WedMarWed2017

སྤེལ་དུས་མཐའ་མ།06:49:09 AM GMT

རྩོམ་གསར།:

རང་གི་དཔེ་ཀློག་བརྒྱུད་རིམ་དང་འབྲེལ་ཏེ་དཔེ་ཀློག་གླེང་བ།

རང་གི་དཔེ་ཀློག་བརྒྱུད་རིམ་དང་འབྲེལ་ཏེ་དཔེ་ཀློག་གླེང་བ།

འཛི་གུར་ཀུམ།

ལར་དཔེ་ཀློག་ཟེར་དུས་བརྒྱ་གོ་གཅིག་ཆོག་གིས་གླེང་ཐུབ་པ་ཞིག་ཁྱོན་ནས་མ་ཡིན་པར་འདོད། རྒྱུ་མཚན་ནི། རང་གི་དཔེ་ཀློག་གོམས་འདྲིས་རིང་ཐུང་དང་། རང་གི་རྣམ་དཔྱོད་གསལ་མི་གསལ་རང་གི་ཤེས་ཚད་མཐོ་དམན་སོགས་ཕྱོགས་མང་པོ་ཞིག་ནས་ཀློག་མཁན་ཚོའི་འཇོན་ནུས་མི་འདྲ་བས། དཔེ་ཀློག་ལས་ཐོབ་པའི་ཤེས་བྱ་དཔེ་ཀློག་གི་ཕན་འབྲས་དང་དཔེ་ཀློག་ལ་བཟུང་བའི་ལྟ་ཚུལ་སོགས་ཀྱང་གཞི་ནས་མི་མཚུངས་པར་སྐས་ཐེམ་ལྟ་བུའི་རིམ་པ་སྣ་ཚོགས་ཤིག་ཡོད་ངེས་ལ་ཡོད་ཆོག་པ་ཞིག་ཀྱང་རེད་དོ།།

དེས་ན་སྤྱི་ལྡོག་ནས་དཔེ་ཀློག་ལ་མཐའ་སྡོམ་དང་བཀོད་སྒྲིག་བྱེད་པ་དེ་ཅུང་ཧམ་པ་ཚ་བོའི་ལས་སུ་ཁོ་བོས་མཐོང་བྱུང་། དེས་ན་ངས་འདིར་སྒེར་ངོས་ནས་དཔེ་ཀློག་བྱེད་ཚུལ་དང་ཟིན་བྲིས་འགོད་སྟངས་ཙམ་ཞུ་འདོད་པ་ཡིན། དེས་རང་དང་ན་མཉམ་ཚོར་ཕན་ཐོགས་ཡོད་ན་ཐང་མ་གཏོགས་དཔེ་ཀློག་པ་ཡོངས་ལ་ལམ་སྟོན་ཅིག་འཁྱོངས་ཡོད་པའི་སེམས་དཔངས་པ་ནམ་ཡང་མེད། ད་ནི་བྱེ་བྲག་ལ་འཇུག་ན། བདག་ལ་དཔེ་ཀློག་པ་ཞེས་པའི་མིང་དེ་སྦྱོར་འོས་མིན་ཅི་ཆ་སྟེ་གང་ལྟར་དཔེ་ཆ་དང་འཕྲད་པའམ་དཔེ་ཆ་དང་ཁ་མ་བྲལ་ཏེ་ལོ་ངོ་ཉི་ཤུ་ལ་ཉེ་བ་ཙམ་ཡིན། དེའི་བརྒྱུད་རིམ་ཁྲོད་ནས་ཁ་ཚོན་བཅད་དེ་བཤད་ཆོག་པ་ཞིག་ནི་བདག་དཔེ་ཆར་ཚུལ་འཆོས་ཙམ་མིན་པར་དགའ་བ་བསླད་མེད་ཅིག་ཆགས་ཡོད་པར་བཤད་ན་འགྲིག་ཙམ་ཡིན། གར་འགྲོ་གར་འདུག་ན་དཔེ་ཆ་གཏོས་ཆེན་རེ་ཁྱེར་འགྲོ་བ་དང་ཀློག་མ་ཐུབ་རུང་ཟུར་ན་དཔེ་ཆ་རེ་ཡོད་ན་སྐྱིད་སྣང་ཡོད་པ་དང་། དཔེ་དེབ་གཅིག་ཀྱང་མེད་ཚེ་ཅི་ཞིག་མ་ཚང་བ་ལྟ་བུའི་སྟོང་སྣང་དང་སྐྱོ་སྣང་ཞིག་ཀྱང་འགོག་མེད་དུ་ཐོན་ཡོང་གིན་འདུག
ད་དུང་ཆ་རྒྱུས་ཡོད་མེད་ཀྱི་གནས་གང་ན་གྲོགས་མེད་གཅིག་པུར་འདུག་དགོས་ཐུག་རུང་རང་དགའ་སའི་དཔེ་དེབ་འགའ་བཟུང་ཡོད་དུས་ཁེར་རྐྱང་གི་གདུང་བ་ཡོངས་སུ་བསལ་ཏེ་རང་ཉིད་ཆེས་དགའ་སའི་གྲོགས་བཟང་པོ་ཞིག་དང་མཉམ་སྡོད་བྱས་ཡོད་པའི་ཚོར་སྣང་སྤྲོ་སྐྱིད་ལྡན་པ་ཞིག་ཀྱང་འཁོར་ཡོང་། དེའི་ཕྱིར། ང་ནི་གནས་གང་དུ་འཁྱམས་ཡུལ་གང་དུ་འདུག་ན་རང་གི་འགྲོ་རོགས་འདུག་རོགས་ཚང་མ་དཔེ་དེབ་ཙམ་མ་གཏོགས་གྲོགས་ངོ་མ་ཞིག་དང་འགྲོགས་འདྲིས་ཉུང་བའི་རིགས་ཤིག་ཡིན། འདི་དག་གིས་ང་དཔེ་ཆར་དགའ་བ་མཚོན་པ་ལས་ངས་དཔེ་ཀློག་ཡ་མཚན་ཐུབ་པ་དང་དཔེ་ཀློག་གི་ཁྲོད་ནས་ཤེས་བྱ་ཡ་མཚན་ཞིག་རྙེད་བཞིན་ཡོད་པ་ལར་ནས་མཚོན་མི་ཐུབ་བོ།།
ཡང་ངའི་དཔེ་ཀློག་གི་བརྒྱུད་རིམ་ཁྲོད་ཕྱིར་བལྟས་དང་ཕྱིར་འདང་སྒོས་བསམ་གཞིགས་ཤིག་བཏང་ན། རང་ལ་ལྟོས་ནས་བཤད་ན་དཔེ་ཀློག་དང་འཕྲད་དེ་ཡུན་རིང་ཙམ་སོང་ཟིན་མོད། དེའི་ཁྲོད་ནས་དཔེ་ཆ་འདི་ཞིབ་ལྟ་བྱས་པ་བཞག་པ་དང་། དཔེ་ཆ་འདི་དག་བཀླགས་ཏེ་ཤེས་བྱ་དེ་ལོན་དང་བློ་བསྐྱེད་ཟེར་ན་ཆོག ཕན་ཐོགས་འདི་རག་སོང་བསམ་པའི་མཇུག་སྡོམ་ཅི་ཡང་དྲན་རྒྱུ་དང་རྙེད་རྒྱུ་མི་འདུག་པས་སྐྱོ་སྣང་བན་བུན་ཞིག་གིས་ཀྱང་མཚམས་མཚམས་སུ་ལུས་སེམས་གཡོག་པར་བྱེད། ད་དུང་གཞུང་ལུགས་དག་ཏུ་རང་གི་ཤེས་རྒྱ་ཇེ་ཆེར་གཏོང་བ་དང་རང་གི་བསམ་སྤྱོད་སོགས་ཡར་རྒྱས་ཕྱོགས་ལ་ནུས་པ་བླ་ལྷག་ཆེ་བ་ནི་དཔེ་ཀློག་ཡིན་ཞེས་དགེ་མཚན་མང་པོ་བཤད་པ་མཐོང་མོད་ཀྱང་། རང་གིས་དཔེ་ཀློག་ལ་གཞིགས་ན་དེ་དག་དང་འབྲེལ་མེད་དོན་གཞན་ཞིག་ཆགས་འདུག་པས་ཚོར་སྣང་ཡང་བསྟུད་མར་བྱུང་མྱོང་ངོ་།།
དེའི་རྐྱེན་གྱིས། ངས་དཔེ་ཀློག་བྱེད་སྟངས་ཐོག་ཅི་ཞིག་མ་འགྲིག་པར་འཚོལ་ཞིབ་བྱེད་པ་ན། བདག་གིས་དཔེ་ཆ་ཀློག་སྟངས་ཐད་ལ་གནད་དོན་མང་ཙམ་ཡོད་པ་ཚོར་བྱུང་།  གཤམ་ནས་གནད་དོན་འབྱུང་རྐྱེན་སྐོར་རོབ་ཙམ་བཤད་འདོད་བྱུང་།


བདག་གི་དཔེ་ཀློག་བརྒྱུད་རིམ་གཉིས་སུ་བགོས་ཆོག་སྟེ། ༡ ཆོས་གྲྭ་དག་འགྲིམ་སྐབས་དགེ་རྒན་གྱི་འཁྲིད་བྱ་ལྟར་བསླབ་གཞི་དང་། དེ་དང་འབྲེལ་ཡོད་ཀྱི་དཔེ་ཆ་དག་ལ་བལྟས་པ་རེད། འདི་ལ་ལོ་ངོ་བཅུ་ལྷག་ཙམ་འགོར་ཡོད། ༢ ལོ་ངོ་དྲུག་དང་བདུན་ཙམ་ནས་རང་ཉིད་ཀྱིས་ཆེད་དུ་སློབ་གླིང་འགྲིམ་པ་དང་དགེ་རྒན་བསྟེན་པ་སོགས་བསྐྱུར་ཏེ་རང་སྟོབས་དང་རང་དབང་གིས་དཔེ་ཀློག་ལ་ཞུགས་པ་ཡིན། བརྒྱུད་རིམ་གཉིས་ཀར་གཞིགས་ཡོང་ན། སྔ་མའི་སྐབས་དཔེ་ཀློག་བྱེད་པའི་ཆེད་གཏད་རྒྱུགས་དོན་དང་རྩོད་པ་སོགས་གཞན་དང་ཤགས་འགྱེད་པའི་ཐབས་སུ་གཞན་རྗེས་རྗེས་འབྲང་ཙམ་དུ་སོང་འདུག་ལ། ཕྱི་མའི་སྐབས་དེ་སྔ་མར་ལྟོས་ན་ཅུང་དཔེ་ཀློག་བཟང་ཙམ་འཁྱོངས་ཟེར་ན་ཆོག་ཙམ་འདུག་མོད། ཞིབ་ལྟ་བྱས་ཡོང་ན་ཕྱི་མའི་སྐབས་སུའང་བམ་ཀློག་ཙམ་མམ་སྤྱི་ཡོམ་ཙམ་ལས་གནད་སྨིན་དང་དགོས་མཁོ་ཡོད་པའི་དཔེ་ཀློག་ཅིག་འཁྱོངས་མི་འདུག་པ་ཚོར་བྱུང་། བརྒྱུད་རིམ་དེ་དག་གི་ཁྲོད་ཅི་ཞིག་མ་འགྲིགས་པ་དང་གང་ཞིག་མ་ཐོན་པ་རེད་སྙམ་ན། དེའི་གནད་དོན་འདི་ལྟར་ཡིན་ཏེ། ༡ ད་སྔོན་དཔེ་ཀློག་མང་ཤེད་ནི་གཞན་གྱི་ཟེར་སྒྲོས་རྐྱང་བ་ཁ་བཤད་ཙམ་འཐེན་ཏེ་རང་གི་རྣམ་དཔྱོད་དང་བསྟུན་ནས་འདོར་ལེན་མ་བྱས་པ། ༢ དཔེ་ཆ་དེར་ལྟ་ཀློག་བྱས་ན་རང་གི་བསམ་སྤྱོད་དང་མི་ཚེ་སོགས་ལ་འབྲེལ་བ་དང་ཕན་ཐོགས་ཅི་ཞིག་མཆིས་པའི་བསམ་གཞིགས་མ་བཏང་བར་ཁ་གཡེང་མིག་གཡེང་ཙམ་གྱིས་ཀློག་པ། ༣ དཔེ་ཆ་དེའི་བརྗོད་བྱ་ཕྱོགས་བསྡོམས་བྱས་ན་གང་ཙམ་ལ་འདུས་པ། དཔེ་ཆ་དེའི་བརྗོད་སྙིང་ངམ་གཙོ་གནད་གང་ཞིག་བསྟན་ཡོད་པ་སོགས་གནད་བསྡུས་དང་ཕྱོགས་བསྡོམས་སྒོས་མ་བལྟས་པས་གཞུང་དེའི་མགོ་རྔ་ཧྲིལ་གྱིས་རྫོགས་ཀྱང་མཇུག་མཐར་སེམས་སུ་གཟུང་བྱ་ཅི་ཡང་མེད་པའི་ཚིག་ཤུན་དེད་པ་ཙམ་དང་བམ་སྤྱི་ཙམ་གྱིས་བལྟས་པ། ༤ རང་གི་དགའ་ཕྱོགས་དང་འབྲེལ་ཏེ་དཔེ་ཆ་རིགས་གཅིག་བདམ་ནས་གཏན་འབེབས་དང་གོ་རིམ་མཐར་ཆགས་ཀྱིས་མ་བཀླགས་པར་གང་བྱུང་ཅི་དྲན་སྒོས་ལོ་རྒྱུས་ཀྱི་དཔེ་ཆ་རེ་ལོན་དུས་དེར་བལྟས། ཡང་རྩོམ་རིག་སྐོར་ལོན་དུས་དེར་འཐམས། དེ་བཞིན་ཚན་རིག་སྐོར་དང་བསམ་བློའི་སྐོར་སོགས་རིག་ཚན་མི་འདྲ་བ་གང་ཞིག་ལག་སོན་བྱུང་ན་དེ་ལྟར་དཔེ་ཆའི་རྗེས་དེད་བྱས་པ་ལས་རང་གི་ཤེས་ནུས་དང་དགའ་ཕྱོགས་ལ་དཔེ་ཆ་ཚུར་སྦྱར་ཏེ་མ་བཀླག་པ་སོགས་ཀྱིས་ངའི་དཔེ་ཀློག་ལ་དེ་རིང་གྲུབ་འབྲས་ཐོབ་མ་ཐུབ་པའི་རྒྱུ་རུ་གྱུར་ཏོ།།
ད་ནས་བཟུང་བདག་གིས་གོང་བརྗོད་ཀྱི་གནད་དོན་བསལ་ཏེ་མ་འོངས་པར་དཔེ་ཀློག་ཅི་ཙམ་ནུས་ན་ཕན་འབྲས་ཅན་ཞིག་ཨེ་འཁྱོངས་ལ་འབད་པས་འཇུག་འདོད་ཡོད།

གོང་དུ་བཤད་པའི་ངའི་དཔེ་ཀློག་ཁྲོད་ཀྱི་གནད་དོན་དག་བསལ་དགོས་ན། ཐབས་ལམ་ཕུན་སུམ་ཚོགས་པ་ཞིག་གམ་གཙོ་ཤོས་ཤིག་དཔེ་ཀློག་ཟིན་བྲིས་སུ་འགོད་རྒྱུ་དེ་ཡིན་པར་རྟོགས། ལར་དཔེ་ཀློག་ཟིན་བྲིས་འགོད་པར་དགེ་མཚན་ཧ་ཅང་བདོག་སྟེ། ༡དཔེ་ཀློག་ལ་ཟབ་འཇུག་དང་ནན་ཏན་ཡོང་བ།
༢ བརྗེད་ངེས་ཀྱི་རྐུན་པོའི་ལག་ཏུ་མི་འཆོར་བར་སྲུང་ཐུབ་པ། ༣ དཔེ་དེབ་གང་ཞིག་བཀླགས་ན་དེའི་ནང་ན་རང་གིས་ཉར་རྒྱུ་དང་གཞན་ལ་སྟོན་རྒྱུ་ཡོད་པ་བཅས་ཁྱད་ཆོས་དུ་མ་མཐོང་བ་ཡིན། དེས་ན་ཁྱོད་ཀྱིས་དཔེ་ཀློག་ཟིན་བྲིས་འདེབས་ལུགས་ཅི་འདྲ་ཡིན་སྙམ་ན། བདག་གིས་འདི་བཞིན་འགོད་པ་ཡིན། ༡ དཔེ་དེབ་གང་ཞིག་ལྟ་ཀློག་བྱེད་ན་དེས་བསྟན་བྱ་སྤྱི་ཁོག་ཙམ་ཕྱོགས་བསྡོམས་བྱས་ཏེ་འགོད་པ། ༢ དཔེ་དེབ་དེའི་ནང་གི་བརྗོད་སྙིང་ངམ་གཙོ་གནད་ཅི་ཞིག་བདོག་ན་དེ་མངོན་པར་བྱས་ཏེ་འགོད་པ། ༣ དཔེ་དེབ་ཀྱི་བསྟན་དོན་དང་འབྲེལ་ཏེ་ཟུར་གཞན་ལ་འཕྲོས་དཔྱད་སྤེལ་བ། ༤ དཔེ་དེབ་དེའི་ནང་བརྗེད་དུ་ཕངས་བའི་སྐད་ཆ་ཅི་ཡོད་ན་དེ་ལོགས་སུ་བཀར་ཏེ་འགོད་པ་བཅས་ཡིན། འདི་དག་ནི་རང་གིས་དཔེ་ཀློག་ཟིན་བྲིས་འདེབས་སྟངས་ཙམ་ཡིན་པས་སྤྱིའི་ཆ་ནས་བླང་བྱ་ཨེ་ཡོད་ཆ་མ་འཚལ་མོད། རང་ལ་སྔར་དང་བསྡུར་ན་འདི་ལྟར་ཟིན་བྲིས་འདེབས་མགོ་བརྩམས་པ་ནས་དཔེ་ཀློག་གིས་བདག་ལ་ཕན་ཐོགས་ལེགས་ཙམ་ཐོན་སོང་། ད་དུང་རང་གིས་དཔེ་ཆ་ཀློག་སྟངས་སྐོར་ནས་གལ་ཆེན་ཞིག་མཐོང་བ་ནི། གོང་དུ་ལྡོག་ཕྱོགས་ནས་བཤད་ཡོད་མོད། འདིར་ཁ་ཇེ་གསལ་ལ་ཅུང་བཏང་ན། དཔེ་ཆ་གང་བྱུང་ཅི་དྲན་མི་ལྟ་བར་གཙོ་བོ་རིག་ཚན་གང་ཞིག་བདམས་ཏེ་དེའི་ཕྱོགས་ནས་མཐར་ཆགས་དང་ཟབ་ནན་ཞིག་བཀླགས་ན་མཐར་འབྲས་ལེགས་ཙམ་ཡོང་ཐུབ་པར་སེམས། ད་དུང་དཔེ་ཆ་ཞིག་ལག་སོན་བྱུང་ཚེ་དཔེ་དེབ་དེ་ཐོག་མར་བམ་ཀློག་ཙམ་སྔོན་འགྲོར་བཏང་ན་འགྲིགས་ཏེ། དེབ་དེའི་ནང་དུ་རང་ལ་དགོས་མཁོ་དང་ཕན་ཐོགས་ཡོད་པའི་རིགས་ཤིག་མང་ན་ད་གཟོད་མགོ་ནས་བཟུང་ཞིབ་ཀློག་ལ་གཞོལ་ཚེ་དུས་ཚོད་སོགས་ཅི་ཙམ་བཀོལ་བ་ཚང་མ་དོན་ལྡན་ཡོང་བའི་ཕན་འབྲས་མཆིས་སྙམ་ཡོད། དེ་མིན་དཔེ་ཆ་ལག་ཏུ་ཐོན་མ་ཐག་ནས་སྔོན་དུ་བརྗོད་བྱ་སྤྱི་ལ་རྒྱུས་ལོན་མ་བྱས་བར་བཀླགས་སོང་ན་བར་མཚམས་རེར་ཐོན་དུས་ཀློག་མི་སྤྲོ་བ་དང་གོ་རྒྱུ་མི་འདུག་སྙམ་པའི་སུན་སྣང་གིས་ཀློག་མཚམས་བསྐྱུར་ནས་རེབ་དེའི་དཔེ་ཀློག་དོན་མེད་ལ་ལོག་པའི་ཉེན་ཁའང་བྱུང་སྙམ། རང་ཉིད་ཀྱང་དེ་འདྲའི་གནད་དོན་མང་པོར་འཕྲད་མྱོང་ལ་གཞན་ཚོ་ཡང་དེ་ལྟར་ཉེན་ཁ་བྱུང་ཡོད་པ་མང་པོ་མཐོང་རྒྱུ་མཆིས་པས་ཡིན་ནོ།།
མཇུག་མཐར་བསྐྱར་ཞུ་འདོད་པ་ནི། གོང་དུ་དཔེ་ཀློག་སྐོར་ནས་གནད་དོན་ནམ་མྱོང་བཤད་ཐན་ཐུན་ཙམ་བགྱིས་པ་ནི་དཔེ་ཀློག་སྤྱི་ལ་སྡོམ་ཚིག་བརྒྱབས་པ་མིན་ལ། རང་གིས་ཡ་མཚན་ཞིག་ངོས་ཟིན་ཡོད་དང་གནས་ལུགས་ཤིག་རྟོགས་ཡོད་ཟེར་ཏེ་ཆེ་བཤད་སྦོམ་བཤད་བྱེད་པ་ལར་ནས་མིན་པས་དེ་ལྟར་གོ་བ་ལྡོག་ཕྱོགས་སུ་མི་འཁྱེར་རོགས་ཞུས་པ་ཡིན། དེས་ན་ཅི་ཡིན་སྙམ་ན་འགྲིག་ཡོད་མེད་དང་ལེགས་ཉེས་གང་གི་ཕྱོགས་ལ་གཏོགས་ཡོད་བདག་གིས་བཤད་ཁག་ནའང་། རང་གིས་དཔེ་ཀློག་ཁྲོད་ཀྱི་མྱོང་ཚོར་རམ་མྱོང་བྱང་བསླད་མེད་ཅིག་བཤད་ཁུལ་ཙམ་ཡིན་པས། ལེགས་ཉེས་ཅི་ཡོད་དང་དགོས་མཁོ་གང་ཡོད་དཔྱོད་ལྡན་དག་གིས་དབྱེ་བསལ་གནང་རོགས་ཞུ་རྒྱུ་ལས་ཅང་མེད་དོ།།

༢༠༡༧/༡/༣༡ཉིན།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།