་ཚེའུ་སེ་ཁྲའི་”དོན་ནི་རྔ་མོང་རྒན་པའི་དོན་དུ་(37)བརྗོད་པ་དེ་གཉིས་དབར་དུ་རིགས་བསྒྲེ་བའི་རྒྱུ་མཚན་འིག་ཡོད་པ་དེ་དག་ནི་ཙ་ར་ཚེའུ་སེ་ཁྲའི་ཆོས་ལུགས་དེ་ཉིད་བོད་ཡུལ་དུ་དར་མྱོང་བའི་སྒྲུབ་བྱེད་ཅིག་ཡིན་འིང༌། 《ཏུན་ཧོང་གི་ཡིག་ཆ་》རུ་“ཧེ”དང་《ལྟ་བ་ཕྱོགས་སོ་》བྱ་བ་རུ་“ཧོས་”ཟེར་བ་གཉིས་ཀྱི་དབར་དུ་སྒྲ་མཐུན་གྱི་འབྲེལ་བ་ཁིག་ཡོད་པ་སྟེ་གལ་སྲིད་ཡི་གེའི་འགྱུར་ཙམ་གྱི་ཁྱད་པར་ཡིན་ན་དེ་ནི་པར་སིག་གམ་ད་ལྟའི་དབྱི་རན་དེ་ཡིན་པས་ཡོད་ཚད་ལ་གསལ་བཤད་བྱེད་ཐུབ། (མཆན②) 《ཉང་ཆོས་འབྱུང་》དུ་“ཨུ་རྒྱན་གྱི་ཚུ་རོལ། ཁ་ཆེའི་ཡུལ་གྱི་ཕ་རོལ། སྟག་གཟིག་གི་བར་”ཞེས་པའང་དེང་དུས་འཛམ་གླིང་དབུས་ཤར་中东དང་བར་ཐག་ཉེ་བའི་དབྱི་རན་མིན་ནམ་ཡང་སྙམ་སྟེ་དེ་ལྟ་ཡིན་ན་ཙ་ར་ཚེའུ་སེ་ཁྲའི་ཕ་ཡུལ་ཉིད་དབྱི་རན་གྱི་ཤར་ཕྱོགས་ཡིན་པར་འདོད་པ་དང༌། 《ཆོས་འབྱུང་མཁས་པའི་དགའ་སྟོན་》དུའང་“དབུས་”ཞེས་གསུངས་པ་ལྟར་རོ། དེ་མིན་ཨུ་རྒྱན་ཡུལ་ཞེས་པའི་“ཨུ་དང་” 《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ་“འོན་”ཞེས་པའི་བར་དུ་སྒྲ་སྦྱོར་མཐུན་པའི་འབྲེལ་བ་ཞིག་ཡོད་པ་དེའང་ཆོས་ལུགས་དེ་ཉིད་བོད་ཡུལ་དུ་དར་མྱོང་བའི་སྒྲུབ་བྱེད་ཅིག་ཡིན་པ་མ་ཟད་ངེས་པར་བརྟག་དཔྱད་བྱེད་དགོས་པའི་གནད་ཀ་ཞིག་ཀྱང་རེད།

མ་ནིའི་ཆོས་ལུགས་བོད་དུ་དར་བའི་སྐོར་ནི་བདག་གི་དཔྱད་རྩོམ་《འཁྱར་བོན་དང་མ་ནིའི་ཆོས་ལུགས་དབར་གྱི་འབྲེལ་བའི་སྐོར་གྱི་ཐོག་མའི་དཔྱད་པ་》(38)ཞེས་པ་རུ་གསལ་བས་དཔྱད་རྩོམ་དེར་གཟིགས་རྟོགས་ཡོད་པ་འཚལ། མདོར་ན་སངས་རྒྱས་ཆོས་ལུགས་མ་དར་གོང་ཆོས་ལུགས་འདྲ་མིན་སྣ་ཚོགས་ཤིག་བོད་དུ་དར་ཡོད་པ་ནི་གོང་དུ་དྲངས་པའི་ཡིག་ཆ་དེ་དག་གིས་སྒྲུབ་ནུས་ཤིང༌། ང་ཚོས་ངོས་འཛིན་ཐུབ་པའི་ཏའོ་ཅའོ་ཆོས་ལུགས་དང༌། ཙ་ར་ཚེའུ་སེ་ཁྲའི་ཆོས་ལུགས། མ་ནིའི་ཆོས་ལུགས་ལས་གཞན་ད་དུང་བརྟག་དཔྱད་བྱ་རྒྱུར་ལུས་བསྡད་ཡོད་པ་ནི། 《ཉང་ཆོས་འབྱུང་》དུ་བཀོད་པའི་“གྱེར་བོན་”དང༌། 《མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་》དུ་བཀོད་པའི་“རྒྱུ་བོན་”དང༌། 《ལོ་རྒྱུས་སྣ་ཚོགས་》སུ་“དཔོན་ཆེན་པོའི་ཆོས་”ཞེས་གསུངས་པ་དེ་རྣམས་ཡང་སྙིང་ཆོས་ལུགས་གང་ཞིག་ཡིན་མིན་ཡིན་པ་མ་ཟད་ཆོས་ལུགས་དེ་དག་ཇི་ལྟར་བོད་ཡུལ་དུ་དར་བ་དང༌། ཆོས་ལུགས་དེ་དག་བོད་མི་རིགས་དང་ཡང་ན་བཙན་པོའི་མི་རྒྱུད་ཀྱིས་ནང་འདྲེན་བྱས་པ་རེད་དམ་ཡང་ན་ཆོས་ལུགས་སྒྲོག་སྤེལ་མཁན་གྱིས་དར་སྤེལ་བྱས་པ་གང་ཡིན་སྐོར་ལ་དཔྱད་པ་གཏོང་ཐུབ་ཚེ་དེ་ནི་གླེང་གའི་འདི་ཉིད་གསལ་པོར་བཟོ་བྱེད་ཀྱི་རྩ་བའི་ཆ་རྐྱེན་ཞིག་རེད་ཅེས་རྩོམ་ཡིག་མཇུག་བསྡུ་བའི་ཆེད་དུ་ཞུའོ། །

མཆན། ①
《དཀའ་ཆེམས་ཀ་ཁོལ་མ་》རུ་“ལྕོག་ལྷ་བོན་པོ་ལ་སོགས་པ་ཤེས་པ་མཁན་བཅུ་གཉིས་”ཞེས་གསུངས་པ་ནི་བོན་པོ་སྟེ་ཆོས་ལུགས་ཀྱི་དོན་ཡིན་མིན་ལ་བརྟག་པར་བྱ་བ་འདི་ཡོད་དེ། 《ལྡེའུ་ཆོས་འབྱུང》དུ་ཤེས་པ་མཁན་བཅུ་གཉིས་དྲངས་པའི་སྐབས་“ཤེས་པ་མཁན་བཅུ་གཉིས་ནི་ཨ་མི་སྟེ་རེ། ཨི་མ་ཡེ་ཤེས་ཚུལ་ཡང་དགོངས་དགེ་འདུན་ལ་སོགས་པ་ཤེས་པ་མཁན་བཅུ་གཉིས་”ཞེས་དང༌། 《ཉང་ཆོས་འབྱུང》དུ་”འགམ་ལྷའི་སྲས། དམུ་བོན་པོ། ཅོ་ལ་བོན་པོ། འང་ཞུང་བོན་པོ། འཚེ་མི་བོན་པོ། ཟེ་བ་བོན་པོ། ཟིངས་པ་བོན་པོ་དང་ཤེས་པ་མཁན་བཅུ་གཉིས་”ཞེས་དང༌། 《རྒྱལ་རབས་གསེར་གྱི་ཕྲེང་བ》རུ་“དེ་ལིང་པ་རྣམས་ཀྱིས་མཐོང་ནས་ཁྱོད་སུ་ཡིན་བྱས་པས། བཙན་པོ་ཟེར། ཞེས་དམིགས་སུ་དེ་ལིང་པའི་སྒྲ་སྦྱར་ཡོད་པ་དང༌། 《ལོ་རྒྱུས་སྣ་ཚོགས》སུ་“འཁོར་ཡོན་ཏན་ཤེས་པ་མཁན་བཅུ་གཉིས་”ཞེས་དང༌། 《ཡར་ལུང་ཇོ་བོའི་ཆོས་འབྱུང》དུ་“དུས་དེར་བོན་པོ་ལ་སོགས་པ་ཡོན་ཏན་ཅན་གྱི་མི་བཅུ་གཉིས་ཕྱུགས་སྐྱོང་བས་མཐོང་སྟེ་”ཞེས་དང༌། 《སྟག་ལུང་ཆོས་འབྱུང》དུ་“བོད་མི་སྐལ་ལྡན་འགས་རྙེད་དེ་”ཞེས་དང༌། 《རྒྱལ་རབས་གསལ་བའི་མེ་ལོང》དུ་“ཕྱུགས་སྐྱོང་བའི་རྫིའུ་རྣམས་ཀྱིས་མཐོང་སྟེ་”ཞེས་གསུངས་ཡོད་པ་དང༌། ལྷག་པར་དུ་《དཀའ་ཆེམས་ཀ་ཁོལ་མ》དང་《ཉང་ཆོས་འབྱུང》གཉིས་སུ་སེ་དང༌། སྨུ། ལྡོང༌། སྟོང་སོགས་བོད་ཀྱི་རུས་ཡིན་པར་གསུངས་ཡོད་པའི་ཕྱོར་རོ།

མཆན། ②
བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༡༩༩༦ལོའི་ཟླ་༡༡པར་བསྐྲུན་པའི་《བོན་གྱི་ཐ་སྙད་རིག་གནས་བསྟན་བཅོས་ཕྱོགས་སྒྲིག》བྱ་བའི་ཤོག་ངོས་༡༦༢པར། “ཧོས་ཞེས་བོན་དང་ཧོས་རུ་(འཁར་གསིལ་ཧོས་རུ་གསིལ་བ་ཞེས་)ཧོས་ཁང་(གསས་ཁང་ངམ་དཀྱིལ་འཁོར་ལ་འཇུག)དང༌། ཧོས་བཟའ་རྒྱལ་མེད་མ་(སྟོན་པའི་བཙུན་མོ་)དང་ཧོས་ཀྱི་རིགས་(རྒྱལ་པོ་ཧོས་དང་བ་ཡི་རིང་)། ”ཞེས་ཧོས་ཀྱི་བོན་ཏེ་དེའང་གསལ་པོར་བཤད་ན་“བོན་”ཞེས་པའི་ཆོས་ལུགས་ཀྱི་འབྱུང་ཁུངས་ནི་ཧོས་ཞེས་པའི་ཡུལ་ཡིན་པར་བསྟན་པ་རེད། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྒྲུན་ཁང་གིས་༡༩༩༣ལོའི་ཟླ་༡༢པར་བསྐྲུན་པའི་《གཡུང་དྲུང་བོན་གྱི་བཀའ་འགྱུར་དཀར་ཆག》ཤོག་ངོས་༢༨༨པར་“དམུ་རྗེ་ཤག རིགས་ཧོས་དང་དཔོ་རིགས་དང༌། །ཧ་ཤང་རྒྱ་དང་གཉན་དྲུག་སྲིད་པ་ཡིན།”ཞེས་པའི་དོན་ལ་བརྟག་ཚེ་ཧོས་ཟེར་བ་ནི་མི་རིགས་ཤིག་དང་ཡང་ན་མི་རིགས་ཤིག་གནས་པའི་ཡུལ་ལ་ངོས་འཛིན་གྱི་མེད་དམ་སྙམ་མོ། ཕྲིན་ཡོན་གྱིས་བསྒྲིགས་ཤིང་ཀྲུང་ཧྭ་མིན་གོ་༡༩ལོའི་ཟླ་༥པར་བསྐྲུན་པའི་《ཀྲུང་གོ་དང་ནུབ་ཕྱོགས་ཀྱི་འགྲིམ་འགྲུལ་ཡིག་ཆ་བདམས་བསྒྲིགས།》(དཔེ་ཚོགས་)དེབ་༥པའི་ཤོག་ངོས་༢༧༤པར། དབྱིན་ཇིའི་uighursརྒྱ་ཡིག་ཏུ་འབྲི་ཚུལ་ཁ་ཤས་ཡོད་ནའང་དོན་དུ་ད་ལྟའི་ཤིན་ཅང་དང་ཐ་ཅི་ཀི་སི་ཐེན་ལ་ངོས་འཛིན་པ་དང༌། དེའི་གཏམ་རྒྱུད་ནི་འདི་ལྟ་སྟེ། མི་རིགས་དེ་གནའ་སྔ་མོར་སོག་པོའི་ཧུ་ལན་རི་བོར་(和林山)གནས་ཡོད་པ་དང༌། ཐང་ཝུའུ་ཙོང་(唐武宗)གི་སྐབས་སུ་མི་རིགས་དེ་ཕྱོགས་གཉིས་སུ་མཆེད་དེ་ཁ་ཤས་ཤིག་འུ་ཏེན་ཏེ་ད་ལྟའི་ཤིན་ཅང་དུ་གནས་སྤོར་བ་དང༌། ཁ་ཤས་ཤིག་ཐ་ཅི་ཀི་སི་ཐེན་དུ་གཞིས་ཆགས་པ་རེད། ཅེས་དང༌། ཡང་དཔེ་ཚོགས་དེའི་དེབ་༤པའི་ཤོག་ངོས་༡༤༧པར་ཧོས་ཧུ་ཞེས་པའི་མི་རིགས་དེ་ཐང་ཝུའུ་ཙོང་གི་དུས་བོད་དུའང་སླེབས་པར་བཤད། ཧྲང་ཧད་ཚིག་མཛོད་དཔེ་སྐྲུན་ཁང་གིས་༡༩༩༨ལོའི་ཟླ་༨པར་བསྐྲུན་པའི་《ཆོས་ལུགས་ཚིག་མཛོད་ཆེན་མོ།》ཡི་ཤོག་ངོས་༣༣༡པར་“སུང་བྱང་མའི་རྒྱལ་རབས་སུ་”ཧོས་ཧོས་ཏེ་ད་ལྟའི་ཤིན་ཅང་དུ་ངོས་འཛིན་པ་དང༌། 《ལོའོ་རྒྱལ་རབས།》སུ་“ཧོས་ཧོས་ད་སྲེ་སྡེ་པ་”ཞེས་པ་སོགས་ལ་གཞིགས་ཚེའང་ཧོས་ཞེས་པའི་ཡུལ་ནི་བོད་དང་ཐག་ཉེ་བའི་ཁུལ་གྱི་མི་རིགས་ཤིག་ཡིན་པ་གསལ་བཤད་བྱེད་ཐུབ།

དཔྱད་གཞིའི་ཡིག་ཆའི་སྐོར།
①ལག་བྲིས་མ་《ལོ་རྒྱུས་ཡིད་འཕྲོག་གཏམ་གྱི་དགའ་སྟོན།》(སྣ་ཐུང༌།)ཤོག་ངོས་༦པར་གསལ།
②བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་གིས་༡༩༨༧ལོའི་ཟླ་༦པར་བསྐྲུན་པའི་《ལྡེའུ་ཆོས་འབྱུང༌།》ཤོག་ངོས་༢༤༤པར་གསལ།
③ ④བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་གིས་༡༩༨༨ལོའི་ཟླ་༣པར་བསྐྲུན་པའི་《ཉང་ཆོས་འབྱུང༌།》གི་ཤོག་ངོས་༡༦༠ —༡༦༡པར་གསལ།
⑤སྡེ་དགེ་ཤིང་པར་མ་《བཀའ་ཡང་དག་པའི་ཚད་མའི་མདོ།》(བསྟན་འགྱུར་སྣ་ཚོགས་ཅོ་པ།)(སྣ་རིང༌།)ཤོག་ངོས་༢༠༢པར་གསལ།
⑥སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་༡༩༩༥ལོའི་ཟླ་༡༡པར་བསྐྲུན་པའི་《བེ་རོའི་འདྲ་འབག》ཤོག་ངོས་༡༦༣པར་གསལ།
⑦ལག་བྲིས་མ་《བོད་ཀྱི་རྒྱལ་པོའི་རབས》(སྣ་ཐུང༌།)ཤོག་ངོས་༥པར་གསལ།
⑧བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༡༩༩༠ལོའི་ཟླ་༤པར་བསྐྲུན་པའི་《བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ།》ཤོག་ངོས་༥པར་གསལ།
⑨ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་༡༩༨༨ལོའི་ཟླ་པར་བསྐྲུན་པའི་《བུ་སྟོན་ཆོས་འབྱུང༌།》ཤོག་ངོས་༡༨༡པར་གསལ།
⑩བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༡༩༩༡ལོའི་ཟླ་༨པར་བསྐྲུན་པའི་《ཀློང་ཆེན་ཆོས་འབྱུང༌།》ཤོག་ངོས་༢༡༧པར་གསལ།
(11)སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༨ལོའི་ཟླ་༣པར་བསྐྲུན་པའི་《ཡར་ལུང་ཇོ་བོའི་ཆོས་འབྱུང༌།》ཤོག་ངོས་༤༥པར་གསལ།
(12)མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༡ལོའི་ཟླ་༡༠པར་བསྐྲུན་པའི་《དེབ་དམར།》ཤོག་ངོས་༣༣པར་གསལ།
(13)ལག་བྲིས་མ་《རྦ་བཞེད།》(སྣ་ཐུང༌།)ཤོག་ངོས་༩པར་གསལ།
(14)ལག་བྲིས་མ་《ལོ་རྐྱུས་སྣ་ཚོགས།》(སྣ་ཐུང་)ཤོག་ངོས་༦༡པར་གསལ།
(15)ལག་བྲིས་མ་《སྲོང་བཙན་སྒམ་པོའི་རྣམ་ཐར།》(སྣ་རིང་)ཤོག་ངོས་༡༦པར་གསལ།
(16)བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་༡༩༨༧ལོའི་ཟླ་༦པར་བསྐྲུན་པའི་《ལ་དྭགས་རྒྱལ་རབས།》ཤོག་ངོས་༢༨པར་གསལ་ཞིང་དཔེ་དེབ་འདི་དང་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༡༩༩༠ལོའི་ཟླ་༤པར་བསྐྲུན་པའི་《བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ།》ཞེས་པའི་ནང་ཀ་ཐོག་རིག་འཛིན་ཚེ་དབང་ནོར་པོས་བརྩམས་པར་གྲགས་པའི་《བོད་ཀྱི་རྒྱལ་རབས་གསེར་གྱི་ཕྲེང་བ།》གཉིས་ཕལ་ཆེར་དཔེ་དེབ་གཅིག་ཡིན་པ་འདྲ།
(17)ཤིང་པར་མ་《རྒྱ་བོད་ཡིག་ཚང་ཆེན་མོ།》(སྣ་རིང༌།)ཤོག་ངོས་༩༥—༩༦པར་གསལ།
(18)མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༡ལོའི་ཟླ་༥པར་བསྐྲུན་པའི་《རྒྱལ་རབས་གསལ་བའི་མེ་ལོང༌།》(ཤོག་ངོས་)༥༧པར་གསལ།
(19)བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་༡༩༨༢ལོའི་ཟླ་༦པར་བསྐྲུན་པའི་《དེབ་དམར་གསར་མ།》ཤོག་ངོས་༡༧པར་གསལ།
(20)བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་༡༩༨༦ལོའི་ཟླ་༥པར་བསྐྲུན་པའི་《རི་བོ་རྩེ་ལྔའི་དཀར་ཆག》ཤོག་ངོས་༣༧པར་གསལ།
(21)བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་༡༩༨༣ལོའི་ཟླ་༥པར་བསྐྲུན་པའི་《འཛམ་གླིང་རྒྱས་བཤད།》ཤོག་ངོས་༧༨པར་གསལ།
(22)སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༣ལོའི་ཟླ་༤པར་བསྐྲུན་པའི་《རྒྱ་ནག་ཆོས་འབྱུང༌།》ཤོག་ངོས་༥༨—༦༡པར་གསལ།
(23)མགོ་ལོག་ཁུལ་ཡུལ་སྐོར་ཅུད་དང་རྨ་ཡུལ་གེ་སར་རིག་གནས་ལྟེ་བས་༢༠༠༢ལོའི་ཟླ་༡༢པར་བསྐྲུན་པའི་《ཨ་མྱེ་རྨ་ཆེན་གྱི་གནས་ཡིག》ཤོག་ངོས་༣༣པར་གསལ།
(24)མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༨ལོའི་ཟླ་༥པར་བསྐྲུན་པའི་《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།》ཤོག་ངོས་༡༣པར་གསལ།
(25)བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༡༩༩༢ལོའི་ཟླ་༡༢པར་བསྐྲུན་པའི་《སྟག་ལུང་ཆོས་འབྱུང༌།》ཤོག་ངོས་༡༠༠—༡༠༡པར་གསལ།
(26)ཤིང་པར་མ་《དམ་པའི་ཆོས་བྱུང་ཚུལ་རྒྱ་མཚོར་འཇུག་པའི་གྲུ་ཆེན་》ཤོག་ངོས་༡༡༦པར་གསལ།
(27)ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༩ལོའི་ཟླ་ཁཔར་བསྐྲུན་པའི་《དཀའ་ཆེམས་ཀ་ཁོལ་མ》ཤོག་ངོས་༨༠—༨༡པར་གསལ།
(28)མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༦ལོའི་ཟླ་༦པར་བསྐྲུན་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན།》ཤོག་ངོས་༡༦༠པར་གསལ།
(29)སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༩ལོའི་ཟླ་༥པར་བསྐྲུན་པའི་《མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར།》ཤོག་ངོས་༡༢༨—༡༥༥ལ་གསལ།
(30)བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་༡༩༨༦ལོའི་ཟླ་༤པར་བསྐྲུན་པའི་《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ།》ཤོག་ངོས་༣༧པར་གསལ།
(31)ལག་བྲིས་མ་《ལྟ་བ་ཕྱོགས་སོ།》(སྣ་ཐུང༌།)ཤོག་ངོས་༨པར་གསལ།
(32)ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༤ལོའི་ཟླ་༤པར་བསྒྲུན་པའི་《ཐུའུ་བཀན་གྲུབ་མཐའ།》ཤོག་ངོས་༤༡༣པར་གསལ།
(33)ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་༡༩༩༡ལོའི་ཟླ་༡༢པར་བསྒྲུན་པའི་《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ།》ཤོག་ངོས་༡༢༧པར་གསལ།
(34)ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་༡༩༩༣ལོའི་ཟླ་༡༢པར་བསྐྲུན་པའི་《གཡུང་དྲུང་བོན་གྱི་བཀའ་འགྱུར་དཀར་ཆག 》ཤོག་ངོས་༣༨པར་གསལ།
(35)上海辞书出版社出版的鉄宗教大辞典鉅  l998 年 8 月 出版. P779 和 899
(36)མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༣ལོའི་ཟླ་༦པར་དུ་བསྐྲུན་པའི་《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས།》ཤོག་ངོས་༡༥༥པར་གསལ།
(37)མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༦ལོའི་ཟླ་༦པར་བསྐྲུན་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན།》ཤོག་ངོས་༡༥༥པར་གསལ།
(38)《བོད་ལྗོངས་ཞིབ་འཇུག》༢༠༠༡ལོའི་དེབ་༣པར་གསལ།

(རྩོམ་འགན་པ། རིན་ཆེན།)

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།