SatAugSat2017

སྤེལ་དུས་མཐའ་མ།05:18:50 AM GMT

རྩོམ་གསར།:

ཕ་ཡུལ་གྱི་སྟག་གཟིག་ཚོ།

ཕ་ཡུལ་གྱི་སྟག་གཟིག་ཚོ།

__ ཁྲ་གངས་ཚེར།
རང་སྡེ་ཕྲ་མོའི་ཆས་དོན་བསམ་བསམ་ནས།།
སྙིང་གི་ཕྱེད་ཀ་ཁྲག་དམར་ཀློང་དུ་ཐིམ།།
བསམ་མེད་བླ་དཔོན་རྣམས་ཀྱི་རང་གཤིས་ཏེ།།
ཉམས་ཆུང་བདག་གིས་བསྒྱུར་བའི་གོ་སྐབས་ཕྲ།།


རོ་ནག་ཁ་གདངས་གཅིག་གི་དུས་ཚིགས་དེར།།
འདོད་པའི་བ་སྤུ་གཟེངས་ནས་འཁྲུག་ལོང་བྱས།།
མངལ་གྱི་ཁུ་ཁྲག་དོར་བའི་དཀྲུག་འདྲེ་ཚོ།།
ཁ་སང་གྲོང་དགོན་བར་ན་རྒྱུག་ཅིང་འདུར།།

བདེན་པའི་མེ་ལོང་རྡུལ་དང་ཐལ་བས་གཡོགས།།
དུས་ཀྱི་ཁུག་པ་སྒོར་དང་རྫུན་གྱིས་ཉོས།།
དབུལ་ཞིང་ཕོངས་པའི་ཉམ་ཐག་བདག་མེད་ཚོ།།
ད་ལྟ་སྤུ་གྲིའི་ཁ་ན་བཅད་ཅིང་གཏུབ།།

རོལ་དབྱངས་དགོང་ནས་བརྡུང་དེ་བརྡ་ཞིག་བསྟན།།
ལྕེབས་ཐག་སྐེ་ལ་བཏགས་ནས་གྲལ་ཞིག་སྒྲིག།
འཁོར་འབངས་སྡུག་ལ་སྦྱར་བའི་ལྟ་གོན་འདི།།
བྱ་རྒོད་ཁ་ཤས་བརྒྱག་པའི་སྔ་ལྟས་ཡིན།།

ལོ་ལོན་བརྒྱ་ཡི་སྡུག་གཏམ་རྣ་བར་འཁོར།།
གཞོན་པ་སྟོང་གི་མཁྲེགས་འཛིན་སེམས་ལ་ལྷུང་།།
བདེན་པའི་གཏམ་བཟང་སྨྲས་ཀྱང་མྱི་ཁ་ལྡང་།།
ཀྱེ་ཧུད་བདག་སྙིང་ཐལ་བར་འཐོར་སམ་ཅི།།

ཁ་བདེ་མཁས་པའི་བུ་ལ་གཡོ་སྒྱུ་ཆེ།།
ཉམ་ཆུང་སྤྲང་བོ་བདག་ལ་བརྙས་བཅོས་མང་།།
དྲང་པོའི་མི་ཡིས་མངོན་སུམ་མཐོང་གྱུར་ན།།
བདེན་པའི་རྒྱལ་ཁ་བདག་ལ་ཐོབ་པར་འགྱུར།།

གདོང་དམར་བོད་པའི་ཁ་ན་སྙན་གྲགས་ཅན།།
ཕྱི་གླིང་མི་ཡི་བ་གླང་གྲལ་དུ་འཇོག།
མི་ཆོས་ལྷ་ཆོས་སྐྱོང་བའི་སྙིང་ཁམས་ཅན།།
བདེན་པའི་ཟོལ་གྱིས་ཕ་ཡུལ་ཁྲག་བཞིན་དཀྲུག།

བློ་ཆུང་མི་ཡིས་ཁྱོད་ཀྱི་བྲན་གཡོག་བྱེད།།
གཡོ་སྒྱུའི་སྒྲུང་གཏམ་མང་པོ་རྒྱུན་དུ་གླེང་།།
ཁྲེལ་མེད་མི་རིགས་འདི་ཡི་གཤིས་སྤྱོད་ལ།།
བསམ་ན་སྙིང་ནད་ཐེབས་པའི་གཞི་མ་ཉིད།།

དམར་བོའི་གོས་ཀྱི་ཕྱི་ན་ཉེ་བར་མཛེས།།
ཕྲག་དོག་དུག་གི་ཁ་རླུང་ནང་ན་འཕྱུར།།
ཐུབ་པ་མཆོག་གི་རྗེས་འཇུག་ལ་སྦྱོར་བའི།།
མགོ་ཟླུམ་གཤེད་མའི་ཚོགས་ལ་དོག་ཟོན་དགོས།།

བསྟན་དགྲ་དམ་ཉམས་ཟེར་ནས་སྨོད་ན་ཡང་།།
ཕ་ཡུལ་དཀྲུག་པའི་སྙིང་ཁམས་བདག་ལ་མེད།།
རི་གྲོང་བར་ན་འདུར་བའི་བསྟན་འཛིན་ཚོར།།
བཙན་གྱིས་བསྐུལ་ཀྱང་དད་པ་ག་ལ་སྐྱེ།།

ཙི་ནིའི་སྦྱོར་ངན་དམར་བོར་ཁ་གཡར་ཏེ།།
ལྷ་དང་བླ་མར་ཉེས་རྡུང་དྲག་ལས་བྱས།།
མངོན་ལྐོག་བསྟན་པའི་དགྲ་རུ་ལང་ལང་ནས།།
ད་ལྟ་རི་དགོན་གཉིས་ཀྱི་བདག་པོར་བཀུར།།

སྐྱབས་འགྲོའི་རྣམ་བཞག་ཙམ་ཡང་མི་མཁྱེན་པའི།།
རྒྱུ་འབྲས་རྒྱ་མར་གཞལ་བའི་གཡོ་འཕྲུལ་ཅན།།
ལྟ་ལོག་བསྟན་བཤིག་ཟེར་ན་ཆོག་པ་ལ།།
རྒྱལ་བའི་བསྟན་འཛིན་ཟེར་ནས་བསྟོད་བསྔགས་བྱེད།།

མི་ལོ་དུ་མའི་རིང་ལ་དཀྲུག་དཀྲུག་ནས།།
ཕ་ཡུལ་མི་ལ་ཅལ་འདྲོག་ཤུན་ཏུ་ཆེ།།
ལྷ་ཡི་དམག་ཚོགས་དྲང་ཡང་བཏུལ་དཀའ་བའི།།
གླེན་པའི་མི་ལ་འཇིགས་སྐུལ་ཅི་ལ་བཟོ།།

རྒྱ་གར་རྒྱལ་པོས་ཞི་བདེའི་བརྐྱང་བརྐྱང་ནས།།
ཐ་མལ་རང་སྲོག་འཕྲོག་པའི་གཤེད་མར་གྱུར།།
ང་ཡིས་མི་ལ་བདེན་པ་བརྗོད་བརྗོད་ནས།།
ཕ་ཡུལ་འདི་ལ་རྒྱབ་འགལ་བྱེད་དགོས་བྱུང་།།

ཕ་ཡུལ་ཁྲག་བཞིན་དཀྲུག་པའི་སྟག་གཟིག་ཚོར།།
འདི་ལྟར་བརྗོད་ན་སྙིང་རྩ་འཕར་སྲིད་མོད།།
ཁོ་བོའི་ས་མཐའི་འཚོ་བ་འཇམ་ན་ཡང་།།
ཁྱེད་ཚོ་དྲན་ན་སྙིང་དོན་ཁ་རུ་འབྱིན།།

ཐོང་ཐང་སྙན་གྲགས་ཅན་གྱི་བླ་དཔོན་ཚོའི།།
བདེན་པའི་ཟོལ་གྱིས་རང་སྡེ་སྐྱོང་ན་ཡང་།།
ལྟས་ངན་དམོད་ལ་གཏད་པའི་ཉམས་བདག།
མ་དག་དམྱལ་བར་སྐྱེ་ཡང་སྐྱོབས་མི་དགོས།།
༢༠༠༦  ༡༠ ༠༨

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།