WedMayWed2017

སྤེལ་དུས་མཐའ་མ།06:49:09 AM GMT

རྩོམ་གསར།:

རྒྱ་གར་རྡོ་རྗེ་གདན།

རྒྱ་གར་རྡོ་རྗེ་གདན།

གྲངས་མེད་གསུམ་ན་དཀའ་ཐུབ་བརྟེན་པའི་རིགས་བཟང་ཤཱཀྱའི་རྒྱལ་པོའི་སྲས།།
རྟེན་འབྱུང་གཏམ་གྱིས་མ་རྣམས་འགྲོ་བའི་སྡུག་ཀུན་ཉེར་བར་ཞི་མཛད་དེ།།
ཡང་དག་ལམ་ནས་གནས་ལུགས་ཟབ་མོ་གསལ་བའི་ལམ་བཟང་སྟོན་མཛད་པ།།
རྣམ་འདྲེན་བཞི་པ་ཤཱཀྱའི་སེངྒ་བདག་བློ་གཙུག་གི་རྒྱན་དུ་མཆོད།།
ཅེས་མཆོད་པ་བརྗོད་པ་སྔོན་དུ་བཏང་ནས་སྐབས་བབ་ཀྱི་གང་གླེང་བ་བྱ་བའི་ཆོས་ནི། ཆོས་མགོ་གང་ལ་ཐུག་བར་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པ་སངས་རྒྱས་སའི་གནས་རྒྱ་གར་རྡོ་རྗེ་གདན་ནོ།
* གནས་ཀྱི་སྐོར།
རྡོ་རྗེའི་གདན་ཞེས་བྱ་བ་དེ་ནི། ས་ཕྱོགས་རྡོ་རྗེའི་རྣམ་པ་ཅན། རང་དང་གཞན་གྱིས་མི་འཇིག་པ། །སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་ལས་བྱུང་བ། དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་པར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། རྡོ་རྗེ་རྒྱ་གྲམ་དུ་གནས་པའི་ལྟེ་བ་ལ། བྱང་ཆུབ་ཀྱི་ཤིང་སྐྱེས་པ། རྡོ་རྗེའི་རྩེ་མོ་བཞིའི་ཐད་ཀ་ན་རྡོ་རྗེ་ཕུར་པའི་མཆོད་རྟེན་བཞི་ཡོད་པར་ཉན་ཐོས་པ་རྣམས་འདོད་དོ། ཐེག་ཆེན་པ་རྣམས་ནི་རྡོ་རྗེ་རྩེ་ལྔ་པ་ལངས་ནས་ཡོད་པའི་ཁོང་གསེང་ནས། བྱང་ཆུབ་ཀྱི་ཤིང་བྱུང་བ་རྭ་བཞི་ལ་རྡོ་རྗེ་ཕུར་པའི་མཆོད་རྟེན་བཞི་ཡོད་པར་འདོད་དོ། དེ་ན་ཁྲི་འཕང་མེད་པའི་མཆོད་རྟེན་བུམ་པ་བུམ་རྟེན་ཅན་འདོམ་གསུམ་པ་འཁོར་ལོ་རྡོ་རྗེས་མཚན་པ་བཞི་པོ་དེའི་བར་ན་མདའ་རྒྱང་འབྲིང་པོ་ཙམ་རེ་ཡོད་དོ། དེ་ནི་རྡོ་རྗེ་གདན་གྱི་རྒྱའི་ཚད་དོ། འདི་ཛམྦུ་གླིང་གི་དཀྱིལ་ན་ཡོད་པ་གྲགས་ཀྱི་འདུག་ལ། གནས་མཆོག་འདི་ནི་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སྟོན་པ་ཤཱཀྱ་ཐུབ་པ་ཐོག་མར་མངོན་པར་རྫོགས་པ་སངས་རྒྱས་པའི་གནས་ཡིན་པས། ནང་པའི་རྗེས་འཇུག་པ་ཀུན་གྱི་སྒོ་གསུམ་དྭངས་བ་འདྲེན་པའི་གནས་ཆེན་ཞིག་ཏུ་བརྩི་སྟེ། ཉིན་རེར་ནང་པའི་རྒྱལ་ཁབ་འདྲ་མིན་ནས་སླེབས་པའི་དད་ལྡན་པ་བརྒྱ་ཕྲག་མང་པོས་ཕྱག་དང་བསྐོར་རྭ། མནྜལ། འདོན་པ་བཅས་རྣམ་དཀར་དགེ་སྒྲུབ་ཀྱི་བྱ་བ་ལ་འབད་ཀྱི་འདུག་ལ།   མཆོད་རྟེན་རིན་པོ་ཆེ་ནི་མཐོ་ཞིང་བརྗིད་ལ་རྒྱང་རིང་ནས་མཇལ་བ་ཙམ་གྱིས་དད་པའི་སྤུ་ལོང་རབ་ཏུ་གཡོ། གནས་དེར་རྒྱ་གར་གྱི་ཡུལ་དབུས་མ་ག་དྷའི་གྲོང་ཁྱེར་གྱི་ལྷོ་ནུབ་མཚམས་སུ་ཡོད་པ་དང་། རྒྱ་གར་སྐད་དུ་བོདྷི་གཱ་ཡ་ཟེར་གྱི་ཡོད་ལ། འདི་ནི་རྒྱ་གར་བིཧཱར་མངའ་སྡེའི་ག་ཡ་གྲོང་ཁྱེར་གྱི་ཁོངས་གཏོགས་ཡིན།
* རྣམ་དཀར་དགེ་སྒྲུབ་སྐོར།
དད་ལྡན་པ་སྟོང་ཕྲག་མང་པོས་མཆོད་རྟེན་རིན་པོ་ཆེའི་ནང་། རྟེན་གཙོ་སྟོན་པ་ཤཱཀྱ་ཐུབ་པའི་སྣང་བརྙན་ལ་མཇལ་ཁ་ཆག་མེད་ཀྱི་ཚང་ཁ་ངང་། ན་བཟའ་དང་གསེར་ཞལ། ལྷུང་བཟེད་བརྗེ་མཁན་བཅས་ནི་ཧ་ཅང་གི་མང་ལ། ད་དུང་མཆོད་རྟེན་གཡས་གཡོན་དུ་རིན་པོ་ཆེའི་རིགས་དང་། དྲི་བཟང་བའི་མེ་ཏོག ཡོན་ཆབ། བསང་དང་གདུག་སྤོས། མནྜལ་བཅས་དངོས་སུ་བཤམ་པའི་མཆོད་པ་ཧ་ཅང་རྒྱས་ལ། ཕྱོགས་བཞི་མཚམས་བརྒྱད་ནས་དྲི་བཟང་སྣ་བར་འཐུལ་གྱི་ཡོད་པ་དང་། བོད་དང་ནང་པའི་རྒྱལ་ཁབ་འདྲ་མིན་གྱི་རིས་མེད་ཆོས་རྒྱུད་ཁག་གིས་ལོ་ལྟར་སྨོན་ལམ་ཆེན་མོ་འཚོགས་བཞིན་པ་ཡང་མཇལ་རྒྱུ་འདུག །
ཞོགས་པ་ཆུ་ཚོད་བཞི་པ་ནས་སྒོ་ཕྱེ་བ་དང་དགོང་མོ་ཆུ་ཚོད་དགུ་པར་སྒོ་མ་རྒྱབ་བར་བསྐོར་ར་འགྲོ་མཁན་རྫོགས་རྒྱུ་མེད་ལ། ངག་ནས་མ་ཎི་དང་མཚན་སྔགས་འདྲ་མིན་འདོད་ཞིང་ལག་གཉིས་ཐལ་མོ་སྙིང་ཁར་སྦྱར་ཏེ་སྨོན་ལམ་བརྒྱབ་པ་བཅས་ཀྱི་ཚིགས་བཟང་པོ་རྣ་བ་རུ་ཆད་མེད་དུ་གོ་རྒྱུ་ཡོད།
* བྱང་ཆུབ་ལྗོན་ཤིང་།
ཐོག་མ་མེད་ནས་འབད་པ་དོན་ཡོད་ཕྱིར།།
མ་ག་དྷ་ཡི་བྱང་ཆུབ་ཤིང་དྲུང་དུ།།
སྐྱིལ་ཀྲུང་མི་གཡོ་མངོན་པར་སངས་རྒྱས་ནས།།
བྱང་ཆུབ་རྫོགས་པར་མཛད་ལ་ཕྱག་འཚལ་ལོ།། ཞེས་གསུང་པ་ལྟར།
བྱང་ཆུབ་ལྗོན་ཤིང་ནི་མཆོད་རྟེན་ནུབ་ངོས་སུ་ཡོད་པའི་སྟོན་པ་མངོན་པ་རྫོགས་པར་སངས་རྒྱས་སའི་གནས་ཡིན་ལ། དེའི་དྲུང་ན་ནང་པའི་རྒྱལ་ཁབ་འདྲ་མིན་བཅས་ནས། ཡིག་རིགས་འདྲ་མིན་དང་། མི་རིགས་འདྲ་མིན། སྐད་རིགས་འདྲ་མིན་བཅས་ཀྱི་ཐོག་སངས་རྒྱས་ཀྱི་གསུང་རབ་འདྲ་མིན་སྙན་པའི་དབྱངས་སུ་གྱེར་ཏེ་ཡིད་སེམས་དགའ་བའི་ཆོས་ཀྱི་དབྱངས་རྟ་སྙན་པོ་དུས་ཀུན་ནས་ཕྱོགས་ཀུན་ལ་ཁྱབ་ཀྱི་འདུག །
* ཕྱག་དང་མནྜལ་འབུལ་མཁན།
མཆོད་རྟེན་ལྷོ་ནུབ་བྱང་གསུམ་གྱི་གཡས་གཡོན་དུ། ས་ཆ་ཚང་མ་ཕྱག་གདན་གྱི་ཁེངས་ཤིང་། ཆོས་པ་སྐྱ་སེར་མི་རིགས་འདྲ་མིན་དང་། རྒན་གཞོན་དབྱེར་མེད་ཀྱིས་ཡན་ལག་ས་ལ་ཕབ་སྟེ། ངལ་བ་མཛད་མེད་ཐོག་བློ་སེམས་གཅིག་ཏུ་སྒྲིལ་ཏེ་འབུམ་ཕྱག་དང་ཁྲི་ཕྱག་འཚལ་མཁན་ཧ་ཅང་མང་ལ། དེ་བཞིན་མནྜལ་འབུལ་མཁན་ཀྱང་ཧ་ཅང་མང་།
* སྒོམ་བརྒྱབ་མཁན།
མཆོད་རྟེན་རིན་པོ་ཆེའི་ཕྱོགས་བཞི་རུ་གཡས་གཡོན་ར་མཁོའི་ནང་སེམས་རྩེ་གཅིག་ཏུ་གཏད་དེ་སྒོམ་བརྒྱབ་མཁན་ནི་སྐྱ་སེར་དད་ལྡན་པ་མི་རིགས་འདྲ་མིན་མཐོང་རྒྱུ་འདུག་ལ། ལྷག་པར་དུ་ཏིང་ངེས་འཛིན་ལ་རྩལ་བྱང་པ་འགས་དགོང་མོ་ཆུ་ཚོད་བདུན་པ་བརྒྱད་པ་ནས། ཞོགས་པ་ཆུ་ཚོད་དྲུག་པ་བདུན་པ་བར་སྒོམ་རྒྱབ་སྟེ་མཚན་གང་མཆོད་རྟེན་རིན་པོ་ཆེའི་ནང་བཞུགས་མཁན་ཡང་མང་པོ་འདུག །
* ཡུལ་གྱི་ཐོན་ཁུངས་།
སྤྱིར་ས་གནས་འདི་རྒྱ་བལ་འབྲུག་སོགས་ཧི་མ་ལ་ཡའི་རིགས་རྒྱུད་སོ་སོའི་ས་མཚམས་ལྟ་བུ་འཁེལ་ཡོད་སྟབས། དམིགས་བསལ་རས་ཆ་དང་།འཕྲེང་བ། བྱུ་རྡོ་འདྲ་མིན་སོགས་ཀྱི་ཚོང་ལས་བྱེད་མཁན་བོད་པ། ལ་དྭགས། བལ་པོ། འབྲས་ལྗོངས། འབྲུག་པ་སོགས་ཀྱི་མི་རིགས་འདྲ་མིན་མཐོང་རྒྱུ་ཡོད་ལ། ལྷག་པར་འབྲུ་རིགས་དང་།ཚལ་མ། ཤིང་ཏོག་བཅས་ལ་རིན་གོང་ཆུང་ཞིང་རོ་བཅུད་ལྡན་པའི་ཟས་རིགས་གང་འདོད་རག་གི་ཡོད་། ཁྲ་ཁྲ་ཟིང་ཟིང་གི་ཁྲོམ་རྭའི་ནང་བདེ་འཇག་བཟང་ལ་འཁྲུག་ཆའང་དོད།
རང་ཉིད་གནས་མཆོག་རྡོ་རྗེ་གདན་དུ་ཟླ་བ་གཅིག་ཙམ་རིང་དངོས་སུ་མཐོང་ཐོས་མྱོང་བ་རྣམས་ཟིན་བྲིས་སུ་བཀོད་པ་གངས་རིན་ཆེན་གྱིས་༢༠༡༧/༢/༥ཉིན་འཇུག་རྫོགས་པ་བྲིས།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།