MonJulMon2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

ལྷ་བཀྲ་དོན་གྲུབ་བམ་དར་མེ་སྨྱུག་གི་སྙན་ངག་གི་ཚོགས།

ལྷ་བཀྲ་དོན་གྲུབ་བམ་དར་མེ་སྨྱུག་གི་སྙན་ངག་གི་ཚོགས།

ཉིན་རེར་ཚིག་རེ། ཁག་དང་པོ།
༡༠༡༦/༩/༢༣____༡༠/༢༢

༡༽
ཁ་བ་གནམ་ནས་འབབ་ཀྱང་།།
འདབ་མ་སེམས་སུ་ལྷུང་བས།།
ཉི་ཟེར་ཕོག་བསྐལ་མེད་རུང་།།
ཆར་ཆུ་མིག་མཐར་འཁྱིལ་སོང་།།
༢༽
ལ་ལུང་དུ་ཙམ་མང་རུང་།།
དྲན་པ་འགོག་རྒྱུ་མེད་པས།།
སེམས་མི་རྒྱང་དུ་གནས་ཀྱང་།།
སེམས་གཏིང་ལྷ་བཞིན་འཛུམ་བྱུང་།།
༣༽
ས་རྡུལ་འཚུབ་མ་ནག་པོ།།
སེམས་ལ་འཁྱག་སྣང་མེད་རུང་།།
གྲོགས་མོའི་གཏམ་ལན་མེད་པས།།
སྙིང་ལ་དར་ཁ་འགྲིག་སོང་།།
༤༽
མ་ཤི་སེམས་པ་འདྲེས་ཤིང་།།
ཤི་ན་རྣམ་ཤེས་འདྲེས་པའི།།
ང་དང་ལས་མཐུན་བུ་མོ།།
རས་དང་ཚོན་བཞིན་འདྲེས་ཡོད།།
༥༽
ས་རྡུལ་འཚུབ་མས་སྐུར་གཙེར།།
དྲན་པ་རྩུབ་མོས་སེམས་གཙེར།།
ས་མཐའི་ཁེར་རྐྱང་ཡུལ་ན།།
དོན་མེད་གཙེར་མཁན་མང་ངོ་།།
༦༽
སེམས་མི་ཡུལ་ལ་ལོག་ནས།།
དྲན་པ་ང་ལ་སྐྱུར་བས།།
ཡ་ཁོག་སྙིང་གློའི་དཀྱུལ་ལ།།
གདུང་བས་ཆར་རླུང་འཁྲིགས་སོང་།།
༧༽
རང་ཤག་གྲུ་བཞི་ནང་ནས།།
ཡིད་སེམས་དཔེ་ཐོག་སྐོར་རུང་།།
སྙིང་སྡུག་རྒྱང་དུ་བཞུད་པས།།
དཔེའི་དོན་གོ་རྒྱུ་མི་འདུག།།
༨༽
སྙིང་སྡུག་ལྷ་མོར་འདྲ་བ།།
ཕ་མའི་འགྲམ་ལ་ལོག་སོང་།།
སེམས་གཏམ་གླེང་འདོད་སྐྱེས་རུང་།།
བཤད་སའི་སྐབས་གླགས་མི་འདུག།
༩༽
དྲན་དང་མི་དྲན་མ་འདྲི།།
དུང་དང་མི་དུང་མ་འདྲི།།
ཕྱིའི་གཟུགས་སྐམ་པར་ལྟོས་དང་།།
ནང་སེམས་ཅི་འདྲ་ཤེས་ཡོང་།།
༡༠༽
དྲན་པ་སེམས་ལ་རྐོས་ཡོད།།
དམ་བཅའ་ལྷ་ལ་བཅོས་ཡོད།།
ཚེ་ཚད་རྫོགས་པར་གྱུར་རུང་།།
དུང་བ་ཡལ་ས་མ་རེད།།
༡༡༽
མི་ཚེར་འགྲོགས་པའི་མི་དེ།།
མཛེས་པའི་ལྷ་མོ་མིན་རུང་།།
སེམས་སུ་དུང་བ་ཡོད་ན།།
འགྱོད་དགོས་ཡེ་ནས་མི་འདུག།
༡༢༽
ཚེ་འགྲོགས་འདོད་པའི་མི་དེ།།
ཆུང་འདྲེས་བྱམས་པ་མིན་རུང་།།
དུང་བའི་སེམས་པ་ཡོད་ན།།
འགྱོད་པ་སྐྱེས་དོན་མེད་དོ།།
༡༣༽
མཛེས་མས་མདུན་ནས་སྐོར་རུང་།།
སྙིང་སྡུག་ཡིད་ལ་དྲན་བྱུང་།།
རྒྱང་རིང་ཡུལ་གྱི་སྙིང་སྡུག།
ཉིན་མཚན་གཉིས་ཀྱི་དྲན་ཤིང་།།
༡༤༽
རྒྱང་རིང་སྙིང་སྡུག་དྲན་ན།།
ཤི་གསོན་གཉིས་ཀྱི་འཚམས་རེད།།
དེ་ཕྱིར་སྙིང་སྡུག་མཛའ་མོ།།
ཤི་གསོན་ཟུང་གི་བདག་རེད།།
༡༥༽
ཡིད་འོང་སྙིང་སྡུག་མཛའ་མོ།།
མི་མཐོང་རྒྱང་དུ་བཞུད་བས།།
དྲན་པའི་གདུང་བ་རྩུབ་མོ།།
ང་ལ་སྐྱོ་རོགས་འཇོག་སོང་།།
༡༦༽
གངས་ལ་ཁ་བ་ཆགས་ནས།།
བསྐལ་བ་རྫོཊ་པ་དྲན་ན།།
ང་རང་ཁྱེད་དང་འགྲོགས་ནས།།
མི་ཚེ་རྫོགས་ན་བསམ་བྱུང་།།
༡༧༽
བྲིས་པའི་ཡིག་འབྲུ་མང་རུང་།།
དྲན་གདུང་གསང་ཐབས་མི་འདུག།
རྒྱང་དུ་ལུས་པའི་སྙིང་སྡུག།།
དྲན་ནས་མིག་ཆུ་འཁྱིལ་སོང་།།
༡༨༽
ལས་དབང་ཟེར་ན་ཆོག་ལ།།
ལྟས་དབང་བརྗོད་ཀྱང་ཆོག་ཏེ།།
གང་ལྟར་ཁྱེད་དང་འཕྲད་པ།།
ཚེ་སྔོན་བསགས་པའི་ལས་འབྲས།།
༡༩༽
མཛེས་པའི་ངོ་གདོང་མ་བསམ།།
གཤིས་འཇམ་བལ་དཀར་བསམ་ཡོད།།
རྒྱུ་དང་ནོམ་པ་དྲན་མེད།།
བརྩེ་བའི་སྙིང་གཏམ་དྲན་བྱུང་།།
༢༠༽
ཁ་བ་འབབ་ན་དྲག་གི།
རླུག་ནག་འཚུབ་ནའང་དྲག་གི།
སྙིང་མི་བྱམས་པ་ཡོད་ན།།
ནོར་བུའི་ནོར་མཆོག་ཡིན་ནོ།།
༢༡༽
སྔོན་གྱི་ལས་འཕྲོད་མེད་ན།།
ཕར་བརྩེ་ཚིག་པའི་ས་བོན།།
ཅི་ལྟར་རེ་སྒུག་བྱེད་ཀྱང་།།
མཇུག་འབྲས་ཉིན་གྱི་སྐར་མ།།
༢༢༽
སེམས་པ་ཨེ་འདྲེས་བསམ་ནས།།
སྙིང་གཏམ་མཛོད་གང་སྦྱིན་ཡོད།།
ཚེ་གྲོགས་ཨེ་ཡོང་བསམ་ནས།།
རེ་སྒུག་བྱས་ནས་བསྡད་ཡོད།།
༢༣༽
དགའ་མ་ཁྱེད་ཀྱི་འདོད་བཞིན།།
བུ་ངས་རང་ཚུགས་འཛིན་ཆོག།།
གལ་ཏེ་ལས་འཕྲོ་ཡོད་ན།།
གཞུག་ནས་འཇལ་བའི་སྨོན་ལམ།།
༢༤༽
བརྩེ་བ་མེད་པའི་མི་དེ།།
རང་དང་རིང་ན་དགའ་རུང་།།
སེམས་ན་ཟུག་པའི་གདུང་བ།།
ཉིན་ནས་ཉིན་རེར་ཇེ་ཆེ།།
༢༥༽
ཕར་ལ་ལྷ་མོར་སྒོམ་རུང་།།
ཚུར་ལ་འདྲེ་སྲིན་སྒོམ་པས།།
སྙིང་ཤ་གཏུང་ནས་བཤགས་ཤིང་།།
སེམས་པ་གདུང་བས་གནར་སོང་།།
༢༦༽
ཚུར་དུང་མེད་པའི་བྱམས་པ།།
ཡོད་དང་མ་ཡོད་མི་འདུག།
སྤྲིན་ནག་རྒྱབ་ཀྱི་ཉི་མ།།
འོད་ཟེར་ཆེ་ཡང་ཅི་ཕན།།
༢༧༽
མི་ཁའི་རླུང་འཚུབ་རྒོད་གི།
སེམས་ཀྱི་དར་ལྕོག་འགུལ་གི།
དྲན་པའི་མི་དེས་བཤད་པ།།
བདེན་པ་ཡིན་ན་སྤྲོ་ཡོང་།།
༢༨༽
ཆང་གི་བཟི་ཁ་རྒོད་རུང་།།
གྲོགས་ཀྱི་རྩེད་འཚར་སྙན་རུང་།།
རྒྱང་རིང་ཡུལ་གྱི་སྙིང་སྡུག།།
བརྗེད་པའི་དུས་ནི་དཀའ་འོ།།
༢༩༽
ཉིན་མར་ཉིན་མ་བསྣན་ནས།།
བརྩེ་བའི་དར་དཀར་བསྲེངས་རུང་།།
དུང་ལན་མེད་པར་བལྟས་ན།།
རྡོ་སྐུ་ཡིན་པར་སྣང་བྱུང་།།
༣༠༽
མི་ཡུལ་ས་མཐའ་ཞིག་ནས།།
དྲན་པའི་གཞས་ཤིག་སྐུར་ཡོད།།
ཁྱེད་ཀྱིས་གོ་ཐོས་བྱུང་ན།།
གཞས་ལན་སྐུར་སྐུར་གནང་རོགས།།

ཉིན་རེར་ཚིག་རེ། ཁག་གཉིས་པ།
༢༠༢༦/༡༠/༢༣_____༡༡/༢༢

༣༡༽
འཕྲིན་པ་རྒྱང་ལ་སྐུར་རུང་།།
དྲན་པ་སངས་ཐབས་མི་འདུག།
ཨ་ལན་བདེ་མོ་མེད་ན།།
འཕྲིན་ལན་ཡོད་མེད་ཅི་ཁྱད།།
༣༢༽
མི་གོ་དགུ་གོའི་རྣ་བས།།
མི་སྙན་གཏམ་ངན་ཐོས་བྱུང་།།
མི་ང་རྡོ་སྐུ་མིན་པས།།
མི་ཟད་དྲན་གདུང་ལྕི་བྱུང་།།
༣༣༽
འཛེས་མིན་གཞན་ལ་གཙོ་རུང་།།
བཟང་མིན་རང་ལ་གཙོ་བས།།
གཤིས་བཟང་རྒྱང་རིང་བུ་མོ།།
མི་ཚེའི་སྐྱ་ཡར་བསྐྱོབ་ཡོད།།
༣༤༽
མི་འགྱུར་དམ་བཅའི་རི་མོ།།
ཕར་གྱི་བྲག་ལ་རྐོས་པས།།
རི་ཆུའི་འགག་འཕྲང་བཅད་ནས།།
ཁྱེད་ཕྱོགས་རླུང་བཞིན་འཆས་ཡོད།།
༣༥༽
མ་གྲོས་རང་མཐུན་འཛོམས་པ།།
སྔོན་གྱི་ལས་འཕྲོ་ཡིན་འདྲ།།
གྲོས་ཀྱང་མཐུན་རྒྱུ་མེད་པ།།
ལས་དབང་བསམ་ནག་ཡིན་འདྲ།།
༣༦༽
བརྩེ་བ་ཁྱོད་ལ་བཅོལ་ཡོད།།
ལས་དབང་ལྷ་ལ་བཅོལ་ཡོད།།
ཡིད་ཀྱི་ལྷ་མོ་ཁྱེད་ཉིད་།།
སེམས་ཀྱི་མཆོད་གནས་འཇོག་ཡོད།།
༣༧༽
བརྩེ་བ་དར་མདོར་འཇོག་ནས།།
དུང་བ་ཁྱེད་ལ་བསྲེངས་ནས།།
དྲན་གདུང་རང་གིས་ཁུར་ནས།།
མི་ཡི་ཡུལ་དུ་བུད་འགྲོ།
༣༨༽
བུད་འགྲོ་ཟེར་རྒྱུ་མ་ལོན།།
བདེ་མོ་འཇོག་བསྐལ་མ་བྱུང་།།
དུས་ཀྱི་རླུང་འཚུབ་ཁྲོད་ནས།།
སེམས་པ་རྨོངས་ནས་བུད་སོང་།།
༣༩༽
རླུང་འཚུབ་མིག་ལ་གནོད་བྱུང་།།
དྲན་པ་སེམས་ལ་གནོད་བྱུང་།།
འདྲེས་འདྲེས་མེད་པའི་སྙིང་སྡུག།
སེམས་ཀྱི་རྨ་ཁ་ཡིན་སོང་།།
༤༠༽
སེམས་པ་དར་མདོར་བཞག་ཡོད།།
དྲན་པ་རང་གིས་ཁྱེར་ཡོད།།
གདུང་བའི་ན་ཟུག་བཙན་རུང་།།
ནོངས་འགྱོད་སྤུ་ཙམ་མེད་དོ།།
༤༡༽
ལུས་ཕུང་རྒྱང་དུ་གནས་རུང་།།
སེམས་པ་ཁྱེད་ཕྱོགས་འཕུར་ཡོད།།
སེམས་དང་སེམས་པའི་བར་ལ།།
བརྩེ་བ་དུ་ཙམ་ཟབ་ཡོད།།
༤༢༽
གློག་གི་དབུགས་རྒྱུད་ཆད་ཅིང་།།
དྲྭ་བའི་སྲོག་རྩ་ཤོར་རུང་།།
རྒྱང་རིང་དྲན་པའི་སེམས་པ།།
ཡུད་ཙམ་ཆད་པར་མི་འདུག།
༤༣༽
གློག་དང་དྲྭ་བ་གཉིས་ཀ།
གློ་བུར་མཉམ་དུ་སླེབས་དུས།།
ཡིད་ནས་ཐོག་མར་དྲན་རྒྱུ།།
སྙིང་སྡུག་ཁྱེད་ལས་སུ་ཡོད།།
༤༤༽
རྒྱང་གི་ཁྱེད་ཉིད་བསམ་ནས།།
ལོ་ཟླ་གྲངས་མེད་འདས་སོང་།།
ལོ་གསུམ་ཟེར་བའི་ཡུད་ཚད།།
ཀུན་གྱི་སེམས་ལ་གསལ་ལོ།།
༤༥༽
ཉིན་གྲངས་འཛུབ་རྩེར་བགྲང་ཞོར།།
དྲན་པ་ཤོག་ངོས་ཕབ་ཡོད།།
རྒྱང་རིང་མི་མཐོང་ཡུལ་དེ།།
སེམས་སུ་ལྷང་ངེས་འཆར་བྱུང་།།
༤༦༽
དྲན་པ་སངས་ཐབས་མེད་པ།།
དཔྱིད་དུས་རི་རྩེའི་སྨུག་པ།།
སྡུག་ལ་དྭངས་རྒྱུ་མེད་པ།།
བྱེ་ཐང་དཀྱིལ་གྱི་འཚུབ་མ།།
༤༧༽
དྲན་པ་ལ་འཁོར་ལུང་འཁོར།།
སེམས་པའི་གཏིང་དུ་འཁོར་སོང་།།
ཁ་ཆར་ལ་འབབ་ལུང་འབབ།།
མིག་གི་མཐའ་རུ་ལྷུང་སོང་།།
༤༨༽
ང་དང་ཡིད་མཐུན་གྲོགས་པོ།།
ལ་ལུང་གྲངས་ཀྱིས་བཅད་ནས།།
གྲིབ་ཙམ་མི་མཐིང་བྱེད་རུང་།།
སེམས་ནས་བརྗེད་ཀིན་མེད་དོ།།
༤༩༽
སེམས་ཀྱི་བུམ་པ་ནང་ལ།།
བརྩེ་བའི་འོ་ཆུ་བླུད་ཡོད།།
ཕྱི་སྣོད་བུམ་པ་ཡོད་ན།།
ནང་གི་འོ་ཆུ་མི་འབྱེད།།
༥༠༽
ཟངས་ཀྱི་གའུ་སྟེང་ལ།།
བྱུ་རིའི་ཁྲ་རྒྱན་རྒྱོབས་ཡོད།།
ཕྲ་ཁུང་གས་ཆག་མེད་ན།།
བྱུ་རི་གས་པ་མི་སྲིད།།
༥༡༽
དྲན་པ་ཁྱེད་ཀྱིས་མི་ཤེས།།
དུང་བ་དེ་ལས་མི་རྟོགས།།
རྡོ་སྐུ་འདྲ་བའི་བྱམས་པ།།
མཚན་གྱི་རྨི་ལམ་འཁྲུགས་སྤྱད།།
༥༢༽
དྲན་དང་མ་དྲན་མི་འདུག།
དྲན་པ་རང་སྡུག་མྱོང་ཅན།།
མི་དྲན་རང་སེམས་སྐྱིད་སྤྱད།།
རང་རང་བདེ་སྤྱད་ཡིན་ནོ།།
༥༣༽
མཛེས་པའི་ལྷ་མོ་མིན་རུང།།
འབྱོར་ཅན་ཀླུ་མོ་མིན་ཀྱང་།།
འོ་མ་ལྟ་བུའི་བརྩེ་བ།།
རྡོ་ལ་རྐོས་ན་ཆོག་གོ།
༥༤༽
དཔྱིད་དུས་རྨོས་པའི་སྲན་མ།།
སྟོན་དུས་སད་ཀྱིས་ཁྱེར་སོང་།།
ལོ་སྔོན་འཕྲད་པའི་བྱམས་པ།།
མི་འདོད་ལས་ཀྱིས་གཏོར་སོང་།།
༥༥༽
ལས་དབང་ལྷ་ལ་བཅོལ་ཞིང་།།
དུང་བ་ཁྱེད་ལ་བཅོལ་བས།།
ཤ་ཁྲག་ཕུངཔོ་འདི་ཉིད།།
དྲན་པའི་གདུང་གིས་གནར་སོང་།།
༥༦༽
དྲན་པ་ཤོག་ངོས་བྲིས་ཡོད།།
དུང་བ་སེམས་སུ་སྦུས་ཡོད།།
ཡིད་འཕྲོག་ལྷ་མོ་ཁྱེད་ཉིད།།
མི་ཚེའི་གྲོགས་ལ་རེ་ཡོད།།
༥༧༽
སྙིང་ཤ་ལྕགས་ལས་གྲུབ་ཅིང་།།
སེམས་པ་རྡོ་ཡིས་བཟོས་པའི།།
བྱམས་པ་རྡོ་སྐུ་འདྲ་བ།།
སེམས་པ་གཅོང་བྱེད་ཡིན་སོང་།།
༥༨༽
ཤར་འགྲོ་སྤྲིན་པ་མཐོང་དུས།།
ང་རང་ཡིན་ན་བསམ་བྱུང་།།
རྒྱང་རིང་ཕ་ཡུལ་དེ་ལ།།
སྐོེར་ཞིག་བརྒྱབ་ན་སྐྱིད་པ།།
༥༩༽
ཕྱི་ཡི་སྐྱེས་གཟུགས་མཛེས་པ།།
ཆར་རྗེར་འཇའ་ཚོན་རང་མདངས།།
ནང་གི་སེམས་དེ་ཡོད་ན།།
ད་གཟོད་ནོར་གྱི་ནོར་བུ།།
༦༠༽
སེམས་ཀྱི་མཁའ་དབྱིངས་དེ་རུ།།
ཆར་རླུང་འཁྲུགས་ས་མེད་རུང་།།
གཟུགས་མེད་དྲན་པའི་སྨུག་པ།།
ཡོངས་སུ་འཐིམ་པ་འདྲ་བྱུང་།།
༦༡༽
དྲན་པ་སེམས་སུ་སྦུས་ནས།།
སྙིང་ཆུང་གཅོང་གིས་གནར་སོང།།
མི་ཡུལ་ལུང་བ་འདི་ནས།།
ཤ་སྐམ་རས་བཀྲར་གྱུར་སོང་།།

ཉིན་རེར་ཚིག་རེ་ཁག་གསུམ་པ།
༢༠༡༦/༡༡/༢༣_____༡༢/༢༢

༦༢༽
ལུས་དང་ལུས་ཀྱི་བར་ཐག།
གནམ་ས་གཉིས་དང་མཚུངས་རུང་།།
སེམས་དང་སེམས་པ་འདྲིས་པ།།
འོ་ཆུ་ཡིན་ན་དགའ་བ།།
༦༣༽
བྲིས་པ་རྩིས་གྲངས་མེད་རུང་།།
དྲན་པ་དྭངས་ཐབས་མི་འདུག།
མཚོ་དཀྱིལ་རྡོ་འཕང་འདྲ་བའི།།
འཕྲིན་འདིས་ཅི་ཞིག་བྱ་ཆོག།
༦༤༽
རྒྱང་རིང་ས་མཐའ་ཡུལ་ནས།།
ཟླ་བཞི་ཡུན་གྱིས་འདས་སོང་།།
དུས་ཡུད་འདི་དག་རིང་ལ།།
དྲན་པས་ཡོངས་སུ་བསྡམས་སོང་།།
༦༥༽
གཙང་བོ་འདྲ་བའི་དུས་ཚོད།།
རྒྱང་ནས་རྒྱང་དུ་བཞུད་སོང་།།
སེམས་མི་ང་གཉིས་བར་ཐག།
དེ་བཞིན་རིང་ནས་རིང་དུ།།
༦༦༽
ཕ་ཡུལ་དག་ཞིང་མིན་རུང་།།
སྐྱིད་པའི་སྣང་བ་ལོས་འཆར།།
ཕ་མ་སྤུན་མཆེད་ལ་སོགས།།
གཉེན་བའི་མི་དག་ཡོད་རེ།།
༦༧༽
ཆང་གི་དྲི་ངད་ལྡིང་བའི།།
སྤྲོ་སྐྱིད་གར་སྟེགས་འདི་ཉིད།།
གླུ་དང་གར་གྱིས་རྒྱན་རུང་།།
རྒྱང་རིང་སྔར་བཞིན་རྒྱང་རིང་།།
༦༨༽
རྒྱང་རིང་ས་མཐར་ཉུལ་དུས།།
ཕ་མར་ཐུག་ན་བསམ་བྱུང་།།
ཕ་མར་འཇའ་རྒྱུ་བྱུང་དུས།།
མཛའ་མོ་ཡིད་ལ་འཁོར་བྱུང་།།
༦༩༽
ཕ་ཡུལ་གསེར་གྱི་གཞུང་ལ།།
མུ་ཏིག་ཕྲ་རྒྱན་འདེབས་ཡོད།།
ཕྲ་རྒྱན་ནང་གི་མཛེས་རྒྱན།།
ཕ་མ་སྤུན་མཆེད་བཞུགས་ཡོད།།
༧༠༽
མི་ཡུལ་རྒྱང་དུ་གནས་དུས།།
ཨེ་ཐུག་རེ་བ་ཆེ་རུང་།།
འཕྲད་ནས་ངོ་གདོང་མཐོང་དུས།།
སེམས་སུ་ཁ་ཆར་འབབ་བྱུང་།།
༧༡༽
སེམས་སུ་བརྩེ་བ་མེད་ན།།
ལང་ཚོ་རྫོད་སྤྱད་ཡིན་སོང་།།
ལང་ཚོ་ལང་ཚོ་ཟེར་བ།།
ཚེ་རེར་ཐེངས་རེ་མིན་ནམ།།
༧༢༽
འཛོམས་པའི་གྲོས་གཞི་མེད་ཀྱང་།།
སྔོན་མའི་ལས་ཀྱིས་འཛོམས་བྱུང་།།
སློབ་གྲོགས་འཛོམས་པ་ཡག་མོ།།
དར་རྩེ་མདོ་ནས་འཛོམས་བྱུང་།།
༧༣༽
གྲོགས་པོ་ལས་འཕྲོད་ཅན་དག།
དར་རྩེ་མདོ་ན་འཛོམས་བྱུང་།།
འཛོམས་པའི་དུས་ཚོད་ཡག་མ།།
བདུད་རྩི་ཆང་གིས་སྐྱེལ་ཡོད།།
༧༤༽
ཡག་ཡག་མིག་ལ་ཞིམ་རུང་།།
ནམ་མཁའི་འཇའ་ཡི་རང་བཞིན།།
སྐད་ཅིག་ཙམ་གྱི་ཆོས་ཉིད།།
བསམ་ན་སྟོང་བའི་རང་བཞིན།།
༧༥༽
ཕྱི་གཟུགས་ལྷ་མོར་འདྲ་རུང་།།
ནང་གི་སེམས་པ་མེད་ན།།
རྡོ་ལ་བྲིས་པའི་སྐུ་བཞིན།།
མཛེས་རུང་བསམ་ས་དཀའ་སྤྱད།།
༧༦༽
མཛེས་པ་ལྷ་དང་འདྲ་རུང་།།
སྙིང་ཤ་རྡོ་ལས་གྲུབ་ན།།
སེམས་པ་དམར་པོ་འདི་ཉིད།།
སྟོན་དང་མ་སྟོན་མི་འདུག།
༧༧༽
བྲོ་ར་དྲོད་ཀྱིས་ཕྱུག་རུང་།།
སྙིང་ཤ་འཁྱག་གིས་བསྡམས་སོང་།།
ལུས་ཀྱི་སྟངས་སྟབས་ཡག་རུང་།།
སེམས་པ་སྒྲོག་གིས་བཅངས་སོང་།།
༧༨༽
དྲི་བའི་རྩུབ་བརྡར་ཁྲོད་ནས།།
དམར་པོ་མེ་ལས་ཚ་བའི།།
སྙིང་གཏམ་དམར་པོ་དེ་དག།
ཆུ་མིག་བཞིན་དུ་རྡོལ་བྱུང་།།
༧༩༽
གློ་བུར་གློ་བུར་ཞིག་གིས།།
ལུས་འདི་ཡུལ་ལ་སླེབས་སོང་།།
སྲབ་མེད་སེམས་ཀྱི་རྟ་རྒོད།།
རྒྱབ་གཟུགས་གང་ལ་ཟུག་སོང་།།
༨༠༽
དབུས་སྐད་མི་དགོས་ཟེར་གི།
ཨམ་སྐད་མི་ཤེས་ཟེར་གི།
ཁམས་སྐད་མི་བཤད་ཟེར་གི།
རང་སྐད་ཟེར་བ་གང་ཡིན།།
༨༡༽
གང་དང་བྲལ་བའི་དུས་སུ།།
དྲན་པ་འགོག་ཐབས་མི་འདུག།
མི་དྲན་མི་བསམ་སེམས་རུང་།།
ཕྱི་བའི་དུས་ལ་ཁེལ་འདུག།
༨༢༽
ལོ་དྲུག་བསྡད་པའི་ཡུལ་དེར།།
སྨྲ་བརྗོད་བྲལ་བའི་གཏམ་རྒྱུད།།
མུ་འབྲེལ་བརྙན་འཁོར་བཞིན་དུ།།
གཅིག་རྗེས་གཉིས་སུ་འཆར་བྱུང་།།
༨༣༽
འདས་པའི་དོན་དག་གང་ཞིག།
ཡིད་ནས་མི་དྲན་བསམ་རུང་།།
ཟློག་མེད་བརྩེ་བས་ཁྲིད་པའི།།
སེམས་ནས་ཡང་ཡང་དྲན་བྱུང་།།
༨༤༽
མཛེས་མ་ལྷ་ལ་སྒོམ་མེད།།
མེད་པོ་གདོན་ལ་བསམ་མེད།།
བརྩེ་བ་སུ་ལ་ཡོད་ན།།
དུང་བའི་ལྷ་མོར་སྒོམ་ཡོད།།
༨༥༽
བུ་མོ་ཁྱེད་དང་འུ་གཉིས།།
འགྲིག་ཀྱང་མཐུན་པར་ཡོང་བའི།།
ལྷད་མེད་སྨོན་ལམ་གཙང་མ།།
ལྷ་དང་བླ་མར་བཅོལ་ཡོད།།
༨༦༽
མཚུངས་མེད་ཆོས་ར་ནང་ནས།།
སྒོམ་ལ་བརྩོན་ཁ་བྱས་རུང་།།
རྒྱང་རིང་ཁོ་མོ་དྲན་དུས།།
ཆོས་ལ་བརྩོན་སེམས་མེད་ཀི།
༨༧༽
དག་པའི་ཆོས་ཚོགས་ཁྲོད་དུ།།
སྨྱུང་གནས་སྡོམ་པ་ཞུ་རུང་།།
ལྷ་མོ་འཆར་རྒྱུ་མེད་ཅིང་།།
ཡིད་འོད་མཛའ་མོ་དྲན་བྱུང་།།
༨༨༽
ཀ་བཞི་གདུང་བརྒྱད་ཁྱིམ་དུ།།
ཕ་མའི་སྐུ་དྲིན་དྲོད་རུང་།།
བྱམས་པ་དཀོན་མཆོག་མེད་པས།།
སྙིང་ཤ་སྔར་བཞིན་འཁྱག་གི།
༨༩༽
འདི་ནས་རྒྱང་ཐག་རིང་སར།།
གནས་པའི་ཡིད་འཕྲོག་ལྷ་མོ།།
འཇལ་འཛོམས་སྐལ་བཟང་མེད་ཀྱང་།།
སེམས་པའི་དཀྱིལ་དུ་འཇོག་ཡོད།།
༩༠༽
ལྷ་དང་བླ་མའི་མདུན་ནས།།
རྣམ་དག་ཆོས་བྱེད་བྲལ་རུང་།།
འུ་གཉིས་འགྲིག་ཀྱང་མཐུན་པའི།།
སྨོན་ལམ་གཙང་མ་ཞུ་ཡོད།།
༩༡༽
ཕ་ཡུལ་དག་པའི་ཞིང་ན།།
ཕ་མ་སྤུན་མཆེན་འཛོམས་རུང་།།
ཡིད་འཕྲོག་ཁྱེད་རང་མེད་པས།།
སེམས་ལ་གས་ཁ་དོད་སོང་།།

ཉིན་རེར་ཚིག་རེ། ཁག་བཞི་པ།
༢༠༡༦/༡༢/༢༣_____༢༠༡༧/༡/༢༢
༩༢༽
གློག་དེ་གློ་རྒྱག་ཆད་པས།།
ཁྱེད་དང་འབྲེལ་ཐབས་མ་བྱུང་།།
ཁྱིམ་གྱི་ཁང་ཕུགས་ནང་ནས།།
ཁྱེད་ཉིད་སེམས་སུ་སྒོམ་ཡོད།།
༩༣༽
ངེས་མེད་གློག་དེ་ཆད་སོང་།།
ཁ་པར་བརྡ་རྟགས་ཆད་སོང་།།
ཁྱེད་ཉིད་དྲན་པའི་ན་ཟུག།
ལུས་སེམས་གཉིས་ལ་ཁྱབ་སོང་།།
༩༤༽
གྲོགས་པོའི་སྐད་ཆ་བར་ནས།།
ཁྱེད་ཀྱི་གནས་ཚུལ་སྒུག་ཡོད།།
གནས་ཚུལ་བཟང་རུང་ངན་རུང་།།
ང་ལ་མཛེས་པའི་མེ་ཏོག།
༩༥༽
བརྡ་རྟགས་ཆད་པའི་མཚན་མོར།།
ཁྱེད་ཉིད་དྲན་པ་མང་གི།
དྲན་པའི་སེམས་པ་ཆུང་ཆུང་།།
ས་གས་རྡོ་གས་གྱུར་སོང་།།
༩༦༽
དྲིན་ཆེན་ཕ་མ་དྲུང་ནས།།
བྱམས་སྐྱོང་བླ་ལྷག་ཐོབ་རུང་།།
རྒྱང་གི་སྙིང་སྡུག་དྲན་ནས།།
སེམས་སུ་ན་བུན་འཐུལ་སོང་།།
༩༧༽
བརྩེ་བ་ཡོད་མེད་མི་ཤེས།།
དུང་བ་ཟབ་མིན་མི་རྟོགས།།
རང་སེམས་འཕྲོག་པའི་མི་དེར།།
ནམ་ཐུག་རེ་སྒུག་བྱས་ཡོད།།
༩༨༽
ཁྱེད་ཉིད་རྨ་བྱའི་སྒྲོ་ལ།།
སེམས་པ་ཤོར་བ་སྔར་སོང་།།
བུམ་པ་རང་དང་མཉམ་མིན།།
མ་ཤེས་ལུས་པས་འགྱོད་སོང་།།
༩༩༽
མོ་ལ་སེམས་པ་མེད་རུང་།།
ཡིད་ནས་དྲན་རྒྱུ་བརྗེད་མེད།།
སླར་ཡང་མེ་ཏོག་བཞད་དུས།།
ཕན་ཚུན་མཐུན་པའི་སྨོན་ལམ།།
༡༠༠༽
སྐུད་མེད་བརྡ་འཕྲིན་ལམ་ནས།།
འཕྲིན་པའི་བང་ཆེན་བཏང་ཡོད།།
ཕར་དགའ་ཚུར་དུང་མེད་པའི།།
བུ་མོས་ཡིག་ལེན་མེད་གི།
༡༠༡༽
རྒྱང་རིང་སྙིང་སྡུག་བསམ་ནས།།
མཚན་གྱི་གཉིད་དེ་གཅོག་སོང་།།
མཐུན་མིན་མི་ཤེས་ལུས་རུང་།།
སེམས་ནས་ལྷག་ཏུ་དྲན་བྱུང་།།
༡༠༢༽
སྙིང་སྡུག་ཁྱེད་དང་ང་གཉིས།།
ཆུ་དང་ཉ་མོ་བཞིན་དུ།།
མཉམ་དུ་གཤིབ་རྒྱུ་བྱུང་ན།།
དགུན་གྱི་དར་ལ་ཅི་འཇིགས།།
༡༠༣༽
ཡུལ་འདི་རྒྱུས་མེད་མིན་རུང་།།
འདུག་འདོད་སྤུ་ཙམ་མི་འདུག།
ཉེ་འཁོར་གཉེན་ཉེས་སྐོར་རུང་།།
ཁྱེད་རང་སྔར་བཞིན་དྲན་བྱུང་།།
༡༠༤༽
ཁ་པར་བརྡ་འཕྲིན་ལམ་ན།།
སྐད་མདངས་འཇམ་ལུགས་བལྟས་ན།།
ཡིད་འཕྲོག་བུ་མོ་དེ་ལ།།
སེམས་པ་ཡོད་ཚོད་རེད་འདུག།
༡༠༥༽
ཁེར་རྐྱང་ས་མཐར་ཉུལ་དུས།།
གྲོགས་དང་གཉེན་ཉེ་དྲན་བྱུང་།།
ལྷག་ཏུ་ཡིད་འཕྲོག་དྲན་པས།།
སེམས་པ་མག་གིས་བཟུང་སོང་།།
༡༠༦༽
རི་དང་ལུང་བ་བརྒལ་ནས།།
ཆུ་དང་གཙང་བོ་བཅད་ནས།།
རྒྱུས་མེད་ཡུལ་དུ་སླེབས་དུས།།
མཛའ་མོ་ལྷག་ཏུ་དྲམ་བྱུང་།།
༡༠༧༽
བྱ་དགའ་དྲི་ཙམ་ཡིན་རུང་།།
སེམས་སུ་དྲོད་དེ་སྟེར་བྱུང་།།
དྲོད་དེ་ཡལ་བར་མྱུར་རུང་།།
དགའ་བ་ཡལ་རྒྱུར་དཀའ་འོ།།
༡༠༨༽
ཁོ་མའི་ཟུར་མིག་ཡལ་ནས།།
སེམས་སུ་རྨ་ཁ་དོད་སོང་།།
རྨ་ལ་ཁྲག་འཛགས་བྲལ་རུང་།།
བཅོས་མེད་ན་ཟུག་སློང་ཡོང་།།
༡༠༩༽
ཕར་བརྩེ་འོ་མ་བླུད་དུས།།
འོ་ལན་ཆུ་ཡིས་འཇལ་གི།
ཆུ་ལ་རྩམ་སྐྱ་གཏབས་དུས།།
དུང་བའི་མར་ལོ་འཕེན་བྱུང་།།
༡༡༠༽
སུན་རབས་བརྗོད་མཁན་མོ་རེད།།
དྲན་རབས་བཤད་མཁན་མོ་རེད།།
དོན་གྱི་ཁོ་མོའི་སེམས་སུ།།
ལྷ་འདྲེ་ཅི་ཡོད་སུས་ཤེས།།
༡༡༡༽
རྒྱང་རིང་རྒྱང་ལ་ཆས་དུས།།
ཕ་མ་ཡིད་ལ་དྲན་རུང་།།
ཟློག་མེད་ལས་བསྐོས་ཡིན་པས།།
མྱུར་མོས་ལོག་ཐབས་མེད་འདྲ།།
༡༡༢༽
ཡིད་སེམས་འཕྲོག་པའི་མི་དེ།།
ལ་ལུང་གང་དུ་ཡོད་རུང་།།
སེམས་སུ་ཡང་ཡང་དྲན་ནས།།
ལུས་ཀྱི་ཤ་དེ་སྐམ་སོང་།།
༡༡༣༽
འགྲིག་མིན་དཔྱད་ན་མི་ཤེས།།
དུང་མིན་དཔག་ན་མི་རྟོགས།།
གང་ལྟར་སེམས་ཀྱི་སྐད་ཆ།།
སྦས་པ་བཤད་དགོས་བྱུང་སོང་།།
༡༡༤༽
སེམས་དང་བྲལ་བའི་མི་དེ།།
ལྷ་སྐུ་ཁོག་སྟོང་བཞིན་དུ།།
ཡོད་དང་མ་ཡོད་མི་འདུག།
སེམས་པ་གཅོང་བྱེད་ཉག་གཅིག།
༡༡༥༽
རུས་པའི་སྒྲོག་འཚམས་བར་ནས།།
གཟིགས་མེད་རླུང་ཕྲན་རྒྱུད་བས།།
སེམས་གཏིང་སྦས་པའི་གསང་བ།།
ས་ཕྱོགས་གང་དུ་ཤོར་སོང་།།
༡༡༦༽
འཁོར་བ་འཁོར་བའི་ཆོས་ལ།།
བདེ་བ་སྤུ་ཙམ་བྲལ་ཞིང་།།
སྐྱིད་པ་དེ་བཞིན་དཀོན་པས།།
ཡིད་སེམས་སྡུག་གིས་གནར་སོང་།།
༡༡༧༽
སེམས་དང་བྲལ་བའི་མི་དེ།།
མཛེས་དང་མ་མཛེས་མི་འདུག།
མཛེས་པ་ནམ་མཁའི་འཇའ་རེད།།
སྐད་ཅིག་གཅིག་གི་ཆོས་རེད།།
༡༡༨༽
སེམས་ནང་སོང་བའི་མི་དེ།།
ལྷ་འདྲེ་གང་ཡིན་མི་སྐྱོན།།
དུང་བའི་སེམས་པ་ཡོད་ན།།
མི་ཚེའི་གྲོགས་ལ་བགྲང་ཆོག།
༡༡༩༽
ཉིན་གཅིག་འདུག་རོགས་མཛེས་ལས།།
ཚེ་གཅིག་འགྲོ་རོགས་བཙོག་ཆོག།
དུག་འདྲེས་པད་མ་མཛེས་ལས།།
གོ་ཆོད་ཚེར་མ་མཆོག་ཡིན།།
༡༢༠༽
སང་ཉིན་སང་ཉིན་ཟེར་ནས།།
ལོ་གཅིག་འདས་ལ་ཉེ་སོང་།།
འདས་པའི་ལོ་དེ་བསམ་ན།།
ཅི་ཡང་མ་འགྲུབ་འགྱོད་སོང་།།
༡༢༡༽
རྒྱང་ཐག་རིང་བའི་མི་དེ།།
དྲན་པའི་སེམས་སུ་འཆར་བ།།
སུ་དང་གང་གིས་མི་ཤེས།།
རི་བོ་སྟོང་གི་རྒྱབ་ངོས།།
༡༢༢༽
མི་ཚོགས་རླབས་ཕྲིང་ཁྲོད་ནས།།
མཛེས་པ་གཅིག་ལྷག་གཅིག་རེད།།
སེམས་ཀྱི་དབང་རྩ་འཕྲོག་མཁན།།
སྙིང་སྡུག་ཁྱེད་ལས་མི་འདུག།

ཉིན་རེར་ཚིག་རེ། ཁག་ལྔ་བ།
༢༠༡༧/༡/༢༣------༢༠༡༧/༢/༢༢

༡༢༣༽
སྐྱིད་པའི་བྲོ་ར་ཡངས་པོར།།
སྟངས་སྟབས་གར་དེ་མཛེས་རུང་།།
སེམས་པ་རྒྱང་ལ་ཤོར་བས།།
འཁྲབ་བའི་ཡི་ག་འགག་འདུག།
༡༢༤༽
བྲོ་ར་ཆུང་ཙམ་ནང་ནས།།
སྟངས་སྟབས་ཡག་ཙམ་སྟོན་ཡོད།།
སྟོན་དང་མ་སྟོན་མི་འདུག།
སེམས་ཆུང་དྲན་པས་གནར་འདུག།
༡༢༥༽
མཛེས་པ་ལྷ་དང་མཉམ་ཞིང་།།
གསུང་བ་ཁུ་བྱུག་ཡིན་རུང་།།
ནང་གི་སེམས་དེ་མེད་ན།།
རྡོ་ཡི་སྐུ་དང་ཅི་ཁྱད།།
༡༢༦༽
རྒྱང་ཐག་རིང་བའི་མི་དེ།།
དྲན་པའི་གཏིང་ལ་ཟུག་སོང་།།
ཉིན་མཚན་དབྱེ་བ་མེད་པར།།
སེམས་སུ་གསལ་བོར་འཆར་འདུག།
༡༢༧༽
ལོ་གཅིག་ལོ་གཉིས་བགྲང་ནས།།
ཉེར་གཉིས་ལོ་དེ་འདས་སོང་།།
འདས་པའི་ལོ་དག་དྲན་ན།།
སེམས་སུ་སྨུན་པ་འཐུབ་བྱུང་།།
༡༢༨༽
སྐྱིད་པའི་གནམ་ལོ་གསར་བར།།
གཉེན་མི་ལྷན་དུ་འཛོམས་བྱུང་།།
ཕན་ཚུན་གླེང་བའི་གཏམ་དག།
སེམས་ཀྱི་གཏིང་དུ་ཟུག་སོང་།།
༡༢༩༽
ཁྱིམ་རྒྱུད་གཅིག་པའི་གཉེན་དག།
གཅིག་ཏུ་འཛོམས་ནས་རྩེད་བའི།
དགའ་བའི་འཛུམ་དང་སྒྲ་དག།།
སེམས་ཀྱི་གཏིང་དུ་འཁྱིལ་སོང་།།
༡༣༠༽
གར་འོང་མེད་པའི་རླུང་དེས།།
སེམས་པ་རྒྱང་ལ་ཁུར་སོང་།།
དྲན་པའི་གདུང་བ་ལྕི་མོ།།
ཁེར་རྐྱང་ང་ལ་བཞག་སོང་།།
༡༣༡༽
སྟངས་སྟབས་ཡག་པོ་མེད་རུང་།།
གང་བདེ་འཁྲབ་ནས་ཚར་སོང་།།
ལོ་འདིར་བདེ་བའི་སྨོན་ལམ།
བསང་དང་འགྲོགས་ནས་པུར་ཡོད།།
༡༣༢༽
མི་དག་རྒྱ་མཚོར་འཁྱུལ་བའི།།
འཇིག་རྟེག་མི་ཡི་ཡུལ་ན།།
བུ་མོ་ཁྱེད་དང་འཕྲད་པ།།
ཚེ་སྔོན་ལས་འཕྲོ་ཡིན་ནམ།།
༡༣༣༽
གཡང་གིས་འདེད་པའི་རླུང་རྟས།།
དགུང་གི་བང་རིམ་གཏོར་ནས།།
བདེ་སྐྱིད་གཡང་གི་རུ་མ།།
མི་ཡི་ཞིང་ལ་ཕོབས་རོགས།།
༡༣༤༽
སྐད་འཕྲིན་འཕྲིན་ཕྲན་ཟེར་བ།།
དག་མིན་བདེན་དཔང་དཀའ་རུང་།།
སྤྲང་བོས་སྤྲང་སྟེགས་ཡིན་པ།།
མིག་མཐོང་ལག་ཟིན་མིན་ནམ།།
༡༣༥༽
ཤ་དང་པགས་པའི་བར་ན།།
རླུང་ཕྲན་རྒྱུ་ལམ་མེད་རུང་།།
གཟུགས་མེད་དྲན་པ་རྒོད་པོ།།
སྙིང་ཤ་གཏོར་ནས་འཕུར་སོང་།།
༡༣༦༽
འཛོམས་པ་ཡག་པོ་དུས་ལ།།
ཤེས་བྱའི་བདུད་རྩི་ཐོབ་ནས།།
རྨོངས་པའི་མུན་ནག་གསལ་བས།།
སེམས་པ་སྤྲོ་བས་ཁེངས་སོང་།།
༡༣༧༽
རེ་བ་སེམས་ཀྱིས་སྐྱེད་ཞིང་།།
དུང་བ་ཡིད་ཀྱིས་འཚོལ་ནས།།
དུས་ཀྱི་སྐར་ཆ་རེ་རེ།།
རྒྱང་དུ་འདས་ན་བསམ་བྱུང་།།
༡༣༨༽
འཛོམས་པ་བྲལ་བའི་ལྟས་དང་།།
གྱེས་པ་འཛོམས་ལྟས་ཡིན་པ།།
སོ་སོའི་སེམས་ལ་གསལ་བས།།
སང་ཉིན་འཛུམ་གྱིས་གྱེས་འགྲོ།
༡༣༩༽
སྐད་ཆ་བཤད་ནས་ཚར་རུང་།།
དུང་བ་བརྗོད་ནས་ཚར་མེད།།
གདོང་གི་འཛུམ་དེ་བསམ་ན།།
གང་ཞིག་བཤད་རྒྱུ་ལུས་སོང་།།
༡༤༠༽
ལྷ་དང་སྲུང་མ་རྣམས་ལ།།
དོན་གྱི་ཕྱིན་རླབས་ཡོད་ན།།
ང་དང་སྙིང་སྡུག་བར་ལ།།
བྲལ་མེད་ལས་ཤིག་གནང་རོགས།།
༡༤༡༽
བདེ་ཆེན་ཆོས་ར་གླིང་ནས།།
སྡོམ་པ་བརླང་ཁ་བྱེད་རུང་།།
སེམས་པ་ལྷ་ལ་མ་འཁོར།།
མི་དགོས་རྒྱང་ལ་ཤོར་སོང་།།
༡༤༢༽
མ་བརྟག་མ་དཔྱད་སྒོ་ནས།།
སྨྱུང་བར་གནས་ཙམ་བྱ་རུང་།།
ལྟོགས་སྐོམ་དུ་ཁ་མྱོང་དུས།།
རང་སྡུག་ཉོས་སྤྱད་བསམ་བྱུང་།།
༡༤༣༽
བདེ་ཆེན་ཆོས་ར་ནང་ན།།
ཁ་བ་བུ་ཡུག་འཚུབ་རུང་།།
དད་ལྡན་ཡུལ་མི་འདི་དག།།
ཆོས་པའི་ལས་ལ་བརྩོན་འདུག།
༡༤༤༽
ལུས་ཕུང་ཆོས་ལ་སྐོར་རུང་།།
སེམས་པ་རྒྱང་ལ་ཤོར་སོང་།།
སེམས་པ་ཤོར་སའི་མི་དེ།།
ལྷ་མོ་ཡིན་ན་བསམ་བྱུང་།།
༡༤༥༽
སྐར་ཆ་རེ་རེ་འདས་ནས།།
མཛའ་གྲོགས་དུས་ཆེན་སླེབས་རུང་།།
མཛའ་མེད་ཁེར་ཀྱང་ང་རང་།།
དུས་ཆེན་རོལ་ཐབས་ཡོད་དམ།།
༡༤༦༽
ལྷག་པས་ངོ་ལ་གཙེ་ཞིང་།།
ལྟོག་པས་ལྟོ་བར་གནར་རུང་།།
དད་ལྡན་ཡུལ་མི་འདི་དག།
ཆོས་དང་དབྱེ་མེད་འདྲེས་འདུག།
༡༤༧༽
འཇིག་རྟེན་འཁོར་བའི་འདོད་ཡོན།།
སྤྱད་ནས་ཚིམས་པ་གར་ཡོད།།
ཡིད་མཐུན་གྲོགས་གང་དེ་ལ།།
གཏམ་བརྗོད་ཚིམས་པའི་སེམས་གང་།།
༡༤༨༽
ཁྱིམ་གྱི་བྱ་བ་ཙག་ཙིག།
རེ་རེར་སྒྲུབ་དགོས་བྱུང་དུས།།
དྲིན་ཆེན་ཨ་མའི་ལས་དེ།།
ཆར་ཆུས་གནར་བ་རྟོགས་གི།
༡༤༩༽
ལྷ་དང་ལྷ་མོ་ཡོད་ན།།
ང་ལ་སྤྱན་གྱིས་གཟིགས་རོཊ།།
རྒྱང་གི་བྱམས་པ་ང་གཉིས།།
འཛོམས་པའི་དུས་ཤིག་གནང་རོགས།།
༡༥༠༽
ལས་འབྲེལ་མི་འདུག་མ་གསུང་།།
འཇིག་རྟེན་མཐུན་པའི་ལས་དེ།།
སྔར་ནས་མཐུན་ནས་ཡོད་པ།།
ཉིན་གྱི་སྐར་མ་ཡིན་རེད།།
༡༥༡༽
མཛེས་པ་མིག་གིས་བལྟས་ཡོད།།
བཟང་བ་སེམས་ཀྱིས་མྱང་ཡོད།།
ཕྱི་ནང་ཡག་པའི་མི་དེ།།
སྙིང་ཤ་ཐོག་ལ་རྐོས་ཡོད།།
༡༥༢༽
སྐྱེ་རྒ་ན་འཆི་ལ་སོགས།།
འཇིག་རྟེན་འཁོར་བའི་ཆོས་དག།
དུས་ཚིགས་དབྱར་གྱི་གནམ་གཤིས།།
ནམ་སླེབས་ནམ་འོང་སུས་ཤེས།།
༡༥༣༽
ཐུག་པ་ཕར་ལ་འཇོག་དང་།།
སྐད་ཙམ་ཐོས་བ་མེད་པས།།
སེམས་ཀྱི་དྲན་པའི་རྨ་ཁ།།
ཉིན་ནས་ཉིན་རེར་ཇེ་ཆེ།།

ཉིན་རེར་ཚིག་རེ། ཁག་དྲུག་པ།
༡༠༡༧/༢/༢༣------༢༠༡༧/༣/༢༢

༡༥༤༽
ཁམས་ཀྱི་ལི་ཐང་ཡུལ་ན།།
སྐྱབས་དང་རེ་ས་མང་རུང་།།
བདུན་པ་ཚང་གི་ཡན་ཞིག།
ང་ཡིས་ད་སྔོན་མྱོང་མེད།།
༡༥༥༽
སེམས་དང་སེམས་འདྲེས་རུང་། །
སྔོན་གྱི་ལས་འཕྲོ་མེད་ན།།
འཛོམས་པའི་སྐལ་བཟང་མེད་ཞིང་།།
འཕྲད་པའམ་ཉག་ཕྲར་སྣང་ངོ་།།
༡༥༦༽
འདབ་དྲུག་ཁ་བ་དཀར་པོ།།
དགུང་སྔོན་དབྱིངས་ནས་ལྷུང་བྱུང་།།
ཉི་འོད་བྲལ་བའི་ཞུ་ཆུ།།
མིག་གི་མཐའ་ན་འཁྱིལ་སོང་།།
༡༥༧༽
ང་དང་ཁོ་མོ་བར་ལ།།
མི་ཁ་འཁོར་ལུགས་བལྟས་ན།།
ཆུ་མེ་ལྷན་འཇོག་བཞིན་དུ།།
འཕྲད་ལས་མེད་པའི་རྟགས་རེད།།
༡༥༨༽
གཞན་ལ་གཞན་ལུགས་ཡོད་བཞིན།།
བོད་ལ་བོད་ལུགས་ཡོད་པས།།
རང་གིས་རང་ལུགས་བསྐྱང་ན།།
ད་གཟོད་རང་ལ་སྲོག་ཡོད།།
༡༥༩༽
ལོ་གསར་ཁ་བ་དཀར་པོ།།
ལ་དང་ལུང་ལ་འབབ་སོང་།།
ལོ་གསར་རྟེན་འབྲེལ་བཟང་པོ།།
ལོ་སར་ཚེ་འགོར་འགྲིག་སོང་།།
༡༦༠༽
རྩྭ་ཆུ་འཛོམས་དང་མི་འཛོམས།།
རྟ་ནོར་སྐྱག་ལ་ལྟོས་དགོས།།
མི་སེམས་བཟང་དང་མི་བཟང་།།
ཡུན་རིང་འགྲོགས་དང་ཤེས་ཡོང་།།
༡༦༡༽
ལོ་གསར་ཁ་བ་ཟེར་བ།།
གསེར་ལས་དཀོན་རབས་ཡོད་རུང་།།
ད་ལོའི་འབབ་པའི་ཁ་བ།།
གདོན་འདྲེས་འགྲོ་ལམ་དཀག་འདུག།
༡༦༢༽
ཡིད་མཐུན་བུ་མོ་ང་ཉིད།།
ཆུང་ནས་འདྲེས་པ་མིན་རུང་།།
ད་སྐབས་ཡ་ཆུང་སེམས་གཏིང་།།
ཟུག་པའི་བདེ་སྐྱིད་ཚེར་མ།།
༡༦༣༽
ནང་གི་སེམས་པ་ཟེར་བ།།
མི་མཐོང་འཇིག་རྟེན་ཡིན་རུང་།།
ཕྱི་དག་མིག་ལ་ཟུག་པས།།
སེམས་ཀྱིས་བཏང་འདོད་མི་འདུག།།
༡༦༤༽
དགའ་དང་དུང་བ་ཟེར་བའི།།
སྐད་ཆ་མང་པོ་མི་དགོས།།
སེམས་པ་འགྱུར་བ་མེད་ན།།
དུང་བ་འབུམ་གྱི་མཚོན་རྟགས།།
༡༦༥༽
དུང་བ་མེད་གི་མ་ཟེར།།
བརྩེ་བ་བྲལ་གི་མ་གསུང་།།
རང་སེམས་ཁབ་མིག་ཙམ་ལ།།
ཁྱེད་ཀྱི་ཡོད་དོ་སྦས་ཡོད།།
༡༦༦༽
ལོ་མ་ལྗང་དང་མི་ལྗང་།།
སྡོང་བའི་རྩ་བར་ཐུག་ཡོག།
བརྩེ་དུང་བརྟན་དང་མི་བརྟན།།
ཡིད་ཆེས་ཡོད་མེད་ཡིན་ནོ།།
༡༦༧༽
ཉེ་བར་བཅལ་རྒྱུ་མང་ན།།
གས་པའི་ཉེན་ཁ་འབྱུང་ཡོང་།།
རྒྱང་ནས་བརྩེ་བའི་མི་དེ།།
ཉེ་དུས་སེམས་པ་གཅོང་གིན།།
༡༦༨༽
བརྩེ་བའི་བྱམས་པ་སྒུག་ནས།།
ཉིན་རེ་ཞག་རེ་ལུས་སོང་།།
འཕྲད་པའི་དུས་དེ་དཀོན་པས།།
སེམས་པ་གཅིག་སྐྱོ་གཉིས་སྐྱོ།།
༡༦༩༽
ནུས་ལྡན་ལྷ་མོ་མིན་རུང་།།
དྲིན་ཅན་ཨ་མ་མིན་ཀྱང་།།
སེམས་དང་བསམ་པའི་གཏིང་།།
བརྗེད་མེད་དྲན་བྱང་ཉག་གཅིག།
༡༧༠༽
དྲིན་ཅན་ཕ་མ་འགྲམ་དུ།།
གཅེས་པའི་ཨོ་ལོ་ཡིན་རུང་།།
རྒྱང་གི་མི་དེ་དྲན་ན།།
ཨོ་ལོ་ཡིན་རུང་ཅི་བྱེད།།
༡༧༡༽
ཉེས་པའི་ལོ་རྒྱུས་མེད་རུང་།།
མངགས་བཏོང་ཁང་ལ་འགྲོ་རྒྱུ།།
དེ་འདྲར་སླ་བོ་མ་རེད།།
མི་བདེན་དངོས་བདེན་དགོས་གིན།།
༡༧༢༽
ཕར་འགྲོ་འཛུམ་གྱིས་སྐྱེལ་ཞིང་།།
ཚུར་འོང་དུང་བས་བསུ་མཁན།།
བརྩེ་བའི་སྙིང་གི་སྒྲོལ་མ།།
ཉིན་མཚན་ཟུང་གི་བདག་མོ།།
༡༧༣༽
བློ་གཅིག་སེམས་གཅིག་ཟེར་ནས།།
མི་ཚེར་འགྲོགས་རྒྱུ་དཀའ་རུང་།།
འགྲོཊ་པའི་དུས་ཡུན་ཙམ་ལ།།
སེམས་པ་གསོད་པར་མ་བྱེད།།
༡༧༤༽
དར་མདོའི་མཛའ་གཞས་གྲོང་ནས།།
མཛའ་མོར་ཐུག་པར་སྒུག་རུང་།།
སེམས་པ་མེད་པའི་བྱམས་པ།།
སྒུག་དང་མི་སྒུག་མེད་འདྲ།།
༡༧༥༽
ཕ་ཡུལ་རྒྱང་ན་ལུས་རུང་།།
དྲན་པའི་བསམ་པ་མི་འདུག།
སྙིང་སྡུག་འགྲམ་ན་ཡོད་རུང་།།
སེམས་ཀྱི་གཏིང་ནས་དྲན་འདྲ།།
༡༧༦༽
ལས་འཕྲོ་རླུང་གིས་འདེད་ནས།།
རྒྱུས་མེད་ཡུལ་ལ་ལྷུང་སོང་།།
སེམས་ཀྱི་མེ་ལོང་ངོས་སུ།།
བྱམས་པ་ཝར་ལེ་འཆར་བྱུང་།།
༡༧༧༽
ལས་ཀྱིས་འདེད་པ་ཡིན་རུང་།།
ལྟས་ཀྱིས་འཛོམས་པ་ཡིན་ཀྱང་།།
འཛོམས་པའི་ལས་བསྐལ་འདི་ནི།།
གསེར་སྲང་སྟོང་གི་རིན་ཡིན།།
༡༧༨༽
ལས་འཕྲོ་ཟེར་ན་ཆོག་ལ།།
ལྟས་དབང་འབོད་ན་ཆོག་གོ།
གང་ལྟ་མཉམ་འཛོམས་བྱུང་བ།
ལས་ལྟས་ཟུང་གི་དྲིན་རེད།།
༡༧༩༽
ལས་དབང་བཙན་སོང་མ་ཟེར།།
ལྟས་དབང་འཁྱོག་སོང་མ་གླེང་།།
ཁྱེད་དང་ང་གཉིས་ཕྲད་པ།།
སྔོན་གྱི་ལས་འཕྲོ་ཡིན་འདྲ།།
༡༨༠༽
རྒྱུས་མེད་འགུ་དྲག་ཡུལ་ནས།།
སླེབས་ནས་ཞག་འགའ་འགོར་རུང་།།
དགོས་པའི་དགེན་དང་མ་འདྲེས།།
དགོས་མེད་མོ་དང་འདྲེས་སོང་།།
༡༨༡༽
སློབ་སྦྱོང་བྱ་འདོད་སྐྱེས་རུང་།།
ངག་སྦྱོར་འཕྲོད་ཐབས་མི་འདུག།
དབྱིན་ཡིག་ཟེར་བའི་ཡིག་རིགས།།
མི་འཕྲོད་ངག་དེ་ཡིན་འདྲ།།

ཉིན་རེར་ཚིག་རེ། ཁག་བདུན་པ།
༢༠༡༧/༣/༢༣--------༢༠༡༧/༤/༢༢

༡༨༢༽
རྒྱང་རིང་ཡུལ་གྱི་མི་དེ།།
ཉིན་དང་མཚན་ལ་དྲན་རུང་།།
བཙན་པོའི་ཁྲིམས་འོག་གནས་པའི།།
ང་ལ་འབྲེལ་ཐབས་མི་འདུག།
༡༨༣༽
དར་མདོར་ཞུགས་པའི་མི་དེ།།
ཆུང་འདྲིས་བྱམས་པ་མི་རུང་།།
སྙིང་ནས་ཡང་ཡང་དྲན་ནས།།
མིག་ཆུ་སེམས་སུ་འཁྱིལ་བྱུང་།།
༡༨༤༽
ད་སྔོན་མ་སྦྱང་ལས་ལ།།
རེ་རེར་འཇུག་དགོས་བྱུང་དུས།།
འདས་པའི་དུས་ཚོད་དག་ལ།།
འགྱོད་པའི་གདུང་བ་འཕེལ་བྱུང་།།
༡༨༥༽
འདས་པའི་ལོ་ཟླ་མཐའ་དག།
སེམས་སུ་འཆར་རྒྱུ་བྱུང་དུས།།
མ་འགྲུབ་མ་ཐུབ་ལུས་པས།།
བུ་ང་འགྱོད་པས་གནར་བྱུང་།།
༡༨༦༽
དྲུག་དཀར་རྐེད་ལ་བཏགས་ཡོད།།
བདག་པོ་སེམས་ལ་གཉར་ཡོད།།
ཕྲད་པ་ཉུང་བ་ཡིན་རུང་།།
སེམས་ནས་བརྗེད་ཐབས་མི་འདུག།
༡༨༧༽
གྲོགས་དང་གྲོགས་ཀྱི་སེམས་པ།།
མར་དང་མར་ལོ་ཐུག་འདྲ།།
ལས་ཀྱི་མེ་དཔུང་ཐུག་ཀྱང་།།
སེམས་པ་མཉམ་དུ་བཞུར་ངེས།།
༡༨༨༽
རྒྱུས་མེད་མི་ཡི་ཡུལ་ལ།།
འདྲེས་སར་སླ་མོ་མེད་རུང་།།
གྲོགས་དང་སེམས་པ་འདྲེས་པས།།
ཀུན་ལ་འདྲེས་པ་སྣང་བྱུང་།།
༡༨༩༽
གོ་སྐབས་ལེགས་པོ་འགྲིག་དུས།།
བཤད་རྒྱུའི་སྤོབས་པ་མ་བྱུང་།།
གོ་སྐབས་བྱ་བཞིན་འཕུར་རྗེས།།
སེམས་སུ་ཁ་བ་འབབ་བྱུང་།།
༡༩༠༽
གོང་གིས་བཤད་པར་དཔྱད་ན།།
བདེ་སྟེར་ལྷ་ཡུལ་འདྲ་བྱུང་།།
ལུས་ཀྱིས་དངོས་སུ་མྱོང་ན།།
སེམས་ལ་ཞེན་ཁ་རྡོལ་བྱུང་།།
༡༩༡༽
ཁོར་ཡུག་མཛེས་པར་བགྲང་རུང་།།
རང་ལུགས་ཁྱད་ཆོས་དབེན་འདུག།
དགེན་དག་མཁས་པར་བགྲང་རུང་།།
རང་གི་སློབ་གསོ་ཞན་གིན།།
༡༩༢༽
འོད་དང་ཆར་ཟེར་འཕྲད་ནས།།
མཛེས་པའི་འཇའ་ཚོན་དོད་བཞིན།།
སེམས་དང་བསམ་པ་འདྲེས་ནས།།
མཛའ་མཐུན་གྲོགས་པོ་རྙེད་སོང་།།
༡༩༣༽
གོང་གི་རྩ་ཁྲིམས་ཟེར་བ།།
དབྱར་གྱི་ཐོག་རྒོད་དམར་པོ།།
གནས་ལུཊ་མཁར་རྫོང་སྲ་ཡང་།།
འཇོམས་པར་ཐེ་ཚོམ་གར་ཡོད།།
༡༩༤༽
དགེན་དག་ཁྲིད་རྒྱུར་མི་དགའ་།།
སློབ་མ་སྦྱང་བར་མི་སྤྲོ།།
བརྩེ་དུང་པ་ཏྲའི་གསེང་ནས།།
དུས་ཚོད་བོར་ཚོད་ཡོད་འདྲ།།
༡༩༥༽
རི་ཆུ་ནགས་གསུམ་བརྒལ་ནས།།
རང་ཡུལ་པང་དུ་ལོག་ནས།།
ཕ་མའི་འགྲམ་དུ་སླེབས་རུང་།།
སེམས་པ་མོ་ལ་ཕྱོགས་སོང་།།
༡༩༦༽
འདྲེས་ནས་ཟླ་གཉིས་མ་ལོན།།
མི་ཁའི་ཐོག་རྒོད་ལྷུང་ནས།།
རྩོད་པའི་འཁྲིགས་པ་ལྷུང་སྟེ།།
སེམས་པ་གཅོང་གིས་གནར་བྱུང་།།
༡༩༧༽
རྟག་བརྟན་མེད་པའི་བརྩེ་བ།།
མི་ཁའི་རླུང་གིས་སྤུར་བས།།
ཡ་ཆུང་སྙིང་ཤ་སྟེང་ལ།།
གཟོད་དཀའི་རྨ་ཁ་དོད་བྱུང་།།
༡༩༨༽
སེམས་ལ་དོད་པའི་རྨ་ཁ།།
སྨན་དང་དཔྱད་ཀྱིས་མི་ཕན།།
ཁོ་མོའི་སྐད་ཙམ་ཡོད་ན།།
མི་རིང་ཡུད་ཀྱིས་བསང་ངེས།།
༡༩༩༽
ང་དང་རྒྱང་རིང་མི་གཉིས།།
རི་ཆུ་སྟོང་གིས་དབྱེ་རུང་།།
སེམས་པ་ཆུང་ཆུང་གཉིས་པོ།།
ཆུ་དང་འོ་མའི་ངང་ཚུལ།།
༢༠༠༽
བརྩེ་བའི་ཁབ་མིག་ནང་དུ།།
དུང་བའི་སྐུད་པ་རྒྱུས་ཡོད།།
མཛེས་སྡུག་ཕྲུག་ཁྲ་འཚེམ་པར།།
བར་ཆད་མེད་པའི་སྨོན་ལམ།།
༢༠༡༽
རྒྱང་ཐག་ཅི་ཙམ་རིང་ཡང་།།
སྐྱོ་དགོས་བསམ་པ་མི་དགོས།།
ལས་འཕྲོ་རྙེད་པ་བྱུང་ན།།
ནམ་ཞིག་འཛོམས་པ་བྱུང་ངེས།།
༢༠༢༽
ཕ་མ་འཛོམས་པའི་དུས་ལ།།
དགའ་བདེ་སྐྱིད་གསུམ་མ་ཤེས།།
རྒྱང་གི་མི་ཡུལ་འགྲིམ་དུས།།
དྲན་པའི་ཤུགས་རིང་འཆོར་གིན།།
༢༠༣༽
བརྩེ་བ་མེད་ཀྱང་ཆོག་ལ།།
དུང་བ་བྲལ་ནའང་ཆོག་གི།།
མི་ཚེ་མཉམ་སྐྱེལ་བྱུང་ན།།
སེམས་ཁམས་གང་ནི་ཡིན་གོ།
༢༠༤༽
སང་ཉིན་སང་ཉིན་ཟེར་ནས།།
དུས་ཚོད་རླུང་བཞིན་ཡལ་སོང་།།
མ་ཤེས་ལུས་པའི་དཔེ་ཆ།།
སེམས་ཀྱི་ཁུར་བོ་ཡིན་འདྲ།།
༢༠༥༽
རྒྱང་གི་ཁྱེད་རང་དྲན་པ།།
མ་ཤི་དམྱའ་བ་འགྲིམ་པ།།
མྱོང་བའི་སྡུག་བསྔལ་དག་ལ།།
འདི་དང་གན་ཞེས་མི་འདུག།
༢༠༦༽
ཁོ་མོ་ཁོ་མོ་ཟེར་བ།།
སྒོམ་པའི་ལྷ་མོ་མིན་རུང་།།
ཉིན་དང་མཚན་མོ་མེད་པར།།
སེམས་ཀྱི་ངོས་ལ་འཆར་བྱུང་།།
༢༠༧༽
ཉེས་པ་ཤོར་སྟངས་ཤིག་གིས།།
སོ་སོར་གྱེས་དགོས་བྱུང་རུང་།།
སེམས་དང་བསམ་པའི་གཏིང་ནས།།
བརྗེད་པའི་ཐབས་དེ་མེད་ཀིན།།
༢༠༨༽
གོམ་པ་མདུན་དུ་སྤོས་ཀྱང་།།
སེམས་པ་ཕྱི་ལ་ཤོར་སོང་།།
སེམས་པ་ཆགས་སའི་བུ་མོ།།
བསྐྱུར་ན་འགྲོ་འདོད་མི་འདུག།
༢༠༩༽
ད་ལྟའི་སེམས་ན་ཡོད་པའི།།
རྒྱང་རིང་ཡུལ་གྱི་བུ་མོ།།
ཆུང་འདྲེས་བྱམས་པ་མིན་རུང་།།
མི་ཚེར་འགྲོགས་འདོད་སྐྱེས་བྱུང་།།
༢༡༠༽
མོ་སྟོང་འདུས་པའི་ཡུལ་ན།།
ཕོ་རྒོད་ཡོད་ན་དཀའ་ཙམ།།
ཤེས་དང་མ་ཤེས་མེད་པར།།
ཨང་གྲངས་སློང་བར་བྱིན་འདུག།
༢༡༡༽
མཛེས་པའི་ལྷ་མོ་མིན་རུང་།།
བྱམས་ལྡན་ཕ་མ་མིན་ཀྱང་།།
རང་གི་སེམས་པའི་དཀྱིལ་ལ།།
ལྷ་དང་ཕ་མའི་ཡན་སྣང་།།
༢༡༢༽
བུ་མོ་སེམས་རྐུས་ཅན་དེ།།
དར་མདོ་ཡུལ་ལ་གནས་རུང་།།
སེམས་པའི་མེ་ལོང་ངོས་སུ།།
ལྷ་མོ་བཞིན་དུ་འཆར་བྱུང་།།



ཉིན་རེར་ཚིག་རེ། ཁག་བརྒྱད་པ།
༢༠༡༧/༤/༢༣---------༢༠༡༧/༥/༢༢
༢༡༣༽
དར་མདོ་ལུང་གསུམ་མདོ་ནས།།
སྐོར་བ་ལན་གསུམ་བརྒྱབ་རུང་།།
དགོས་པའི་བྱམས་པ་མ་འཇལ།།
མི་དགོས་གྲང་རླུང་ལྡང་བྱུང་།།
༢༡༤༽
མི་ཚེ་གཅིག་གི་དུས་ཚོད།།
རེ་སྒུག་ནང་ནས་ཟད་རུང་།།
རང་སེམས་ཤོར་བའི་མི་དང་།།
འགྲོགས་པ་ཉུང་རུང་བདེ་སྐྱིད།།
༢༡༥༽
རེ་སྒུག་ཁྲོད་ཀྱི་ཞག་གཉིས།།
ལོ་ཟླ་གང་ལས་རིང་བ།།
མཐའ་མར་སེམས་སྟོང་ངང་ནས།།
ཕྱི་ལ་ལོག་པ་སྐྱོ་བ།།
༢༡༦༽
མི་ཚེ་རྨི་ལམ་ཙམ་ལ།།
སྐྱིད་སྡུག་གང་དང་འཕྲད་ཀྱང་།།
འཛུམ་གྱིས་ཡར་ལ་ལངས་དང་༎
མི་ཚེ་སྐྱིད་པའི་གཞི་ཡིན།།
༢༡༧༽
ཉིན་སྒུག་མཚན་སྒུག་བྱེད་པའི།།
ཡ་ཁོག་སེམས་ཀྱི་བྱམས་པ།།
སློབ་གྲྭའི་སྒོ་ཁར་སླེབས་རུང་།།
ངོ་གདོང་བརླན་རྒྱུ་མ་བྱུང་།།
༢༡༨༽
སློབ་གྲྭའི་སྒྲིག་ལམ་དམ་ཡང་།།
མི་ཁའི་འཚུབ་མ་རྒོད་ཀྱང་།།
རང་སེམས་སོང་བའི་མི་དེ།།
དོད་མེད་གཡུགས་རྒྱུ་མིན་ནོ།།
༢༡༩༽
ཕ་མའི་བཀའ་གཏམ་བཙན་རུང་།།
གྲོགས་ཀྱི་ཤིག་ཤིག་མང་རུང་།།
སེམས་མཐུན་བུ་མོ་གང་དང་།།
མཉམ་འགྲོ་མཉམ་འདུག་བསམ་བྱུང་།།
༢༢༠༽
བར་ཐག་རིང་ན་མི་སྐྱོན།།
སེམས་ཐག་ཉེ་ན་ཆོག་ངེས།།
ཕུན་ཚོགས་མིན་ན་མི་སྐྱོན།།
བརྩེ་བ་ཡོད་པས་ཆོག་གོ།།
༢༢༡༽
རེ་བའི་འཛོམས་པ་ཉར་ནས།།
རི་དང་ཆུ་བོ་བཅད་ཡོད།།
རྒྱང་རིང་ཡུལ་ལ་ཆས་པ།།
རེ་བའི་འཛོམས་པ་ཆེད་ཡིན།།
༢༢༢༽
གདོང་ལ་འཛུམ་ཞིག་བཞད་པས།།
སེམས་པ་སྐྱིད་ལ་འདེད་སོང་།།
སེམས་པ་ཤེས་ཐབས་བྲལ་རུང་།།
འཛུམ་དེ་ཡོད་པས་ཆོག་གོ།
༢༢༣༽
དེ་རིང་ཁེར་རྐྱང་ལུས་དུས།།
མདང་གི་འཛོམས་པ་དྲན་བྱུང་།།
བཞུར་བའི་དུས་ཚོད་འདི་ཉིད།།
ཕྱིར་ལ་ལོག་ན་བསམ་བྱུང་།།
༢༢༤༽
མི་ཚེར་འགྲོགས་པའི་མི་དེ།།
ལྷ་མོ་མིན་ཀྱང་མི་སྐྱོན།།
ཀུན་ལ་རྔ་མ་གཡུགས་པའི་།།
ཁྱི་མོ་ཡིན་ན་སྐྱོ་ཡོང་།།
༢༢༥༽
མཛེས་པ་ལྷ་མོ་མིན་ཀྱང་།།
དུང་བའི་མཆོད་པ་འབུལ་ཡོད།།
དངོས་གྲུབ་གནང་རྒྱུ་མེད་རུང་།།
ཇ་ལན་ཆུ་ཡིས་མ་འཇལ།།
༢༢༦༽
ལས་དབང་ཟེར་བའི་བགོས་སྐལ།།
ནམ་མཁའ་གོང་མས་གནང་རུང་།།
གཅེས་ཤེས་ཅན་ལ་མ་གཏོགས།།
ཀུན་ལ་འདྲ་མཉམ་མིན་འདྲ།།
༢༢༧༽
བསླུ་བྲིད་འཐེབ་པའི་བརྩེ་དུང་།།
རང་འཕུང་གཞན་གནོད་ཡིན་འདྲ།།
དཔེ་ན་རལ་གྲི་སོ་གཉིས།།
གཞན་གསོད་རང་རྨས་ཡིན་འདྲ།།
༢༢༨༽
བརྩེ་དུང་རྩེད་མོ་འདྲ་བ།།
ཡོད་དང་མ་ཡོད་མི་འདུག།
སྔོན་མའི་ལས་འཕྲོད་མེད་ན།།
ལང་ཚོ་རྫོད་ཅན་ཡིན་འདྲ།།
༢༢༩༽
སེམས་དང་སེམས་པ་འདྲེས་ན།།
ལོ་དང་ཟླ་བ་མི་དགོས།།
ཉིན་གཅིག་ཉིན་གཉིས་ཙམ་ལ།།
འདྲེས་ནས་སྤུན་མཆེད་འདྲ་བྱུང་།།
༢༣༠༽
མི་ཚེར་འགྲོགས་འདོད་སྐྱེས་ནས།།
ལོ་གསུམ་འཚོ་ཁ་བྱས་ཡོད།།
སེམས་དེ་ཤ་ཞིག་མིན་པས།།
མཐའ་མར་སོ་སོར་གྱེས་སོང་།།
༢༣༡༽
མི་དྲན་མི་དྲན་བསམ་ནས།།
དམ་ཐོག་དམ་བཅའ་བརྩེགས་རུང་།།
ལོ་གསུམ་ངལ་བ་ཡོད་པས།།
དབང་མེད་ཡང་ཡང་དྲན་བྱུང་།།
༢༣༢༽
དད་པ་ཡོད་དང་མེད་པ།།
ཕྱི་ནས་བལྟས་ན་མི་རིག།
ནང་གིས་དཔྱད་ཐབས་མེད་པས།།
གཞན་སེམས་གཅོད་པར་མ་གནང་།།
༢༣༣༽
མི་དྲན་མི་དྲན་བསམ་ནས།།
རང་ཚིགས་འཛིན་ཁ་བྱེད་རུང་།།
ཞག་གསུམ་མ་འགོར་གོང་ནས།།
དྲན་པའི་མཆི་མ་ཤོར་སོང་།།
༢༣༤༽
ཆུང་ཆུང་ཆུང་གི་བྱམས་པ།།
འདི་ཞེས་བགྲང་རྒྱུ་མེད་ཀྱང་།།
སེམས་པ་ཐོག་པའི་མི་དེ།།
ཉིན་མཚན་མེད་པར་དྲན་བྱུང་།།
༢༣༥༽
ནང་ན་རིག་པས་རྒྱན་ཞིང་།།
ཕྱི་ནས་སྲོལ་བཟང་མང་བའི།།
བུ་མོ་ལྷ་མོར་འདྲ་བ།།
གློ་སྙིང་གསེང་ན་སྦས་ཡོད།།
༢༣༦༽
ཕྱི་ཐག་མེད་པའི་གྲོགས་དེ།།
ཡོད་ལས་མེད་ན་དགའ་ཙམ།།
རྩ་བ་དུག་ཅན་ཡིན་པའི།།
པད་མ་མཛེས་ཀྱང་ཅི་ཕན།།
༢༣༧༽
ངོ་ཤེས་མིན་པའི་མི་དེ །།
ལྷ་མོ་ཡིན་ཀྱང་ཅི་ཕན།།
ནང་གི་ཟུངས་བཞུགས་མེད་ན།།
དད་པ་སྐྱེས་ས་མ་རེད།།
༢༣༨༽
འཇིག་རྟེན་ཆེ་པོར་མ་སྒོམ།།
ཡང་ནས

ཉིན་རེར་ཚིག་རེ། ཁག་དགུ་བ།
༢༠༡༧/༥/༢༣------/༢༠༡༧/༦/༢༢
༢༤༣༽
སྟེང་ནས་ཕ་སྐད་གླེང་རུང་།།
འོག་ནས་སྦྲགས་སྐད་འབབ་ཀིན།།
ང་ཡི་ཁོར་ཡུག་འདི་རུ།།
ཕ་སྐད་ཉམས་ཆུང་ཉམས་ཆུང་།།
༢༤༤༽
སྐད་ཆ་བཤད་སྟངས་ཤིག་གིས།།
འབྲེལ་བའི་ཐག་འདུན་བཅོད་སོང་།།
དེ་སྔོར་གཉོར་བའི་བུམ་ཆུང་།།
ཐང་གི་རྡོ་ལ་བརྡབས་སོང་།།
༢༤༥༽
བརྩེ་བ་མེད་པའི་མི་དེ།།
ཐང་གི་རྡོ་བ་འདྲ་སྟེ།།
ཁུར་དང་མ་ཁུར་མི་འདུག།
རང་ལྕི་ཙམ་ལས་ཅི་ཕན།།
༢༤༦༽
རི་བོ་མང་ཀྱང་མི་སྐྱོན།།
ལམ་ཕྲན་དོག་ན་དྲག་གི།།
འཛོམས་འདོད་སེམས་ན་ཡོད་ན།།
རི་དགུ་ཆུ་དགུ་སྐོར་ཡོང་།།
༢༤༧༽
ཁ་སང་བཤད་པའི་གཏམ་དེ།།
རླུང་དང་ཆུ་ཡིས་ཁུར་སོང་།།
དེ་རིང་ཤུལ་དུ་ལུས་པ།།
འགྱོད་པའི་རྨ་ཁ་ཡིན་འདྲ།།
༢༤༨༽
དགའ་དང་མི་དགའ་མ་འདྲི།།
སོ་སོའི་སེམས་སུ་ཡོད་རེད།།
ཁ་ནས་དགའ་ཞེས་བཤད་པ།།
ལྕེ་དེ་གཡོ་སྟངས་ཡིན་ངེས།།
༢༤༩༽
བརྩེ་བ་དང་ནི་དུང་བ།།
གཞན་མེད་རིན་ཆེ་ཡིན་འདྲ།།
གཡོ་དང་སྒྱུ་ཡིས་མ་བསླུ།།
མཐའ་མར་རང་ཉིད་བརླག་ངེས།།
༢༥༠༽
ཕྱི་ཡི་མཛེས་སྡུག་ཟེར་བ།།
འཇའ་ཡི་ཆོས་སུ་གྲུབ་ཀྱང་།།
ནང་རྒྱུད་སེམས་པར་འབོད་པ།།
ཤི་ཡང་ངོ་མཚར་ཆེ་ངེས།།
༢༥༡༽
དགུང་ནས་འབབ་པའི་ཁ་བ།།
ཉི་མས་འོད་ཀྱིས་ཞུ་སོང་།།
སེམས་སུ་ལྷུང་བའི་ཁ་བ།།
ཞུ་བའི་ཐབས་བཀོལ་མི་འདུག།
༢༥༢༽
མ་གྲོས་གཅིག་ཏུ་འཛོམས་པ།།
སྔོན་གྱི་ལས་འཕྲོ་ཡིན་འདྲ།།
ཕན་ཚུན་སེམས་པ་འདྲེས་པ།།
ཚེ་འདིའི་བགོས་བསྐལ་ཡིན་འདྲ།།
༢༥༣༽
མི་ཚེ་ཟེར་བའི་གཙང་བོ།།
མདུན་ནས་མདུན་དུ་བཞུར་བའི།།
འགྲམ་གྱི་མཛེས་སྡུག་དེ་དག།།
ཤོར་བའི་སེམས་པ་སྐྱོ་སོང་།།
༢༥༤༽
ཕུགས་བསམ་འབོད་པའི་ཡུལ་དེར།།
འགྲོ་འདོད་འགྲམ་ཆུ་ཟག་རུང་།།
རང་ནུས་ཁབ་རྩེར་འདྲ་བས།།
རིང་ནས་རིང་དུ་སྣང་བྱུང་།།
༢༥༥༽
ཁྲིད་པར་སྐྱར་སྦྱོང་བསམ་ནས།།
ཟུར་ལོག་བྱས་ནས་བསྡད་ཀྱང་།།
རང་སྐུལ་བསམ་པ་མེད་པས།།
འབྲས་བུ་སྟོང་བ་ཉིད་དོ།།
༢༥༦༽
ལུས་འཕྲོ་ཡོད་པའི་མི་ལ།།
འཛོམས་གྲོས་བྱེད་སྐལ་མེད་རུང་།།
མི་ཚོགས་རྦ་རླབས་ཁྲོད་ནས།།
ལས་ཀྱིས་འདེད་ནས་ཕྲད་སོང་།།
༢༥༧༽
ཚུར་འདེད་འཛུམ་པའི་བུ་མོར།།
རང་སེམས་མཐུན་པ་མེད་རུང་།།
འགྲོ་ལ་ཉེ་བར་གྱུར་དུས།།
སེམས་རབ་རིབ་གྱུར་སོང་།།
༢༥༨༽
ཐུག་དགོས་ཐུག་དགོས་བསམ་ནས།།
ཡར་མར་བར་གསུམ་རྒྱུ་ཡང་།།
ལས་འཕྲོ་ཟད་པའི་མི་དེ།།
མ་འཕྲད་རྒྱང་དུ་བཞུད་སོང་།།
༢༥༩༽
སྐུར་བའི་འཕྲིན་ཡིག་ནག་ཆུང་།།
རླུང་གིས་རྒྱང་དུ་ཁུར་རུང་།།
མ་བྲིས་སེམས་ན་ཉར་བའི།།
གསང་གཏམ་ནམ་ཡང་མི་བརྗེད།།
༢༦༠༽
དགོས་མེད་བརྩེ་བ་ཞིག་ལ།།
ལོ་ཟླའི་གྲངས་མེད་བཏང་རུང་།།
མཐའ་མར་ཐོབ་རྒྱུ་མེད་པས།།
སེམས་པ་གཅོང་ལ་འདེད་སོང་།།
༢༦༡༽
ཚུར་དུང་མི་དེ་མ་དགོས།།
ཕར་དུང་མི་དེ་བོར་སོང་།།
་གཡས་གཡོན་འཁོར་ཡུན་ཙམ་ལ།།
ལག་སྟོང་འདུག་དགོས་བྱུང་སོང་།།
༢༦༢༽
རི་ལམ་རྐང་བས་བཅད་ནས།།
དགོན་པར་འཇལ་བར་བྱིན་ཡོད།།
དགོན་གྱི་ལྷ་སྲུང་མདུན་དུ།།
རྣམ་དག་སྨོན་ལམ་འདེབས་ཡོད།།
༢༦༣༽
ཡིད་འཕྲོག་བུ་མོ་དེ་དང་།།
ཡང་འཇལ་ཡོང་བའི་སྨོན་ལམ།།
བརྩེ་ཆེན་དགོན་པ་ནང་གི།
ལྷ་སྲུང་དག་ལ་བཅོལ་ཡོད།།
༢༦༤༽
ང་དང་ཁོ་མོའི་ལས་དེ།།
ཆུང་ནས་འདྲེས་པ་མིན་རུང་།།
ཕྲད་པའི་དུས་ནས་བཟུང་སྟེ།།
འདྲེས་བའི་སྣང་བ་སྟེར་བྱུང་།།
༢༦༥༽
སྙིང་གི་བུ་མོ་གང་དེ།།
སེམས་ནས་བརྗེད་འདོད་མེད་ཀྱང་།།
སྔོན་གྱི་ལས་འཕྲོ་མེད་པས།།
མི་བརྗེད་རང་དབང་ཅི་ཡོང་།།
༢༦༦༽
ཁྲེལ་མེད་བྱས་པའི་མི་དེ།།
རྟག་ཏུ་བརྗེད་པར་འདོད་རུང་།།
གནའ་ནས་སེམས་སུ་ཟུག་པས།།
ད་བར་བརྗེད་ཐབས་མ་བྱུང་།།
༢༦༧༽
ཕན་ཚུན་འདྲེས་རྒྱུ་མང་ན།།
དེ་བཞིན་གནད་དོན་མང་གི།
དཔེར་ན་ཁྱི་གཉིས་འདྲེས་བཞིན།།
རྟག་ཏུ་རྩོད་པ་ཟད་མེད།།
༢༦༨༽
འབྱུང་བཞི་འཁྲུགས་སྟངས་ཤིག་གིས།།
ཆར་ལ་ཆད་རྒྱུ་མ་བྱུང་།།
གང་ལ་རི་ཟམ་སྡུད་པའི།།
གཏམ་ངན་ཁ་ཏ་གྲགས་གྲགས།།
༢༦༩༽
སྐད་ཆ་བཤད་སྟངས་ཤིག་གིས།།
ཕན་ཚུན་བྲལ་དགོས་བྱུང་རུང་།།
སེམས་དང་

ཉིན་རེར་ཚིག་རེ། ཁག་བཅུ་པ།
༢༠༡༧/༦/༢༣-----༢༠༡༧/༧/༢༢

༢༧༤༽
ལས་ལ་བོད་ལྭ་མཛེས་ཤིང་།།
ངག་ལ་བོད་སྐད་མཛའ་བའི།།
ཡིད་འཕྲོག་ལྷ་མོ་འདྲ་བ།།
སྙིང་ཤ་འགུལ་བའི་ཁྲག་བཅུད།།
༢༧༥༽
འཕྲད་འདོད་མེ་བཞིན་མཆེད་རུང་།།
འུ་གཉིས་ཐུག་རྒྱུར་སྐྲག་གི།
སེམས་མི་ཚེར་མ་འདྲ་བ།།
ལས་ཀྱིས་བཀོས་པའི་གཅོང་ནད།།
༢༧༦༽
ཡིད་ན་གདུང་བའི་བུ་མོ།།
མིག་གིས་མཐོང་རྒྱུ་བྱུང་ན།།
སེམས་སུ་ན་ཟུག་ལྡང་ནས།།
རྔུལ་ཆུ་ཐོད་ནས་འདྲིལ་བྱུང་།།
༢༧༧༽
འཕྲད་འདོད་ཞེན་ལ་མེད་ཀྱང་།།
ལུས་ཀྱི་མཉམ་དུ་འཕྲད་སོང་།།
ཡིན་ཡང་བརྩེ་བ་ཡལ་བས།།
ཕན་ཚུན་ཆ་མེད་རྒྱུས་མེད།།
༢༧༨༽
དར་མདོ་མིང་དེ་ཐོས་དུས།།
སེམས་ལ་བདེ་ཙམ་སྣང་རུང་།།
དོན་གྱིས་གོམ་པས་བཅད་དུས།།
གྲང་ངར་རུས་ལ་ཟུག་གིན།།
༢༧༩༽
ཡིད་འཕྲོག་ང་གཉིས་བར་ན།།
འབྱར་སྤྱད་སྦྱར་ཆུ་མེད་རུང་།།
སེམས་དང་བསམ་པ་མཐུན་པས།།
སོ་སོར་ཕྱེ་ཡང་མི་འཐོར།།
༢༨༠༽
སྙིང་སྡུག་ང་གཉིས་བར་ན།།
ཡིད་ཀྱི་མདུད་པ་འཐེབ་པས།།
ཚེ་འཕྲོག་བར་ཆད་མེད་ན།།
སོ་སོར་གྱེས་འདོད་མི་འདུག།
༢༨༡༽
མཚན་དཔེས་བརྒྱན་པའི་སྐུ་མཛེས།།
ཆོས་ཀུན་སྤྲོས་པའི་གསུང་སྙན།།
འགྲོ་ཀུན་སྐྱོང་བའི་ཐུགས་འབྱམས།།
གསུམ་འཛོམས་འཇམ་དབྱངས་བསྟོད་དོ།།
༢༨༢༽
རྒྱུས་མེད་ལུང་བ་འགྲིམ་དུས།།
སེམས་ན་དྲན་རྒྱུ་མང་གི།
མཁའ་ཡི་བྱ་ཞིག་ཡིན་ན།།
ད་ལྟར་འཕུར་ན་བསམ་བྱུང་།།
༢༨༣༽
མི་ཡུལ་ས་མཐའ་འགྲིམ་དུས།།
ཉི་མ་ལོ་ལས་རིང་སོང་།།
ཕ་ཡུལ་དྲན་པའི་མིག་ཆུ།།
སེམས་པའི་གཏིང་ལ་འཁྱིལ་སོང་།།
༢༨༤༽
གཞན་ཡུལ་འགྲིམ་པའི་མི་ལ།།
རང་ཡུལ་ཨེ་དྲན་མ་འདྲི།།
མཆི་མས་བརླན་པའི་སྙིང་ཤ།།
དྲན་མིན་མཚོན་པའི་རྟགས་རུས།།
༢༨༥༽
སྔོན་ལས་ཟེར་བའི་དབང་དེ།།
སྒྱུར་མེད་ལྕགས་ཟྭ་ཡིན་རུང་།།
སྐྱིད་སྡུག་གང་ལ་ཕྱོགས་པ།།
སོ་སོའི་སེམས་ལག་འཁོར་ཕྱོགས།།
༢༨༦༽
ཟློག་མེད་ལས་ཀྱི་ལམ་ཕྲན།།
ནོར་འཁྲུལ་འཛོམས་པར་འབྲེལ་བས།།
ཁ་སང་འདས་པ་གང་ལ།།
སྐྱོ་བའི་མཆི་མ་བཞུར་སོང་།།
༢༨༧༽
འཛོམས་དང་བྲལ་བའི་ཆོས་ཉིད།།
ཟློག་མེད་སྔོན་གྱི་ལས་འཕྲོ།།
མཉམ་གཤིབ་སེམས་ཀྱིས་བསམ་རུང་།།
ལུས་ཀྱིས་མྱོང་ཐབས་མེད་ཀི།།
༢༨༨༽
ལུས་འཕྲོ་མེད་པའི་མི་ལ།།
བརྩེ་དུང་ཆགས་ཀྱང་ཅི་ཕན།།
མཐའ་མར་རང་ཉིད་སྟོང་བས།།
ལུས་སེམས་གཅོང་ལ་འདེད་ངེས།།
༢༨༩༽
གནམ་གྱི་བྱ་དེ་མིན་རུང་།།
ལ་ལུང་རི་ཆུ་བཅད་ནས།།
རང་གི་ཡུལ་ལ་ཐོན་སོང་།།
ཕ་མ་སྤུན་མཆེད་འཇལ་བྱུང་།།
༢༩༠༽
མི་ལ་ཕྱི་ནས་མ་འཇལ།།
ཕུགས་ཀྱི་སེམས་མ་མི་རྟོགས།།
སྟག་མ་མཛེས་པར་མ་བསམ།།
ཕུང་པོ་དུག་གིས་བཟུང་ངེས།།
༢༩༡༽
ཀ་ཡེ་གསོན་དང་མཛའ་མོ།།
ཁ་ཙམ་མིན་པའི་གཏམ་འདི །།
ག་ལེར་སེམས་ཀྱིས་མྱོང་དང་།།
ང་ཡི་དུང་བའི་སྐད་ཡིན།།
༢༩༢༽
དབྱར་གྱི་གནམ་ངོ་འགྱུར་བ།།
སྐད་ཅིག་གཅིག་གི་ཚོས་ཉིད།།
མདུན་གྱི་བུ་མོ་སེམས་ཁམས།།
དེ་ལས་མྱུར་ཙམ་སྣང་བྱུང་།།
༢༩༣༽
གློ་བུར་འཕྲད་པའི་མི་དེ།།
བཟང་ངན་དཔྱོད་སྐལ་བྲལ་རུང་།།
འཛུམ་པའི་ཟུར་མིག་རྣོ་པོ།།
སྙིང་ཤའི་སྟེང་དུ་ཕོག་སོང་།།
༢༩༤༽
ཁྲེལ་མེད་བྱས་པའི་མི་དེ།།
གཏན་དུ་བརྗེད་པར་འདོད་ཀྱང་།།
ལོ་ཟླར་འདྲེས་པའི་རྐྱེན་གྱིས།།
བརྗེད་པར་གྱུར་རྒྱུ་མི་འདུག།
༢༩༥༽
ལས་དབང་མེད་རབས་མ་བརྗོད།།
ཕན་ཚུན་བརྩེ་བས་བཟུང་དང་།།
ལས་ཀྱི་ཐག་པ་དམར་པོ།།
ཚེ་དང་གཤིབ་ན་ཆོག་གོ།
༢༩༦༽
འཕྲད་པ་མ་སྔ་མ་གསུང་།།
སྔ་ནས་བྲལ་བར་གྱུར་ངེས།།
ཕྱི་ན་བཟང་བ་མ་བསམ།།
གཤིབ་པའི་ལོ་ཟླ་ཉུང་ངོ་།།
༢༩༧༽
ལག་དང་ལག་པ་ལྷོད་ནས།།
སེམས་དང་སེམས་པ་ཐོར་བས།།
བརྩེ་དུང་མགུལ་རྒྱན་ཆ་ལ།།
མི་འདོད་གས་ཆག་ལྷུང་སོང་།།
༢༩༨༽
རང་སེམས་སོང་བའི་མི་དེ།།
ཉིན་དང་མཚན་ལ་སྒུག་ཡོད།།
ཡིན་ཡང་ལས་དབང་ཞིག་གིས།།
འདྲེས་རྒྱུ་ཡོད་ས་མ་རེད།།
༢༩༩༽
བརྩེ་བ་དངོས་མ་མེད་ན།།
ལང་ཚོ་རྫོབ་སྤྱད་མ་གནང་།།
ལང་ཚོ་ཟེར་བའི་དུས་ཡུན།།
རྨི་ལམ་ལས་ཀྱང་མྱུར་ངེས།།
༣༠༠༽
ཡག་པའི་སེམས་དང་བྲལ་ན།།
མཛེས་པའི་ཞལ་དེས་ཅིར་ཕན།།
སྟག་མ་མེ་ཏོག་ཇི་བཞིན།།
ལོངས་སྤྱོད་བྱེད་མཁན་ཉུང་ངོ།།
༣༠༡༽
ཕ་དང་བྲལ་བའི་བུ་ཆུང་།།
ཆེ་གིན་ཆེ་གིན་ཇེ་སྐྱོ།།
ཆེ་བའི་མིག་ཆུ་དྭངས་མོ།།
སེམས་ཀྱི་ཞིང་ལ་གཏོར་ཡོད།།
༣༠༢༽
མི་སྣའི་རྦ་རླབས་ཁྲོད་ནས།།
འདོད་པའི་མི་དེ་བཙའ་ཀྱང་།།
ལས་ཀྱི་ཐག་སྐུད་བཅད་པས།།
ཐུག་པའི་སྐལ་དེ་ཆད་སོང་།།
༣༠༣༽
འཛོམས་མཐར་བྲལ་བའི་ཆོས་ལ།།
སྐྱོ་དང་མ་སྐྱོ་མི་འདུག།
དབྱར་གསུམ་རྨི་ལམ་ཙམ་ལ།།
འགྱུར་བ་མང་བར་ལྟོས་ཤིག།

ཉིན་རེར་ཚིག་རེ། ཁག་བཅུ་གཅིག་པ།
༢༠༡༧/༧/༢༣-----༢༠༡༧/༨/༢༢

༣༠༤༽
ཚིག་ལ་ཚིག་ལན་སྒུག་ཡོད།།
གཏམ་ལ་གཏམ་ལན་རེ་ཡོད།།
གམ་དུ་མེད་པའི་ཡུད་ལ།།
རེ་སྒུག་ཀླུང་ལ་ལྷུང་སོང་།།
༣༠༥༽
སེམས་པ་ཆགས་ཡུལ་མང་རུང་།།
འདྲེས་ས་དེ་འདྲ་མི་འདུག།།
སེམས་པ་དར་ལྕོག་ཙམ་ལ།།
རླུང་ཤུགས་གང་ཆེ་ཡིན་སོང་།།
༣༠༦༽
མཛེས་པའི་ལྷ་མོ་ཡིན་རུང་།།
འཇམ་པའི་གཤིས་དང་བྲལ་ན།།
སྟག་མའི་མེ་ཏོག་ཇི་བཞིན།།
མཆོད་པའི་རྫས་ལ་མི་ཡོང་།།
༣༠༧༽
ཆར་ཆུ་དཀོན་པའི་དུས་ཀྱིས།།
སྔོན་ལྗང་གཡུ་ལོ་བསྲེག་སོང་།།
ཁྲེལ་གཞུང་མེད་པའི་བྱམས་པས།།
སྙིང་ཆུང་གཅོང་ལ་འདེད་སོང་།།
༣༠༨༽
ངོ་ཚ་མེད་པའི་གཉེན་ཉེ།།
སྒོ་ཁྱི་ལས་ཀྱང་སྡུག་པ།།
ཕར་ལ་ལྷ་བཞིན་མཆོད་རུང་།།
ཚུར་ལ་གདོན་ལྟར་གནོད་ཡོང་།།
༣༠༩༽
སེམས་པ་འདྲེས་པའི་མི་དག།
ལྷ་འདྲེ་གང་དང་མཐུན་རུང་།།
བརྩེ་བའི་འདུན་པ་གཏན་ན།།
མི་ཚེར་གཤིབ་བར་མི་འགྱོད།།
༣༡༠༽
སྒོར་མོ་གསེར་གྱི་བྱེ་མ།།
བལྟས་ཚད་བརྗིད་ཙམ་སྣང་ཀྱང་།།
སྤར་མོས་དམ་དུ་བརྩུ་དུས།།
གར་སོང་རླུང་གི་རང་བཞིན།།
༣༡༡༽
ལས་འཕྲོ་བྲལ་བའི་བྱམས་པས།།
དམ་བཅའ་རྡོ་ལ་རྐོས་ནས་།།
ཚེ་གཅིག་གཤིབ་རྒྱུ་ཟེར་རུང་།།
གནམ་གྱི་སྐར་མ་འཛིན་འདྲ།།
༣༡༢༽
ལས་འཕྲོ་གསེར་གྱི་ཨ་ལོང་།།
དབང་མིན་ཤེས་མཁན་དཀོན་པས།།
སེམས་པ་འཕྲོག་མཁན་གང་ལ།།
བརྩེ་བའི་བརྡ་ཞིག་བཏང་ཡོད།།
༣༡༣༽
དུང་བའི་འོ་མཚོ་རྒྱས་ཀྱང་།།
བརྩེ་བའི་བྲག་རི་གཏན་རུང་།།
སྔོན་གྱི་ལས་འཕྲོ་ཟད་ན།།
ཚེ་གྲོགས་ཡོང་ཐབས་ཡོད་དམ།།
༣༡༤༽
ཤོག་ལེབ་རེ་རེ་བསྒྱུར་དུས།།
ཤོག་ངོས་བྲིས་པའི་ཡིག་ཆུང་།།
སྙིང་སྡུག་གང་དང་འཁྲུལ་ནས།།
འཛིམ་པའི་རྣམ་འགྱུར་ཤོར་སོང་།།
༣༡༥༽
འཇིག་རྟེན་མི་ཡུལ་ཟེར་བ།།
མི་ཁའི་རླུང་གིས་སྐོར་བས།།
བྱས་པ་ཤིག་སྐྱག་ཙམ་ལ།།
སྒྲོ་བཏགས་གཡག་ལས་ཆེ་བ།།
༣༡༦༽
འདས་པའི་ལོ་ཟླ་རིང་མོ།།
ཕྱིར་དྲན་དཀྱིལ་ལ་དྲངས་དུས།།
འགྱོད་པའི་ཤུགས་རིང་འཆོར་ས།།
སེམས་པ་ཆགས་ས་ནོར་བ།།
༣༡༧༽
ལྷ་དང་སྲུང་མའི་དྲུང་དུ།།
དགོས་པའི་ཕ་མ་མ་སྨོན།།
མི་དགོས་ཁྱོད་དང་འུ་གཉིས།།
ཚེ་གཤིབ་ཡོང་བར་སྨོན་ཡོད།།
༣༡༨༽
མཛེས་མིན་མིག་གིས་མ་མཐོང་།།
བཟང་ངན་དཔྱོད་རྒྱུ་མ་བྱུང་།།
གང་ལྟར་དྲ་སྣེའི་བུ་མོ།།
སེམས་ཀྱི་བདག་པོར་བསྐོས་ཡོད།།
༣༡༩༽
སྙིང་ཤའི་དཀྱིལ་ལ་ཟུག་པའི།།
སྙིང་སྡུག་ཚེར་མའི་མེ་ཏོག།
སྐྱུར་མདོད་ཞེན་ལས་ལྡང་ཀྱང་།།
སྙིང་ཤས་མ་བཟོད་ལུས་ཡོད།།
༣༢༠༽
སྤུར་གྱིས་བྲིས་པ་འདྲ་ཞིང་།།
གནམ་ནས་བྱོན་དང་མཚུངས་བའི།།
ཡིད་འཕྲོག་གང་གི་མཛེས་སྡུག།
སེམས་ཀྱི་ལོངས་སྤྱོད་ཡིན་སོང་།།
༣༢༡༽
དང་ནས་གཤིབ་འདོད་མེད་ན།།
དམ་བཅའ་རྫུན་མ་མ་འཇོག།
ལོ་དང་ཟླ་བར་འགྲོགས་ན།།
དམ་བཅའི་རང་མདངས་ཤོར་ངེས།།
༣༢༢༽
ཐོལ་གྱི་སེམས་ཚོར་ཙམ་ལ།།
ཡིད་ཆེས་བྱ་རྒྱུ་མ་མང་།།
ལ་ལུང་མང་ཙམ་འགྲིམ་དང་།།
སེམས་ཚོར་རྫོགས་པ་མེད་འདྲ།།
༣༢༣༽
འཕྲིན་དང་ཁ་པར་མ་བཏང་།།
ག་དུས་འཛོམས་ཆད་མ་འཇོག།
ལས་འཕྲོ་མེད་པའི་མི་ལ།།
སེམས་པ་གཅོང་བྱེད་མ་གནང་།།
༣༢༤༽
སྐྱིད་སྡུག་ཉི་ཟླའི་འཁོར་ཕྱོགས།།
ང་ཁྱོད་ཁྱད་མེད་འཁོར་ཡོང་།།
རྟག་ཏུ་རང་རྒྱབ་ཡོད་བའི།།
གྲོགས་དེ་བརྗེད་པ་མ་གྱུར།།
༣༢༥༽
གནང་དང་སང་ལོ་ཟེར་ནས།།
རྗེས་ནས་རྗེས་སུ་མ་བསྲེང་།།
ནམ་ཞིག་ཚེ་ཚད་ཟད་དུས།།
འགྱོད་པའི་ཁ་ཆར་ལྷུང་ཡོང་།།
༣༢༦༽
ལོ་ཁ་མ་གང་གོང་ནས།།
སླར་ཡང་འཛོམས་རྒྱུ་བྱུང་བ།།
ལས་འཕྲོ་ཡོད་རྟགས་སམ།།
བརྩེ་བ་ཟབ་པའི་རྟགས་རེད།།
༣༢༧༽
མི་སྙན་ཁ་འཁྱམས་ཙམ་ལ།།
རྩོད་པའི་དྲག་ཆར་མ་ཕབ།།
སེམས་ཀྱི་ལོ་ཏོག་འཇོམས་དུས།།
སྙིང་རླུང་སྟོད་ལ་འཚངས་ངེས།།
༣༢༨༽
དགའ་དང་འཕྲད་པ་ཙམ་ལ།།
འཛུམ་པའི་སོ་ཕྲེང་མ་མངོན།།
རྩོད་པའི་མེ་ལྕེ་མཆེད་དུས།།
ངོ་ཚ་བསྐྱེད་པའི་གཞི་ཡིན།།
༣༢༩༽
འདས་པའི་ལམ་རྒྱུད་རིང་མོར།།
ནོར་བའི་ཁུགས་སོ་མང་ཀྱང་།།
ཡང་བསྐྱར་འདྲེས་སྟངས་ཤིག་གིས།།
ནོར་བ་ཤོར་བ་བརྗེད་འདུག།
༣༣༠༽
ནོར་འཁྲུལ་འདྲ་བ་གཉིས་པོ།།
གཅིག་རྗེས་གཉིས་མཐུན་ཁུར་བ།།
བླུན་པོའི་རྟགས་སུ་སྣང་རུང་།།
རང་རང་བསྡམ་ཐབས་མི་འདུག།
༣༣༡༽
མི་ཚེ་འབོད་པའི་ལམ་ཁ།།
ཀྱོག་དང་ཁུགས་པས་གྲུབ་པས།།
བདེ་མོར་མདུན་དུ་སྐྱོད་རྒྱུ།།
བསམ་བསམ་ལས་ཤིག་མ་རེད།།
༣༣༢༽
འདོད་པའི་སྙིང་སྡུག་གང་ལ།།
ཟུར་ཙམ་འཐུག་འདོད་ཆེ་ནའང་།།
ཐོད་ཡིག་སོ་སོ་ཡིན་པས།།
འདོད་པ་རྨི་ལམ་འགྱུར་སོང་།།
༣༣༣༽
གངས་འདི་ང་ཚོའི་སེམས་རྒྱུད།།
ཆུ་འདི་ང་ཚོའི་རང་གཤིས།།
ཐང་འདི་ང་ཚོའི་ཡ་ཁོག།
གངས་ཅན་འཛམ་གླིང་གཅེས་ནོར།།
༣༣༤༽
རྒྱུ་དང་འབྱོར་བར་མ་བལྟས།།
སེམས་དང་བསམ་པར་བལྟས་ཡོད།།
འཕྲལ་གྱི་སེམས་ཚོར་འཛིན་མེད།།
ཡུན་གྱི་འདྲེས་ཚུལ་བསམ་ཡོད།།

ཉིན་རེར་ཚིག་རེ། ཁག་བཅུ་གཉིས་པ།
༢༠༡༧/༨/༢༣-----༢༠༡༧/༩/༢༢

༣༣༥༽
སེམས་དང་སེམས་པ་འདྲེས་པར།།
ལོ་དང་ཟླ་བ་མི་དགོས།།
ལས་ཀྱི་དར་སྐུ་མཐུན་ན།།
ཕན་ཚུན་སེམས་སུ་ཟུག་ངེས།།
༣༣༦༽
སང་དང་གནང་ལོ་ཟེར་ནས།།
འཛོམ་ཆད་ཡུད་དུ་མ་བསྲེང་།།
སང་དང་གནང་ལོ་ཟེར་བ།།
ཐོགས་རག་མེད་པའི་གནམ་ཁ།།
༣༣༧༽
སེམས་ནས་ཐོན་པ་མིན་ན།།
ཚིག་སྣེར་དམ་བཅའ་མ་སྦྱར།།
མི་འདོད་ཁ་ཆར་འཁྲུགས་དུས།།
དམ་བཅའི་འདམ་སྐུ་ཉུལ་ངེས།།
༣༣༨༽
ལས་འབྲེལ་བྱུང་བའི་མི་དེ།།
བརྗེད་པར་ཞག་གཅིག་ཞག་གཉིས།།
སེམས་པ་འདྲེས་པའི་མི་དེ།།
མི་ཚེ་གཅིག་གི་དྲན་བྱང་།།
༣༣༩༽
ཚུར་དུང་གནང་བའི་མི་ལ།།
ཁྲེལ་གཞུང་མེད་པར་མ་གནང་།།
ལས་ཀྱིས་བསྐོས་བའི་མི་དེ།།
གསེར་སྲང་སྟོང་གི་ཡན་ཡིན།།
༣༤༠༽
ང་དང་ཁོ་མོའི་སེམས་པ།།
ཆུ་དང་འོ་མ་འདྲེས་འདྲ།།
གཤིན་རྗེའི་རུས་སྦལ་མེད་ན།།
སུ་དང་གང་གིས་མི་ཁོགས།།
༣༤༡༽
དུས་ཀྱི་བཞུར་རྒྱུད་བར་ནས།།
ལང་ཚོས་རྒས་གཉེར་ཁུར་སོང་།།
བྱམས་པའི་ལས་འ྄ཕྲོ་བསམ་ན།།
ལང་ཚོ་རྒས་རན་མ་རེད།།
༣༤༢༽
རང་སེམས་ཤོར་བའི་མི་ལ།།
སྙིང་གཏམ་མ་ལུས་བརྗོད་ཡོད།།
ཁོ་སེམས་ལྕགས་རྡོ་མིན་ན།།
འཛུམ་པའི་བརྡ་ཞིག་ལོས་ཡོད།།
༣༤༣༽
སྙན་པའི་སྐད་ཆ་མི་དགོས།།
བརྗིད་པའི་ནོམ་པ་མི་དགོས།།
དུང་བ་བདེན་པ་ཡིན་ན།།
མི་ཚེ་ཁྱེད་ལ་བཅོལ་ཆོག།
༣༤༤༽
ཉི་ཟླར་འདྲ་བའི་ཕ་མ།།
རང་དང་རིང་དུ་གནས་པས།།
སེམས་པ་གྲང་གིས་བསྡམས་ཤིང་།།
སྙིང་ཆུང་དྲན་པས་གནར་བྱུང་།།
༣༤༥༽
སློབ་གྲོགས་དག་དང་འདྲ་བ།།
ཤེས་བྱ་གང་ལ་བརྩོན་རུང་།།
སེམས་པ་མཛའ་མོས་རྐུས་པས།།
རྟོགས་པའི་སྣང་བ་མི་འདུག།
༣༤༦༽
ལ་དང་ལ་མོ་བརྒལ་ནས།།
ཡུལ་དང་རིང་དུ་གྱེས་ཀྱང་།།
སྲབ་མེད་སེམས་ཀྱི་ཅང་ཤེས།།
རང་ཡུལ་ཕྱོགས་སུ་ཤོར་སོང་།།
༣༤༧༽
མི་ཁའི་གདུག་རྩུབ་ཟེར་བ།།
དགུན་གྱི་འཚུབ་མར་འདྲ་རུང་།།
རང་ལམ་རང་གིས་འཚོལ་ན།།
སྐྱོ་དགོས་བསམ་པ་མི་དགོས།།
༣༤༨༽
མི་ཁའི་འཚུབ་མ་ནག་པོས།།
གང་སར་གང་ནས་གནར་རུང་།།
རང་སེམས་གང་ལྷ་མེ་ཏོག།
མི་འགྱུར་རང་ལམ་འཚོལ་ངེས།།
༣༤༩༽
ང་ངད་ཁྱེད་ཀྱི་བར་ན།།
སྐད་ཆ་ཉུང་དུ་གྱུར་བ།།
སྐད་ཆ་མེད་པ་མ་རེད།།
བར་ཐག་རིང་བ་རང་རེད།།
༣༥༠༽
མདུན་གྱི་མེ་ཏོག་དམར་པོ།།
མགོ་ལྕོག་ལྡེམ་ལྡེམ་གཡོ་བ།།
སྦྲང་རྩི་གནང་འདོད་མི་ན།།
སྒྱུ་མས་སྦྲང་ཆུང་མ་བསླུ།།
༣༥༡༽
ག་སར་འཕུར་བའི་སྦྲང་ཆུང་།།
མེ་ཏོག་ཁྱེད་ལ་འཁོར་བ།།
མཁོ་ལོང་དྲག་པ་མིན་ཏེ།།
སེམས་པ་ཆགས་པས་ཡིན་སོང་།།
༣༥༢༽
མེ་ཏོག་ཁྱེད་དང་ང་གཉིས།།
ལྡུམ་ར་གཅིག་ཏུ་འཛོམས་པ།།
ལྟས་དབང་རེད་ཅེས་མ་གསུང་།།
ལས་འཕྲོ་ཡོད་མེད་སུས་ཤེས།།
༣༥༣༽
འཕྲིན་དང་ཁ་པར་ལམ་ནས།།
ཕན་ཚུན་འཛོམས་ཆད་བཏབ་ཡོད།།
ལྷ་དང་བླ་མ་དཀོན་མཆོག།
བར་ཆད་མེད་པའི་སྨོན་ལམ།།
༣༥༤༽
ཟློག་མེད་ལས་དབང་བཙན་པོས།།
འཛོམས་པའི་བསྐལ་བ་འཕྲོག་པས།།
སེམས་པ་ཆག་གྲུབ་ཤོར་ཏེ།།
དགུན་གྱི་གངས་དང་འདྲེས་སོང་།།
༣༥༥༽
འགྲོ་ཞོར་ཟུར་མིག་འཕེན་ཞིང་།།
ལས་ཞོར་སེམས་གཏམ་མང་བའི།།
སེམས་རྐུས་སྨན་གཡོག་མཛེས་མ།།
དྲན་བྱང་བར་ན་ཡོན་རེད།།
༣༥༦༽
གྲོགས་དང་གྲོགས་ཀྱི་སེམས་པ།།
ཉི་ཟེར་འོག་གི་མར་ལོ།།
ཉི་ཡུན་དེ་ཙམ་ཚ་ན།།
སེམས་པ་དེ་བཞིན་འདྲེས་ངེས།།
༣༥༧༽
དེ་རིང་སང་ཉིན་ཟེར་ནས།།
ལོ་ཟླ་གྲངས་མེད་འདས་ཏེ།།
གདོང་ལ་སེར་ཁ་ལྷུང་རུང་།
འཛོམ་རྒྱུ་ཡོང་ཐབས་མི་འདུག།
༣༥༨༽
འཛོམ་ཆད་དམ་བཅའ་བཞག་ཡོད།།
དམ་བཅས་མདུད་པ་བརྒྱབ་ཡོད།།
ལས་ཁྲེལ་ཡོད་པའི་མི་དེ།།
མདུད་པའི་སྣེ་ནས་སྒུག་ཡོད།།
༣༥༩༽
ཁྱེད་དང་ང་གཉིས་བར་ན།།
མྱི་ཁའི་འཚུབ་མ་རྒོད་རུང་།།
བརྩེ་དུང་གངས་ལྷ་མེ་ཏོག།
མི་འགྱུར་སྲིད་མཐའ་བཞད་ངེས།།
༣༦༠༽
བརྩེ་དུང་རིན་ཆེན་གསེར་དེ།།
རྒྱུ་དང་ཉོ་ཚོང་མ་བྱེད།།
གོ་ས་ཉོ་ཅད་མ་བྱེད།།
བརླག་རྗེས་ཕྱིར་ཡོང་མེད་ངེས།།
༣༦༡༽
ལྷ་དང་ལྷ་མོ་མཆོད་མཆོད།།
སྤོས་སོགས་རྫས་རིགས་མི་དགོས།།
རྣམ་དག་སེམས་པ་མཆོད་ན།།
བརྩེ་དུང་དངོས་གྲུབ་འབྱུང་ངེས།།
༣༦༢༽
རང་སེམས་འཕྲོག་པའི་མི་ལ།།
རྟག་ཏུ་འབྲེལ་བ་ཆད་རུང་།།
སེམས་པའི་གཏིང་ནས་དྲན་པ།།
ཉིན་མཚན་དབྱེ་བ་ཅི་ཡོད།།
༣༦༣༽
རླུང་བུའི་རྒྱུ་ལམ་འགག་པའི།།
རང་མལ་གྲུ་བཞི་ནང་དུ།།
སེམས་པ་སྐྱོམ་སྐྱོམ་བྱེད་པ།།
བུ་མོ་ཁྱེད་ཉིད་དྲན་རྟགས།།
༣༦༤༽
གནམ་ནས་འབབ་པའི་ཆར་ཆུ།།
དྲན་པའི་མིག་ཆུ་མིན་ན།།
སེམས་ཀྱི་རི་ལུང་དཀྱིལ་ན།།
སྐྱོམ་སྐྱོམ་བྱེད་དོན་ཅི་ཡིན།།
༣༦༥༽
ལས་ལ་བོད་ལྭ་མཛེས་ཤིང་།།
ངག་ལ་བོད་སྐད་མཛའ་བའི།།
ཡིད་འཕྲོག་ལྷ་མོ་འདྲ་བ།།
སྙིང་ཤ་འགུལ་བའི་ཁྲག་བཅུད།།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།