MonAugMon2017

སྤེལ་དུས་མཐའ་མ།05:18:50 AM GMT

རྩོམ་གསར།:

ཁྲོ་གཏུམ་གྱིས་སྙན་ངག་ཅིག་ལ་ཕྲན་བཤད་སྤེལ་བ།

ངས་མཐོང་བའི་འཛུམ་ཆུང་དུམ་བུ།

__ ཁ་བ་སྐམ་པོ།

དྭངས་གཙང་ཆུ་མོ་ལྷོད་དང་སིམ་གྱིས་འབབ་དུས།།
སེམས་ཀྱི་བུ་ཆུང་ལུ་གུ་བཞིན་དུ་རྩེད་དུས།།
ཁྱེད་ཀྱིས་གནང་བའི་ལུས་སེམས་མཉེན་མོ་ཞིག་སྟེ།།
བདག་གི་ནང་ནོམ་གོས་ཆེན་འབྲུག་མ་ཞིག་ཡིན།།

དུང་དང་འོ་མའི་གྲུབ་པའི་ལྷུ་བཞིའི་ལྕུག་མ།།
འཇམ་ལ་ནེམ་ཤ་སྨིན་པའི་པགས་པ་སྲབ་མོ།།
སེར་མདངས་མོད་ལ་འཇུ་ལི་གྲིམ་པོར་བཞད་པའི།།
སྐྲ་ལོའི་ཉག་མ་དེ་ཡང་དེ་ལྟར་མཛེས་པ།།

སྒོར་ལ་འཛུམ་འཛུམ་འབེལ་བོའི་བཞིན་གྱི་ཆང་ཕོར།།
ཧུབ་གང་མ་འཐུང་གོང་ལ་ག་ལེར་བཟི་སོང་།།
ལང་ཚོའི་འཆོར་ཉམས་གསེབ་ཀྱི་སྒྱུ་རྩལ་རེ་རེས།།
རྨི་ལམ་ཕྱུག་པོ་ཞིག་ཏུ་རིམ་པར་ཁྲིད་སོང་།།

འཇམ་ལ་བྲེལ་འཚུབ་ཚ་བའི་སྐད་ཀྱི་དྭངས་ཆ།།
ཐོས་འཛིན་བུ་གའི་སྒོ་མོ་ངང་གིས་ཕྱེ་བྱུང་།།
གཏམ་གླེང་འོ་མ་རློན་པའི་དཔྱིད་ཀྱི་མར་ལོ།།
ཟོས་ཀྱིན་འཐུང་ན་སྲེད་སྐོམ་ཆེ་རུ་ཕྱིན་བྱུང་།།

ཨེ་མ་སྣང་མཐུན་བུ་མོ་དུངས་སེམས་ཅན་མ།།
གློ་བ་སྨུག་པོའི་ཐང་གི་ཨུ་པཏ་དཀར་བོ།།
གསེར་མདོག་ཉི་མའི་ཀློང་གི་འོད་ཟེར་དུམ་བུ།།
ཡ་ཆུང་ཐང་དཀར་དབུས་ཀྱི་རློན་ཞོ་མཐུག་པོ།།

མཐོ་དམའ་སྙོམས་པའི་བར་གྱི་སྐད་ཆའི་ལང་ཚོ།།
ནེམ་ཞིང་འོ་དྲི་འཐུལ་བའི་མཆུ་སྒྲོས་མཉེན་མོ།།
ཟླུམ་གོར་སྲ་འཐུས་ཆེ་བའི་མྱོས་བུམ་ཟུང་ནི།།
བཟི་ཁ་རྒོད་པ་དེ་ནི་རང་ག་ཞིག་མིན།།

འགྱིག་བཟོས་མེ་ཏོག་ལྟར་དུ་རྫུ་བག་མ་བསྙད།།
དུངས་མདོག་ཆེ་བའི་མིག་ཆུའི་ཕྲེང་བ་མ་གཏོར།།
ལྷད་མེད་ལག་ཆུང་འཇུས་པའི་དྲོད་ཁོལ་ཚ་བོ།།
བླ་དང་རུས་གསེང་བར་དག་ཁད་ཀྱིས་སྦྲིད་སོང་།།

དུངས་བ་དུངས་བར་རུམ་པའི་འཇའ་ཚོན་མཛེས་མོ།།
ཞེ་འདང་ཨ་ལོང་བརྒྱུས་པའི་ལན་ཛ་འབུར་བོ།།
སྡེ་ཆེན་མྱི་ཁ་འཁོར་རུང་སེར་སྣ་དབེན་པ།།
དབུལ་བོའི་བུ་ཆུང་རང་གི་དམ་ཚིག་ཅིག་ཡིན།།

རྨ་ཆུ་སྔོན་མོའི་འགྲམ་གྱི་གཞས་ཆུང་དེ་ཡང་།།
འཇོལ་མོའི་སྐད་དང་སྡེབས་ནས་འཕུར་ལ་བརྩོན་དུས།།
སེམས་ཀྱི་རྟ་ཕོས་གཤོག་ཟུང་རྒྱང་ལ་བྲེལ་བ།།
དུངས་སེམས་གཙང་མ་ཞིག་གི་ཁ་དོག་མངོན་ཡོད།།

ཁྱོད་ཀྱིས་གནང་བའི་གསེར་ནག་གདུ་བུ་སེར་པོ།།
ཁྱོད་ཀྱིས་བཤད་པའི་སྙིང་གཏམ་འོ་མའི་རིལ་བུ།།
སེམས་ཀྱི་སྟོབས་དང་ལུས་ཀྱི་བཅུད་ལ་སྨིན་པས།།
སྙིང་གི་གུར་ཁང་དབུས་ནས་གཏོང་འདོད་མི་འདུག།

2016/6/21ཉིན་རྨ་ཡུལ་དར་ལག་ནས།


 

[ཕྲན་བཤད། ཁྲོ་གཏུམ།] ངས་ནམ་རྒྱུན་བཤད་བཞིན་པ་ནི་ཕྲན་བཤད་མ་གཏོགས་ཕྲན་དཔྱད་མི་ཤེས་པ་དེ་ཡིན།  དེ་བཞིན་གོང་གི་སྙན་ངག་འདིའི་མགོ་ལུས་སྲོག་གསུམ་ལ་ངའི་ཚོར་ངོས་ཀྱིས་འཇུག་པ་ཞིག་བཤད་ན། འདི་ནི་ཆགས་གཏམ་གྱི་སྙན་ངག་ལ་བར་ཐག་ཉེ་ཞིང་། རྩོམ་པ་པོས་ཧ་ཅང་གིས་ཆགས་པའི་མྱོང་ཚོར་རོལ་མྱོང་བྱེད་པར་དགའ་བ་དང་། དེ་བས་སྐབས་འདིའི་བུད་མེད་ཀྱི་རོལ་མྱོང་ཆེས་མང་ཤོས་ནི་ཆགས་སེམས་གཅིག་པུ་ལས་གཞན་སྙིང་གཏམ་གྱི་བརྩེ་བར་རོལ་བ་ཧ་ཅང་གིས་ཉུང་ཉུང་ཞིག་ཚོར་སོང་ལ། བརྗོད་དོན་གྱི་ཁ་ཕྱོགས་སུ་སྒྱུ་རྩལ་གྱི་བླ་འགུགས་སྟངས་ལས་ཀྱང་། "ལུས་སེམས་མཉེན་མོ། པགས་པ་སྲབ་མོ། མཆུ་སྒྲོས་མཉེན་མོ། "འདི་གསུམ་ཚིག་གི་ལན་བུར་རྒྱུན་སྟངས་ལས་ཀློག་པ་པོར་ཆེས་ཡིད་བརྙན་མ་འདྲ་བ་ཞིག་སྣང་བ་ནི།  ཁྱོད་ཀྱིས་མོ་རང་མལ་ནང་དུ་སྣོག་ཡ་མང་དྲག་པ་དང་ཁྱོད་ཀྱི་ཆགས་ཚོར་གྱིས་ཉལ་གདན་གཙོས་པའི་དགོས་དངོས་ཐམས་ཅད་ལ་རླན་པ་ཆགས་ཡོད་པའི་ཡིད་བརྙན་དེ་བསྐྲུན་འདུག
ཤོ་ལོ་ཀ་བཅུ་ལས་གྲུབ་པའི་སྙན་ངག་འདིའི་ཆེས་ཡིད་དུ་འོངས་པ་དག་ནི། “ཡ་ཆུང་ཐང་དཀར་དབུས་ཀྱི་རློན་ཞོ་མཐུག་པོ།། བཟི་ཁ་རྒོད་པ་དེ་ནི་རང་ག་ཞིག་མིན།། བླ་དང་རུས་གསེང་བར་དག་ཁད་ཀྱིས་སྦྲིད་སོང་།། ”འདི་ལྟར་ཚིག་བཅད་རེ་རེའི་ཚིག་རྔ་བསྡུ་སྟངས་ཏེ།  འདི་དག་ལ་ང་ཚོས་ཆེས་མངོན་ཐུབ་པའི་ཆ་དང་མངོན་མི་ཐུབ་པའི་ཆ། དེ་བཞིན་རྩོམ་པ་པོ་ཡི་བསམ་བློ་ལས་ལོག་ཏུ་ཆགས་པའི་ཆ་སོགས་མང་སྲིད་མོད། སྙན་ངག་གི་དོན་ཡོད་ཅོག་གི་སྙིང་བོ་ལ་ཆེས་མཛེས་སྡུག་དང་དུང་ཞེན་ཞིག་ཤར་རུ་བཅུག་ཅིང་།  ད་དུང་ཁོང་གི་ཆེས་བླ་ན་མཐོ་བའི་ཚོར་བའི་རྩལ་དེ་ནི་ཡོད་ཚད་ཕྱིར་བལྟས་མ་བྱས་པར་གཏིམས་ཡོད་པས།  ཀློག་པ་པོའི་ངོས་ནས་ཀྱང་སྒྱུ་རྩལ་ལྡན་པར་མཐོང་ཞིང་བསྐྱར་ཀློག་རྒྱག་དགོས་པ་སྟེ། དཔེར་ན། ཆེས་མཛེས་སྡུག་ལྡན་པའི་བུད་མེད་ཅིག་ཁྲོམ་སྲང་དུ་འགྲོ་བར་ཡང་ནས་བསྐྱར་དུ་ལྟ་བར་བྱེད་པ་ལྟ་བུ།  འདི་ནི་རོལ་རྩེད་ལྟ་བུའི་སྒྱུ་རྩལ་ཞིག་དང་མི་སེམས་སུ་ནམ་ཡང་ཕྱིར་ཕུད་གཏོང་དཀའ་བའི་སྒྱུ་རྩལ་དེ་ཡིན་པའོ།།

ཆེས་མཐའ་མའི་ཚིག་བཅད་ཀྱིས་ཆགས་གཏམ་ལུང་པ་གང་གི་ཁ་བསུམ་ཞིང་། དལ་བུར་བུད་མེད་དེས་ཁོ་རང་ལ་སྙིང་གཏམ་དང་རྔན་པ་སྤྲད་པས། ཁོའི་སེམས་ཀྱི་གསེང་དང་གློ་རྒྱུའི་འཚམས་སུ་ཆེས་གསུབ་དཀའ་བའི་རྨ་ཁ་ཞིག་བཀོད་ཡོད་པ་དང་། དེ་ནི་སྒྱུ་རྩལ་གྱི་དབྱིངས་སུ་བཀུག་ཅིང་བསྡུས་གཟུགས་སུ་མ་བཀོད་པར་ཐད་བརྗོད་ཀྱི་ཚིག་གིས་སྒྱུ་རྩལ་ལ་ཁ་སྣོན་སྟོབས་ཀྱིས་བགྱིས་པ་ཞིག་གོ།།

སྙན་ངག་གི་བླ་འགུག་སྲོག་གསུམ་ནི་ཚིག་གི་མདུད་པ་དེ་དགུ་མདུད་དང་གྲོལ་མདུད། ལྷུག་མདུད་བྱས་ཏེ་མི་སེམས་སུ་ཆེས་ཟབ་པའི་ཚོར་བའི་ངོ་བོ་སྟེ། ཆེས་བརྗོད་པར་འདོད་པ་ཚིག་རིས་སུ་ཕབ་པ་ཞིག ཁོ་རང་གི་སྙན་ངག་ཚིག་བཅད་མ་འདི་ཡིས་ཀྱང་བརྗོད་འདོད་པའི་སེམས་པ་ཞིག་ལ་ལག་འཇུ་དམ་པོར་བཅིངས་ཤིང་།  ཚིག་གི་གྲོལ་མདུད་ཧ་ཅང་མང་ལ། སྐད་ཆའི་རྩལ་ནི་རང་ཉིད་ལ་ཆུང་ནས་ལོབ་པའི་བོད་སྐད་དག་མ་དེ་ཡིན་པས་ན། མིང་ཚིག་བཀོད་སྟངས་ནི་ཧ་ཅང་གིས་སྣང་བར་འགྲོ་བའི་བྱང་ཚད་ཅིག་དང་།  ཤོ་ལོ་ཀའི་གྲུབ་སྟངས་ནི་བོད་ཀྱི་སྲོལ་རྒྱུན་སྙན་ངག་གི་དཔེ་རྒྱན་གཟུགས་རྒྱན་ལ་མངོན་སུམ་གྱིས་སྒྲིག་འགལ་བྱས་ཏེ། རང་སྣང་གང་ཤར་གྱི་རྩོམ་ཐབས་སྤེལ་མ་བྱས་འདུག་པས། དེང་རབས་ཀྱི་སྙན་ངག་གི་འབྲི་ཐབས་སུ་རེད་ཅེས་བཤད་པ་སྔ་སོང་ན་ཡང་། དེང་རབས་སྙན་ངག་འབྲི་བའི་གྲོས་སུ་བར་ཆད་མེད་པར་ཚུད་ངེས་པ་ཞིག་ཏུ་སྣང་།

སྙན་ངག་གི་ངོ་བོ་དང་དེའི་སྒྱུ་རྩལ། དེའི་མཚོན་ཐབས། དེའི་བསྟན་དོན། དེའི་ཡོད་ཚད་ལ་ཧོ་རྒྱུགས་བྱས་ཏེ་འཇུག་ན། སྙན་ངག་འདི་ནི་མཐའ་མཚམས་མེད་པར་སོང་ཆོག་ཆོག་ཡངས་བའི་རྩྭ་ཐང་ལྟར་མིན་པར་ཐོན་སླ་བའི་རྟ་རྒྱུགས་ཐང་གི་མགོ་རྔ་ལྟ་བུ་སྟེ། སྙན་ངག་ཚེ་ཐག་རིང་ཤོས་ཤིག་ཏུ་བརྩི་མི་ཐུབ་པ་ཞིག་རེད་དོ།།

བོད་ཀྱི་སྲོལ་རྒྱུན་སྙན་ངག་གི་ཁྲོད་དུ་མེ་ལུགས་ཀྱི་སྒྲིག་གཞི་གསལ་ཞིང་། དེ་བཞིན་སྙན་ངག་ལ་འགྲེལ་བཤད་རྒྱགས་སྐབས་ཀྱི་ལག་ཆ་གཙོ་བོ་ནི་དཔེ་གཟུགས་བསྡུས་རབ་སོགས་ཀྱིས་ཚིག་རྩལ་ཇི་འདྲ་ཞིག་བཏོད་ཅིང་། དེ་དག་དམིགས་གསལ་གྱིས་ངོས་འཛིིན་བྱས་ཞིང་སྙན་ངག་གི་ཁྱད་ཆོས་འབུར་བཏོད་དུ་བྱེད་པ་ཞིག་རེད་མོད། དེང་སྙན་ངག་གི་འབྲི་སྟངས་ཀྱིས་མེ་ལུགས་ཀྱི་སྒྲིག་གཞི་གཏོར་ནས་དཔེ་གཟུགས་བསྡུས་རབ་སོགས་གང་འདོད་དུ་ཚིག་གི་ཕྲེང་བར་བསྲེས་ཤིང་། དེ་དག་གི་ཁྱད་ཆོས་གཙོ་བོ་མིན་པར་བརྗོད་དོན་སྤྱིའི་ཆ་ནས་#ལྕགས་རྡོར་གྱིས་"གང་ཟག་ཐ་དག་གི་མཐོང་ལམ་ལ་ཉི་མ་རྟག་པར་བྱུང་སྟེ་ཚོར་བའི་སྟོབས་ཀྱང་ཟད་པར་གྱུར་ཡོད་པ་དག་ལ་སྙན་ངག་པས་རང་གི་རྟོག་པ་དང་གོ་སྟོགས་ཀྱིས་སྔར་མ་བྱུང་བའི་ཚོར་བའི་ཁམས་ཤིག་བཞེངས་ཐུབ་པས་ཀྱང་ངོ་།།"ཞེས་བརྗོད་ཡོད་པ་ལྟར།  ང་ཚོ་ལ་ཕྱི་རོལ་ཡུལ་གྱི་བྱ་དངོས་བརྒྱུད་དེ་ནང་སེམས་ཀྱི་མྱོང་བ་དང་རྟོག་པ་སླར་གསོ་དང་སད་པར་བྱེད་པའི་གནས་ལུགས་ཤིག་གི་རྩལ་སྟོན་པ་ཞིག

#  བོད་ཀྱི་དེང་རབས་སྙན་ངག་རིག་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། རྩོམ་པ་པོ། ལྕགས་རྡོར། ༢༠༡༣ཟླ་༡ཚེས་༡ལ་པར་སྐྲུན་མཛད། ཤོག་ངོས་༡༢༢ལ།
༢༠༡༦།༡༡།༡༤ཉིན་བྲིས།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།