SatOctSat2020

སྤེལ་དུས་མཐའ་མ།04:00:00 PM GMT

རྩོམ་གསར།:

བོད་ནང་གི་བུད་མེད་ཚོའི་སྡུག་བསྔལ།

ཉེ་བའི་དུས་སུ་མདོ་དང་ཁམས་ཀྱི་ཞིང་འབྲོག་ས་ཁུལ་སྐོར་ཞིག་ཏུ་ཁྱོ་གས་ཆུང་མར་གྲིས་བསྣུན་ཏེ་གདུག་རྩུབ་ཆེན་པོས་བསད་པ་དང་གཡོ་ཇུས་འཐེན་ནས་ངན་གསོད་བྱས་པ། མནར་སྡུག་མ་ཁྱག་པར་ཆུང་མ་ལྕེབས་པ་སོགས་ཀྱི་དོན་རྐྱེན་བྱུང་དང་འབྱུང་གི་ཡོད་པ་རེ་རེ་བཞིན་དུ་དྲངས་ན་མི་ཚར་བའི་ཚོད་ཡིན། ད་རེས་རྒྱལ་རོང་གི་ཡུལ་ཁྲོ་སྐྱབས་སུ་སྔོན་ཆད་ཧ་ལམ་བྱུང་མྱོང་མེད་པའི་མི་གསོན་པོ་མེ་ལ་བསྲེགས་པའི་དོན་རྐྱེན་འཇིགས་ཆེན་ཞིག་བྱུང་སྟེ་མི་ཕལ་མོ་ཆེ་འཇིགས་ཡེ་རེར་བཏང།
བོད་གངས་ཅན་ནི་ཆོས་ལྡན་གྱི་ཞིང་ཁམས་ཡིན་ཟེར་ལ། མི་རྣམས་ལའང་བྱང་སེམས་ཡོད་ཡོད་ལྟར་ཉ་མོ་སོགས་ལོ་རེ་རེར་སྲོག་བླུ་ཚེ་ཐར་གཏོང་གི་ཡོད་པར་བལྟས་ན། མི་གསོད་ཁྲག་སྦྱོར་གྱི་གོད་ཆག་ཅིག་འབྱུང་རེ་སྐན་པར་འདོད་ན་ཡང་། དོན་དངོས་པོར་རིགས་གཅིག་སྐྱེས་སྨན་སྐོར་ཞིག་ཡ་ང་སྙིང་རྗེ་མེད་པར་ངན་གསོད་བྱས་དང་བྱེད་མུས་རེད།

ང་ཚོ་ལ་སངས་ཐབས་མེད་པའི་སྡུག་བསྔལ་ཞིག་ཡོད་པ་ནི། གངས་ཅན་ལྗོངས་འདིར་སྐྱེས་མའི་ལུས་རྟེན་བླངས་ཤིང་ལས་ཀའི་ཁུར་གྱིས་དུད་པ་སྐོར་ཞིག་དོན་མེད་ཤི་ལམ་དུ་དེད་དང་འདེད་བཞིན་པ་དེའོ། །ནམ་རྒྱུན་སྐྱེས་མ་ཚོར་སྐྲ་འཇོག་སྟངས་ནས་ལྭ་གྱོན་ལུགས། ཁ་པར་ཡང་འཛིན་མི་ཆོག་པའི་སྒྲིགས་དགོས་མིན་གཉིས་ཀ་བཞག་སྟེ་འཆུན་པའི་སྡེ་བ་ཚོ་བའི་མགོ་འདོན་པ་དག སྐྱེས་མར་གཅར་རྡུང་དང་བསད་རྨས་བྱུང་བའི་དོན་རྐྱེན་ལྷགས་ཚེ་གྲགས་མེད་ཚོར་མེད་ངང་སྡོད་པ་ཅི། ཉེས་ཅན་ལ་ཡུལ་ཁྲིམས་བཙན་པོས་བཅུན་ཏེ་ར་བསད་ལུག་འདར་དུ་གཏོང་གི་ཡོད་པ་ཞིག་གོ་ཐོས་མ་བྱུང་།

 

ལོ་གཅིག་མ་ཕྱིན་ཙམ་གྱི་སྔོན་ལ་ཡང་མི་བསད་ཁྲག་སྦྱར་གྱི་དོན་རྐྱེན་ཞིག་བྱུང་ཡོད་དེ། ཁམས་བྲག་འགོ་ནས་ཡིན་པའི་ཨ་རྡོར་ཟེར་བ་སྤྱིར་ན་ཁྱིམ་ནས་བུད་དེ་སྐྱེས་མ་གཞན་ཞིག་དང་མཉམ་དུ་བསྡད་ཡོད་རུང་། ན་ནིང་གི་ཕྱི་ཟླ10པའི་ཚེས23ཉིན། ཕྱིར་ཁྱིམ་དེར་ལོག་སྟེ་ཚེ་དབང་ལྷ་མོ་དང་ཁ་འཛིང་བྱས་མཐར། རང་གི་བསམ་མེད་བུ་མོའི་མཐོང་ལམ་དུ་མོའི་ཨ་མ་གྲིས་ལན་མང་བསྣུན་ཏེ་བསད། དོན་དེ་འདྲ་བྱུང་རྗེས་སུ་ལྷག་བསམ་འོ་མའི་མདངས་ལས་དཀར་བའི་མི་མོ་དང་མི་ཕོ་སྐོར་ཞིག་གིས་རྩོམ་ཡིག་བྲིས་ཏེ་རྣམ་འགྱུར་བསྟན་པ་སོགས་ཀྱིས་མིན་འགྲོ། གང་ལྟར་ཟླ་གཅིག་ལྷག་གི་རྗེས་སུ་ཨ་རྡོར་གྱིས་ཉེན་རྟོག་ཁང་ལ་མགོ་བཏགས་པ་ས་གནས་ཀྱི་གསར་འགྱུར་ལས་མཐོང་། ཁྲིམས་ཐག་ལོ་ག་ཚོད་བཅད་མིན་དང། ད་ལྟ་ཉེས་ཅན་དེ་བཙོན་ཁང་དུ་ཡོད་མེད་སོགས་མ་ཤེས། གཞེས་ནིང་། ཨ་མདོའི་བྲག་དཀར་རྫོང་དུ་བྱིས་པ་གཉིས་ཅན་གྱི་ཨ་ཕ་ཞིག་གིས་ཀྱང་། ལོ་ན་སུམ་ཅུར་མ་སོན་པའི་ཆུང་མས་ལས་ཀ་བྱེད་ཀྱིན་ཡོད་དུས་གློ་བུར་ཐོག་རྒྱག་ཏུ་རྒྱབ་ཕྱོགས་ནས་གྲིས་ཐེངས་མང་བསྣུན་ཏེ་བསད་པའི་ཁྲག་དྲི་ཁ་བའི་གནས་ཚུལ་ལྷགས། ན་ནིང་། ཁྱོ་ག་དེ་བཙོན་ནས་གློད་འདུག་ཟེར། ཆུང་མ་བསད་ཀྱང་སྲོག་ལན་སྲོག་འཇལ་གྱི་ཁྲིམས་ཆད་ཕོག་གི་མེད་པར། ཉེས་པ་ཆག་ཡང་དུ་བཏང་བའི་ཉེས་ཅན་ཡོད་ཚུལ་ཡང་གོ་མྱོང་། ང་རང་སྐྱེས་མ་ཞིག་ཡིན་པའི་ངོས་ནས་འབྲེལ་ཡོད་སྡེ་ཁག་ལ། སྐྱེས་མར་བརྙས་བཅོས་དང་སྐྱེས་མ་དམར་གསོད་བཏང་བའི་ཉེས་ཅན་ལ་ཉེས་པར་དཔགས་པའི་ཁྲིམས་ཆད་ལྕི་མོ་གཅོད་པའི་རེ་བ་ནན་མོ་ཞུ་གི་ཡིན། དེ་ལྟར་མིན་པར་ལང་ཤོར་དུ་འགྲོར་བཅུག་ན་ནི་དེ་ལས་ཐུལ་བའི་ལས་ངན་པ་བྱེད་མཁན་མང་དུ་འགྲོ་སྲིད་པས། སྤྱི་ཚོགས་བདེ་འཇགས་ཟེར་ཡང་དོན་དུ་ཡོང་རེ་མེད།

ད་རེས་ཀྱི་དོན་རྐྱེན་འཇིགས་སུ་རུང་བ་དེ་ནི། 2020ལོའི་ཕྱི་ཟླ9པའི་ཚེས14ཉིན་གྱི་དགོང་མོའི་དུས་ཚོད8དང་སྐར་མ50སྟེང་བྱུང་བ་ཞིག་ཡིན་ཚོད། སྐྱེས་འབྲས་ལྷའི་བུ་མོའི་དོ་ཟླ་འཕེར་ཞིང་བརྩོན་པ་ལྷུར་ལེན་གྱིས་རང་ཁ་རང་གསོ་ལ་འབད་པའི་རྒྱལ་རོང་གི་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོ་ནས་ཡིན་པའི་ལྷ་མོ་ལགས། སྟབས་ཉེས་ཏེ་ཁྱོ་ག་སྔོན་མ་དེ་ཁོ་མོའི་ནང་དུ་ཡོང་ནས་ཐོག་མར་མོ་ལ་གྲིས་ལན་འགར་བསྣུན་ཅིང་དེ་ནས་མོའི་སྟེང་ལ་རླངས་སྣུམ་བླུགས་ཏེ་མེས་བསྲེགས། དང་ཐོག་ལྷ་མོ་ཁྲོ་སྐྱབས་ས་ཆ་རང་ནས་ཡིན་པའི་སྐྱེས་པ་དེ་དང་གཉེན་བསྒྲིགས་ཏེ་བྱིས་པའང་གཉིས་སྐྱེས་ཡོད་ཟེར། བཤད་ཚུལ་ལ། སྐྱེས་པ་དེ་ནི་ཆང་རྐྱལ་མགོ་སྟོང་ཞིག་ཡིན་པས་མི་ཚད་སེམས་ཁམས་ཀྱང་ཐང་ཐང་མིན་པས་མོ་ལ་གཅར་རྡུང་དང་འཇིགས་སྐུལ་ལན་མང་བྱས་པ་ལས་མཉམ་དུ་འཚོ་བ་འཁྱོལ་རེ་མེད་པ་ཤེས་ཏེ། ཁོ་མོས་རང་གི་ཤ་ལས་ཆད་པའི་ཕྲུ་གུ་གཉིས་བློས་བཏང་སྒོས་བཟའ་འཐོར་བྱུང་ཞིང་ཕྱིར་ཕ་ཡུལ་དུ་ཡོང་ནས་ཕ་རྒན་དང་མཉམ་དུ་འཚོ་བ་སྐྱེལ་བཞིན་ཟླ་འགའ་འགོར་ཡོད་སྐད།
ལྷ་མོའི་སྐྱེས་འབྲས་ལེགས་པ་ཀུན་གྱིས་མཐོང་ལམ་དུ་གྱུར་ཡོད་པ་ལྟར། ཕྱོགས་གཅིག་ནས་བལྟས་ན། མཛེས་མར་ཞེན་ཆགས་ཆེ་ཞིང་རང་ལ་འཐོབ་འདོད་ཀྱི་ཧམ་སེམས་དྲག་པོ། ཕྲག་དོག་ཚ་མོ། སྒེར་སེམས་ཐུ་མོ་བཅས་ཀྱིས་སེམས་རྒྱུད་ཀུན་ནས་བརླམས་པའི་སེམས་ཁམས་ནད་ཅན་ཞིག་གིས་དེ་ལྟར་བྱས་པ་ཨེ་ཡིན་ཡང་དོགས། དཔེར་ན། ལོ་གཉིས་ལྷག་གི་སྔོན་ལ། ཨ་མདོའི་གཅན་ཚ་ནས་ཁྱོ་གས་གྲི་ཤིར་བཏང་བའི་ཆུང་མ་དེ་སྐྱེས་གཟུགས་བཟང་ཚུལ་གོ་མྱོང་ལ། ལོ་མང་པོའི་སྔོན་ཞིག་ལ། ཟི་ལིང་གི་བོད་ཚོགས་ཀྱི་དགོང་མོ་དེར་ཁྱོ་ག་ཞིག་གིས་མེ་མདས་བསད་པའི་བུ་མོ་དེའང་ཡག་མ་ཞིག་ཡིན་ཚུལ་གོ་བ་ལྟ་བུ། མ་གཞི། སྐྱེས་འབྲས་ལེགས་པ་དེ་སྐྱོན་ཆ་མིན་གྱི། སེམས་ཁམས་ནད་ཅན་གྱིས་ལན་པ་ཡིན་ནོ། །

སྐྱེས་གཟུགས་འཇོན་ཐང་གཉིས་ལྡན་གྱི་ལྷ་མོ་མེར་བསྲེགས་ཏེ་ལྟ་བཟོད་མི་ཐུབ་ཅིང་ཤི་མ་རོ་རུ་བཏང་བའི་པར་རིས་དེ་མཐོང་བའི་མོད་ལ། སྐྱིད་སྡུག་གཅིག་པའི་སྐྱེས་མ་སྐོར་ཞིག་གིས་བློས་མ་བཟོད་པར་དངན་པ་ཤུར་ཤུར་དུ་འཐེན་ཞིང་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་འདུག་མོད། ཡ་ང་ཡིད་སྐྱོ་དགོས་པ་ཞིག་ལ། ད་རེས་ཀྱི་དོན་རྐྱེན་འདི་ལ་ཡང་རང་རིགས་སྤུན་ཟླའི་ཁྲོད་དུ། རོ་ཐོག་ལ་རྟ་རྒྱུག་མཁན་སྔར་བཞིན་ཡོད་པ་དེའོ། །སྐྱེས་པ་ཁ་ཅིག་གིས། “བཟའ་འཐོར་བྱེད་དོན་ཅི་ཡིན་མིན་སུས་ཤེས།”ཞེས་བུ་མོ་དེས་སྐྱོན་ཆ་གང་ཞིག་བཟོས་ཡོད་ཚུལ་ཤུགས་ནས་སྟོན། “བུད་མེད་ཀྱིས་ཟུར་ཕོ་བཙལ་ན་ཚུལ་མཐུན་མིན།” ཞེས་མོ་རང་བསྲེགས་པ་དེ་ཟུར་ཕོ་བསྟེན་པར་དོགས། “བཟའ་འཐོར་བྱུང་ཚར་ན་མེས་བསྲེགས་ན་མི་འགྲིག་མོད།” ཅེས་བཟའ་འཐོར་བྱུང་མེད་ན་བསྲེགས་ཀྱང་འགྲིག་པའི་བསམ་ཚུལ་འདྲ་ཞིག་སྟོན། “མ་གཞི་ཤ་ཚ་མོ་བཟོས་བཞག……གཅིག་བྱས་ན་མོས་ཀྱང་སྐྱེས་པ་དེའི་སེམས་སུ་བཟོད་མི་ཐུབ་པའི་དཀའ་སྡུག་ཇི་ཙམ་ཞིག་སྤྲད་ནས་ཕན་ཚུན་བཟའ་འཐོར་བྱས་པའང་ཕལ་ཆེར་མཇུག་འབྲས་འདིས་གསལ་བཤད་བཟོས་ཡོད་སྙམ།” ཞེས་ཁོ་གཉིས་བཟའ་འཐོར་བྱེད་རྐྱེན་གྱི་ཉེས་པའང་བུ་མོ་དེས་བཟོས་ཤག་ཤག་ཏུ་སེམས། “ཁྱོད་ཀྱིས་ཕོ་མོ་གཉིས་བར་ལ་ཕྲ་མ་འཇུག་གི་མ་འདུག” ཅེས་ངས་དབྱེན་དཀྲུག་གི་བྱ་ངན་ཅི་ཞིག་བྱས་སོང་བ་ལྟ་བུ་ཞིག་ལབ་ནས་ངན་ཁག་ངའི་མགོ་ལ་དཀྲི་གི་ཡོད། ད་དུང་། དོན་རྐྱེན་དེ་ངས་རྫུན་བཟོ་བྱས་པར་ཐེ་ཚོམ་ཟ་མཁན་ཡང་འདུག “སྐྱེས་མ་ཚོས་རང་གི་ཁྱོ་གར་མཁའ་བརྒྱབ་སྟེ་འཁྲུག་པ་ཤོར་ཁྲོད་ཁྱོ་གའི་སྲོག་ཤོར་བ་ཡང་ཡོད་རེད།” ཅེས་ཀྱང་ཟེར། དེ་འདྲ་ཡོད་ན་ཐང་མོད། ལག་ལ་མཚོན་ཆ་ཐོགས་ནས་བསམ་གཟས་ཏེ་མི་བསད་པ་དང་། ཁ་ནས་ཚིག་གིས་ཕྲ་མ་བཅུག་པའི་བྱས་ཉེས་གཉིས་ལ་ཁྱད་པར་ཡོད་ཀྱི་རེད་ལ། མ་གཞི་མི་དར་གཞོན་ཞིག་ལ་མཚོན་ན། ཕྲ་མ་བཅུག་རུང་བློས་དཔྱད་པ་ཙམ་ཡང་མི་གཏོང་བར་ཧོལ་རྒྱུག་གིས་ཟེར་རྗེས་སུ་འབྲངས་ནས་མིའི་ཚེ་སྲོག་ལ་གནོད་པའི་ལས་བྱས་ཚེ། དེའི་ཉེས་དམིགས་གཙོ་བོ་ལག་དམར་རང་གིས་འཁུར་རྒྱུ་ལས། ཁ་ནས་བཤད་མཁན་ལ་ཉེས་པ་ཆེན་པོ་མེད་ཚོད་ཡིན་པ་ཤེས་ལོས་དགོས། འུ་ཅག་གི་ལོ་རྒྱུས་སུའང་བཙན་པོ་ཁ་ཅིག་གིས་ཀྱང་ཕྲ་མ་ལ་ཉན་ཏེ་དམག་དཔོན་དང་བློན་ཆེན་བཀུམ་ཞིང་རྒྱང་འབུད་བཏང་བ་སོགས་ཀྱིས་མཐའ་མར་མངའ་ཐང་རྒྱས་པའི་གེགས་སུ་ལོག་པ་ཡོད་ལ། ཕྲ་མ་འགྲོ་བའི་སྲོལ་རྒྱུན་འུ་ཅག་གི་འདས་སོང་དང་ཉེ་རབས་སུ་ཏན་ཏན་ཡོད་པ་ཞིག་ཡིན་པས་ན། ལོ་རྒྱུས་རོ་གོག་གི་ནད་རྙིང་སླར་ཡང་ལུས་གསར་བའི་སྟེང་དུ་མི་ལེན་པའི་དྲན་སྐུལ་ཞིག་ཀྱང་ཞོར་དུ་བྱས། “ཁ་སྟོང་ནང་གི་ཚིག་སྟོང་བཤད་པ་ལས། སྒོར་རྡོག་འགའ་བྱིན་ན་ཕན།” ཞེས་ངས་སྐད་འཕྲིན་རྒྱབ་ལོགས་སུ་དོན་རྐྱེན་དེ་སྤེལ་བར་ཟུར་ཟ་བྱེད། སྒོར་རྡོག་འགའི་རོགས་བྱེད་མཁན་ནི་ཁྱོད་རང་གཅིག་པུ་ག་ལ་ཡིན་མོད། ད་རེས་གདོན་ཁ་ནག་དེས་བཟོས་པའི་གྱོད་ནག་དེ་རྐྱང་ལ། ཞལ་འདེབས་ཕུལ་པའི་སྨན་རིན་སྒོར་ཁྲི་བརྒྱ་འཚག་འདུག་རུང་། དེས་ཀྱང་འདང་མིན་ལྷ་མོ་ལགས་ཀྱི་ཨ་ཅེས་ཀྱང་བཤད་ཚོད་ཐིག་གི་མི་འདུག་ག གཙོ་བོ་རང་གི་སྤྱི་ཚོགས་ཀྱི་རྙོག་དྲ་གང་དེ་རྩ་བའི་སྟེང་ནས་སེལ་མ་ཐུབ་པར་མུ་མཐུད་གསོད་རེས་གཏུབ་རེས་བྱས། རྨས་མ་གཅིག་གི་སྨན་རིན་ལ་ཡང་སྒོར་ཁྲི་བརྒྱ་ཡིས་མི་འདང་ཚེ། མ་གཞི་ཁ་སྟབས་ཞན་ཞིང་འཚོ་གནས་ལ་མི་མཁས་པའི་ང་ཚོས་དཔལ་འབྱོར་ཐད་ནས་ཀྱང་གླགས་ཨེ་ཁེལ་ལམ།

ཡིད་སྐྱ་མོ་ཐང་ལ་ལྷུང་བ་ཞིག་ནི། ནམ་རྒྱུན་སྐྱེས་མའི་སྲོག་ལ་གཙེས་པའི་ལས་བྱས་རུང་བདེན་པའི་རྒྱབ་རྩ་ནས་མི་ལང་བར། གཤེད་མའི་དཔུང་རོགས་བྱེད་པ་དེའོ། །སྐྱེས་མའི་ཉེས་སྐྱོན་ཁབ་འདྲ་བ་རི་འདྲ་བར་བཟོས་ཏེ་ནག་ཉེས་གཡོག་མཁན་ནི་སྐྱེས་པ་གཅིག་པུའང་ག་ལ་ཡིན། ད་ནི་ངས་རང་སར་གཞན་འཇོག་དང་གཞན་སར་རང་འཇོག་གི་དཔེ་ཞིག་དྲང་། དེ་ཡང་། ནམ་ཞིག་གི་ཚེ། ད་ལྟ་ཁ་ཕོ་བཤད་བཞིན་པའི་མི་དེ་དག་གི་བུ་མོའམ་ཨ་མ་གང་རིགས་ཤིག ད་རེས་ཀྱི་སྨྱོན་པ་དེ་འདྲ་ཞིག་ལ་ཐུག་སྟེ་གསོན་པོར་བསྲེགས་པ་ཡིན་ན། ཁྱེད་ཀྱིས་ད་ལྟ་ནང་ལྟར་ཁ་གསོན་པོའི་ནང་གི་སྐད་ཆ་སྦོམ་པོ་བྱུང་རྒྱལ་དུ་སྨྲ་ཐུབ་བམ། མི་བསྲུན་མི་རྒོད་སྐོར་ཞིག་གིས་མི་སྤྱོད་ལས་འདས་པའི་ལས་མུ་མཐུད་དུ་བསྒྲུབས། དཀར་ནག་གོ་ལྡོག་བྱེད་མཁན་ཁག་ཅིག་གིས་གཏེ་བོར་སྡོངས་གྲོགས་མཛད། དེ་ལྟར་མུ་ནས་མུ་རུ་སོང་ན། མཐའ་མར། རྒྱུ་མ་མི་ལ་མེད། རྒྱུ་ཁུ་ཁྱི་ལ་མེད་པ་ཞིག་མི་འོང་བའི་ངེས་པ་མེད། གཙོ་བོ་སྐྱེས་མར་སྡང་ཞིང་སྨོད་པ། ཕོ་མོ་གཉིས་ལ་མཆོག་དམན་དང་བཟང་ངན་འབྱེད་པའི་བག་ཆགས་རྙིང་རུལ་དེ་ད་དུང་མི་མང་པོའི་འདུ་ཤེས་སུ་ཏིལ་ལ་ཏིལ་མར་གྱི་ཚུལ་དུ་ཐིམ་སྟེ། སྐྱེས་མའི་མི་ལུས་རིན་ཐང་ལ་མཐོང་མི་སྤྲོད་ཅིང་མི་ཚེ་སྡུག་ལ་སྦྱོར་བ། རང་གི་འདོད་འདུན་སྒྲུབ་ཆེད་དུ་སྐྱེས་མ་ཚོ་ནི་བ་ཕྱུགས་ལྟར་བཀོལ་བ། ཐ་ན། སྐྱེས་མའི་སྲོག་ལ་རྒོལ་བའི་ལས་བྱས་རུང་བྱེད་མཁན་ཚོར་འཛེམས་སྣང་འཇིགས་སྣང་མེད་ལ། མཐོང་མཁན་སྐོར་ཞིག་གིས་ཀྱང་དེ་རྒྱུན་ལྡན་དུ་ལྟ་བ་ནི། འུ་ཅག་གི་སྤྱི་ཚོགས་སུ་སྐྱེས་མ་ལ་ལྟ་སྟངས་ངོ་མ་བོ་ཡིན་ལ། ཏག་ཏག་སྐྱོ་གར་འབྱུང་བའི་རྩ་བ་ཡང་ཡིན་ནོ་སྙམ།
སྤྱིའི་ཆ་ནས་བཤད་ན། རང་མགོ་ཡང་ཐོན་གྱི་མེད་པའི་མི་རིགས་ཤིག་ལ་མཚོན་ན་ནི། ནང་དམེ་ནང་དཀྲུག་བྱེད་པའི་དུས་ཤིག་ག་ལ་ཡིན། ང་ཚོའི་སྐད་ཡིག་དང་རིག་གནས་ཤི་གསོན་གྱི་སོ་མཚམས་ན་ལུས་པའི་གནད་འགག་གི་དུས་འདིར། ཕོ་མོ་ཚང་མ་རྡོག་རྩ་གཅིག་བསྒྲིལ་སྒོས་རང་ཚོད་ཀྱིས་ནུས་པ་རེ་བཏོན་ན། ང་ཚོས་ཀྱང་གསོན་ལམ་ཞིག་རྙེད་ཀྱང་ཐང་མོད། ལྡོག་སྟེ་ནང་བཤིག་དམུ་རྒོད་ཀྱི་སྤྱོད་པ་ཆད་པ་མེད་པར་བྱུང་བ་མཐོང་ཡོང་དུས། མི་རིགས་འདི་ལ་རེ་བ་ཞིག་མི་འདུག་ཨང་ཞེས་རེ་ཐག་ཀྱང་ཆད་ཡོང་།

བྱེ་བྲག་ཏུ་བཤད་ན། ཤ་དར་རུས་དར་གྱི་ཨ་མ་ཞིག་མི་བསྲུན་ཁྱོ་གས་བསད་ཅིང་ལ་རྒྱ་རྩོད་ཐུབ་སོང་བར་རློམ་རུང། མཐའ་མར་ཁྱིམ་རྒྱུད་ཉམས་ཆག་དང་དྭ་ཕྲུག་ཚོ་ཐང་སྟོང་གི་བྱིའུ་ཕྲུག་ལྟར་ལུས་པའི་དཔེ་མཚོན་ང་ཚོར་མེད་པ་ག་ལ་ཡིན། ད་དུང་བུ་རྒྱུད་དག་ནར་སོན་རྗེས་ཨ་ཕ་དེས་ཇི་ལྟར་བསླབ་བྱ་གཏོང་དགོས། གཤིས་ཀ་ཕ་རྒན་དང་འདྲ་བའི་རྩུབ་སྤྱོད་ཅན་ཚོས་ཤ་འཁོན་བརྩད་དེ་ཁྱིམ་རྒྱུད་འཁྲུག་ཉོག་ཏུ་མི་གཏོང་བའི་ངེས་པ་ག་ལ་ཡོད། དྲག་སྤྱོད་ཆེ་སའི་ཁོར་ཡུག་ཏུ་དྲག་སྤྱོད་བཙོག་པ་འཁོར་རྒྱུག་བྱེད་པ་མ་ཡིན་ནམ། ཁ་ཇེ་གསལ་དུ་བཏང་ན། ནང་དམེ་ལ་རྒྱལ་ཁ་མེད། དེ་ལས་སུ་ཞིག་རྒྱལ་རུང་ཕམ་ཁ་ཡིན།

ད་རེས་རྒྱལ་རོང་ཁྲོ་སྐྱབས་ནས་བྱུང་བའི་དོན་རྐྱེན་སེམས་ལ་དྲན་ཡང་བ་སྤུ་གྱེན་དུ་གཟེང་བའི་སྐྱོ་གར་འདི་འདྲ་ཡང་བསྐྱར་མི་འབྱུང་བའི་སླད་དུ། མགོ་ནག་བོད་པ་ཡོངས་ཀྱིས་ད་ནས་ཐབས་ཤེས་བསྟེན་དགོས།

སྐྱེ་འགྲོའི་ཚེ་སྲོག་ལ་གནོད་པ་གཏོང་བའི་མི་ནི་མ་གཞི་ནས་སེམས་ཁམས་ནད་ཅན་ཞིག་ཡིན་པས་ན། ཐོག་མར་ཁྱོ་ག་ཞིག་བཙལ་དུས། བུ་མོ་ཚོས་ཀྱང་མ་མཐའ་ཡང་རང་དང་མི་ཚེ་སྐྱེལ་རོགས་ཀྱི་མི་དེ་སེམས་ཁམས་ནད་ཅན་ཞིག་ཡིན་མིན་དང་དེ་ལ་དྲག་སྤྱོད་དང་། བཙན་གཡེམ། གཉོམ་ཆུང་ལ་མནར་གཅོད་བཏང་བ་སོགས་ཀྱི་ལོ་རྒྱུས་ནག་པོ་ཡོད་མེད་ལ་རྒྱུས་ལོན་ཟབ་མོ་བྱེད་རྒྱུ་ཧ་ཅང་གལ་ཆེའོ། །


རྩོམ་བདག་ར་རྫ་འཇམ་དབྱངས་སྐྱིད།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།