WedNovWed2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

སྙན་ངག་མེ་ལོང་མ་རྩོམ་པ་པོ་སློབ་དཔོན་དནྜི་མཆོག

སློབ་དཔོན་དནྜི་མཆོག་གིས་བརྩམས་པའི་སྙན་ངག་མེ་ལོང་མ།

སྤྱིར་ན་སྙན་ངག་མེ་ལོང་མ་རྩོམ་པ་བོ་༧སློབ་དཔོན་ཆེན་པོ་༧དནྜི་མཆོག་གི་ལོ་རྒྱུས་སྐོར་འདི་དག་ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་མིན་མོད། སྲོལ་རྒྱུན་སྙན་ངག་ལ་དུངས་ཤིང༌། ལྷག་པར་ཁོང་གི་བརྩམས་ཆོས་«སྙན་ངག་མེ་ལོང་མ་»

འདི་འཆད་འཁྲིད་བྱེད་མཁན་དང་དེ་ལ་སློབ་གཉེར་གནང་མཁན་ཚོའི་ངོས་ནས་བལྟས་ན། སྡེབ་སྦྱོར་སྙན་ངག་པ་ ༧དནྜི་མཆོག་གི་སྐོར་དེ་མཁྱེན་དགོས་པར་མ་ཟད་དེ་ལ་དགེ་མཚན་ཡང་ཆེན་པོ་ཡོད། འོན་ཀྱང་འཕགས་བོད་མཁས་པས་སློབ་དཔོན་དནྜིའི་སྐོར་ལ་བཞེད་ཚུལ་མི་མཐུན་པ་ཁག་མང་བོ་ཞིག་གསུངས་ཡོད། དཔེར་ན། དནྜིའི་མཚན་དེ་ཇི་ལྟར་ཐོགས་མིན་དང་ཡང་ན་དནྜིའི་འཁྲུངས་འདས་མི་གཅིག་པ་དང༌། གཞན་ཡང༌། མེས་པོ་དམ་པ་བྷཱར་པིའི་སྲས་དང་ཆུང་མ་ཕན་ཚུན་བསྒྱུར་ནོར་བྱུང་བ་སོགས་རེད། འོན་ཀྱང༌། འདིར “རྩོད་པའི་དགག་ཡུལ་མ་ཡིན་འདིར་མི་འཆད”ཅེས་པའི་དགོངས་དོན་ལྟར། དགག་སྒྲུབ་བྱ་ཡུལ་ལ་མཁས་པ་སྒེར་བ་སུ་གང་གི་མཚན་འདིར་གསོལ་འདོད་ཡེ་ནས་མེད། གང་ལྟར། གཞན་གྱི་ཡིད་ལ་འཛིན་བདེ་བའི་ཆེད་དུ་མདོར་བསྡུས་ཏེ་དནྜིའི་སྐོར་ཅིག་བྲི་བར་བྱ།

དང་བོ། དནྜིའི་མཚན་ལ་དཔྱད་པ།
བོད་འགྲེལ་ཁག་ཏུ། ཁོང་གི་ཕྱག་ན་འཁར་གསིལ་ལམ་དབྱུག་པ་ཞིག་བསྣམས་ཡོད་པས་མཚན་ལ་དེ་ལྟར་བཏགས་པར་འདོད། རྒྱ་གར་གྱི་ལོ་རྒྱུས་ནང་དུ། དནྜིའི་བརྩམས་ཆོས་«གཞོན་ནུ་བཅུའི་སྤྱོད་པ་ལ་འཇུག་པ་»ཞེས་པའི་སྙན་ངག་དེའི་མཆོད་བརྗོད་དུ། ཤོ་ལོ་ཀ་གཅིག་གི་ནང་ན་དབྱག་པ་དབྱུག་པ་ཞེས་སྒྲ་རྒྱན་གྱི་ཚིག་གཅིག་པ་མང་བོ་ཞིག་སྤུངས་པའམ་བྲིས་ཡོད་པས། དབྱུག་པ་ཅན་ནམ་དནྜི་ཞེས་གསོལ་ཡོད། འོན་ཀྱང་རྒྱ་གར་གྱི་གཞུང་ཚད་ལྡན་གང་ནའང་དནྜིའི་མཚན་དངོས་དེ་བརྙེད་རྒྱུ་མི་འདུག་པ་ནི་ཡོངས་གྲགས་སོ།།

གཉིས་པ། དཎྡྲིའི་འཁྲུངས་འདས་སྐོར།
དཎྡྲིའི་འཁྲུངས་འདས་ཀྱི་སྐོར་དེ་ལ་བཞེད་ཚུལ་མི་མཐུན་པ་ཧ་ཅང་མང༌། ལ་ལས་དུས་རབས་བཅུ་གཉིས་པའི་སྨད་ཅིག་ཏུ་དཎྡྲི་འཁྲུངས་རབས་དང་མང་བོས་དུས་རབས་བདུན་པའི་ནང་དུ་དཎྡྲི་འཁྲུངས་ཞེས་བཀོད་པའང་ཡོད། རྒྱ་གར་ལ་མཚོན་ན་ཡང་འདོད་ཚུལ་ཁག་གསུམ་ཡོད། དཔེར་ན། སྤྱི་ལོ་ ༦༥༠ ནས ༧༥༠བར་དང༌། ༦༥༥ ནས་༧༠༠ བར་གཞན་ཡང་རྒྱ་གཞུང་ཞིག་ཏུ་དཎྡྲི་མཆོག་སྤྱི་ལོ་ ༥༠༠ ནས ༦༣༠ བར་བྱུང་ཡོད་ཅེས་དོགས་གཅོད་ཅིག་ཀྱང་ཡོད། འོན་ཀྱང་༦༥༥ ནས་༧༠༠་བར་ཞེས་པའི་དུས་ཚིགས་འདི་ཁོ་བོས་འཐད་པར་འདོད་དོ།།དེའི་ཕྱིར། དམ་པ་དནྜི་མཆོག་ཁོང་གླིང་འདིར་དགུང་ལོ་ཞེ་ལྔ་ལ་བཞུགས་འདུག གང་ལྟར་སློབ་དཔོན་དཎྡྲི་ནི་རྒྱ་གར་གྱི་བྱང་ནུབ་ས་ཆའི་མིང་ལ་ཨ་ཡཱ་སྒྲེ་ཤུ་འབོད་པ་ཞིག་ནས་སྐྱེས་ཤིང་གནས་དེའི་མིང་ལ་དེང་སང་Gujrat ཟེར་རོ།།

གསུམ་པ། དནྜི་ཕྱི་ནང་གང་ཡིན་སྐོར།
སྙན་ངག་པ་སློབ་དཔོན་དནྜིས་ཕྱི་ནང་གི་ལྟ་གྲུབ་སྐོར་དེ་མཁྱེན་གྱིན་ཡོད་མོད། རང་གཞུང་ལྟར་ན། དནྜི་ནི་ལྷ་དབང་ཕྱུག་སྟེན་མཁན་དང་ཕྱི་རོལ་པ་ཞིག་རེད། འོན་ཀྱང་དམ་པ་ཁོང་གིས་རང་ཉིད་ཀྱང་ནང་བའི་ཆོས་པ་ཞིག་ཡིན་པར་དགོངས་ཀྱིན་ཡོད་མོད། འོན་ཏེ་རང་རེའི་སྟོན་པ་ཤཱཀྱ་ཐུབ་པའི་རྗེས་འཇུག་པ་མ་རེད། རྒྱུ་མཚན། དནྜིའི་བརྩམས་ཆོས་«སྙན་ངག་མེ་ལོང་མ་»དང་«གཞོན་ནུ་བཅུའི་སྤྱོད་པ་ལ་འཇུག་པ»དང་«ཟློས་གར་གྱི་བསྟན་བཅོས་» གསུམ་ལས་ཤེས་སོ།།
གཞན་ཁོ་བོས་རྒྱ་གར་གྱི་པཎ་ཆེན་ཞིག་ལ་དནྜི་ཚང་ཁ་ཆེ་བ་ཡིན་མིན་གྱི་སྐོར་ཅིག་བཀའ་འདྲི་བྱས་པའི་ལན་དུ། ཁོང་གི་ཞལ་ནས་“ཁ་ཆེའི་མཁས་པ་གྲགས་ཅན་གསུམ་གྱིས་དཎྡྲིའི་བརྩམས་ཆོས་ལ་ཆོས་ལུགས་ཐོག་ནས་དགག་གཞག་མང་བོ་ཞིག་མཛད་ཡོད་པས། དནྜི་ཁ་ཆེ་མིན་པར་རྟོགས་སླའོ།།”ཞེས་གསུངས་སོང༌།

བཞི་བ། དནྜིའི་རིགས་རུས་སྐོར།
རྒྱ་གར་དུ་རིགས་རྒྱུད་ཆེན་པོ་བཞི་ཡོད་པ་ལས་དནྜི་བྲམ་ཟེའི་རིགས་ཡིན་པར་འདོད་པ་འདི་ལ་རྩོད་པ་མེད། སློབ་དཔོན་དནྜི་དང༌། དཔའ་བོ་སྦྱིན་དང༌། ཡིད་ཀྱི་ཤིང་རྟ་དང༌། བྷཱར་པི་དང༌། སྙིང་ཐིག་བདག་པོ་སོགས་རྒྱུད་པ་གཅིག་པས། རུས་རྒྱུད་ཀྱི་གོ་རིམ་གོང་ལྟར་གོ་བ་ལོངས། འོན་ཀྱང་བྷཱར་པི་ལ་སྲས་གསུམ་ཡོད་པ་དེ་ལ་ང་ཚོས་གོ་ནོར་བརྒྱབ་ནས་དེ་ཆུང་མ་གསུམ་ཡོད་པར་བསྒྱུར་པ་འདི་ནོར་བ་རེད། གཞན། དནྜིའི་ཡབ་དཔའ་བོ་སྦྱིན་ལ་སྤུན་བཞི་ཡོད་པ་དང་ཁོང་གི་ཡབ་ཡིད་ཀྱི་ཤིང་རྟ་ལ་སྤུན་གསུམ་ཡོད་མོད། དནྜི་རང་ལ་སྐུ་སྤུན་ཅི་ཡོད་ཀྱི་ལོ་རྒྱུས་དེ་ཁོ་བོས་མ་མཐོང་བས་མེད་པར་མི་འདོད་དོ།།

ལྔ་བ། དནྜིའི་སྐུ་གཟུགས་སྐོར།
དང་བོ། སྙན་ངག་བསྟན་བཅོས་མེ་ལོང་མ་ཞེས་པའི་དཔེ་རྙིང་དེའི་ཤོག་ངོས་དང་བོའི་ཟུར་ན། ཕྱི་རོལ་པའི་ཉམས་ཅན་ཁོང་གི་དབུ་སྐྲ་ལ་ཉི་ཟླས་བརྒྱན་ཅིང་སྨ་ར་ཅུང་རིང་བོ་ཅན་ཞིག་ཡོད། རི་མོའི་གཤམ་དུ་མཚན་ལ། འཕགས་ཡུལ་གནས་ལྔ་རིག་པའི་སྒྲ་ཡི་གཙུག་གི་རྒྱུན་གྱུར་དནྜིའི་ཞབས་ཞེས་གསོལ། གཞན་སྙན་ངག་གི་བསྟན་བཅོས་ཆེན་པོ་མེ་ལོང་མ་ལ་འཇུག་པའི་ཤན་སྦྱར་དནྜིའི་དགོངས་རྒྱན་ཞེས་པའི་དཔེ་ཆ་སྣ་རིང་ཞིག་ཡོད་པ་དེའི་ཤོག་ངོས་དང་བོའི་ཟུར་ན། ནང་བའི་དགེ་སློང་གི་ཉམས་ཅན། དབུ་ན་གཙུག་ཏོར་གྱིས་བརྒྱན་ཅིང་དཀྱིལ་དཀྲུང་ངང་བཞུགས་པའི་ཞུ་དུལ་ཅན་ཞིག་ཅེས་བྲིས་ཡོད། གཤམ་དུ་མཚན་ལ། མཚོ་བྱུང་མགྲིན་པར་རོལ་བ་དནྜིའི་ཞབས་ཞེས་གསོལ་འདུག གང་ལྟར་རི་མོ་མཁན་གྱི་སྒྱུ་རྩལ་ལས་གང་ཞིག་བྲིས་ན་མཛེས་མོད་ཀྱང་ཁོ་བོའི་མིག་ལམ་དུ་སློབ་དཔོན་དནྜི་དང་གྷན་ངྷི་རྣམ་གཉིས་ཀྱི་སྐུ་གཟུགས་གཅིག་ཏུ་འཁྲུལ་གྱིན་འདུག

དྲུག་པ། དཎྡྲིའི་མཚན་སྙན།
ལེགས་སྦྱར་ལ་ཧ་ཅང་མཁས་པ་༡ བྲམ་ཟེ་གྲོག་མཁར་དང༌། ༢ དྲང་སྲོང་རྒྱས་པ། ༣ཀ་ལིའི་ཏ་སོ། བྷ་པི་སོགས་ཀྱི་ཡོན་ཏན་གསུམ་གྱི་ཁྱད་དུ་འཕགས་པ་སློབ་དཔོན་དནྜི་ཡིན་པར་རྟགས་ཚུལ་གསུམ་གྱིས་བསྒྲུབས་ཡོད། དང་བོ་སྙན་ངག་ལ་མཁས་པ། གཉིས་པ་བརྡ་སྤྲོད་ལ་མཁས་པ། གསུམ་པ་ཚད་མ་རིག་པ་མཁས་པའོ།། དང་བོའི་སྒྲུབ་བྱེད་དུ་སྙན་ངག་མེ་ལོང་མ། གཉིས་པའི་སྒྲུབ་བྱེད་ལ་དནྜིས་མ་ཧ་བྷི་ཤའི་གཞུང་ཆེན་མོ་དེར་དགག་པ་ཡང་དག་བགྱིས་པ། གསུམ་པའི་རྟགས་སུ་རིགས་པ་དང་འགལ་བའི་སྐྱོན་བཅུ་ལ་དགག་གཞག་མཛད་པས་བསྒྲུབས་ཡོད། འོན་ཀྱང་སྐབས་དེར་རྒྱ་གར་ནུབ་བྱང་གི་མཁས་པ་ཚོའི་བར་ལ་ལུང་ཚན་གྱི་དབྱེ་འབྱེད་ཡིན་ནམ་དནྜིའི་གཞུང་ལ་འགོག་མཁན་ཡང་བྱུང་ཡོད། ད་དུང་མཁས་དབང་༧ པཱ་མ་ཧ་དེ་སློབ་དཔོན་དནྜི་ལས་ཀྱང་ཡོན་ཏན་ཆེ་རབས་ཤོད་མཁན་ཡོད་པ་འདྲ།

བདུན་པ། མཇུག་གི་གཏམ།
རབ་ཏུ་བཀུར་འོས་༧ ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱིས། ཐོག་མར་སྙན་ངག་མེ་ལོང་མ་འདི་བོད་བསྒྱུར་བྱས་པ་ནས་བཟུང་ད་ལྟའི་བར་རང་རེའི་བོད་ཀྱི་མཁས་པ་རིམ་བྱོན་ནང་འཆད་རྩོད་རྩོམ་གསུམ་ལ་མཁས་པ་ཞིག་ཡིན་ཚེ། སྙན་ངག་མེ་ལོང་མ་འདི་ལ་མ་བསླབས་མཁན་ཞིག་མེད་པར་འདོད། གང་ལྟར་ཁོ་བོའི་ལོ་རྒྱུས་འདི་དག་གི་ཁུངས་གཏུགས་ས་གཙོ་བོ་ནི། རྒྱ་གར་གྱི་གཞུང་སྟེ་«མཛེས་མ་ལ་འཇུག་པའི་གཏམ་»དང་«མཛེས་མ་ལ་འཇུག་པའི་གཏམ་གྱི་སྙིང་བོ་» ཞེས་པའི་གཞུང་གཉིས་དང༌། གཞན་རྒྱ་བོད་དབྱིན་གསུམ་ཐོག་ན་ཡོད་པའི་དནྜིའི་སྐོར་ཐར་ཐོར་རེ་བཀླགས་པ་སོགས་ལས་བྱུང་ངོ༌།། འོན་ཀྱང་གུས་པས་སྙན་གཞུང་གང་མང་ལ་བལྟས་ཤིང༌། དེ་ཚོའི་གོང་འོག་བསྡུར་ནས་དཔྱད་པ་མཐར་ཕྱིན་པ་བྱས་པ་ཞིག་མིན། དྲན་ཐོ་འདི་༢༠༠༢ ལོར་བྲིས་ཀྱང་ད་སྔར་མི་སུ་ལའང་བསྟན་མ་མྱོང༌། འོན་ཀྱང་དེ་རིང་བོད་ནང་ན་བཞུགས་པའི་སྙན་ངག་གི་དགེ་རྒན་ཆེན་མོ་ཞིག་དང་མཉམ་དུ་ཁ་བརྡ་ཞིག་ལས་འཕྲོས་ཏེ་དནྜིའི་སྐོར་ཞིག་གླེང་དགོས་བྱུང༌། དེའི་ཕྱིར། ཁོང་གི་རེ་སྐུལ་ལྟར། ཁོང་ལ་ལེགས་སྐྱེས་སུ་གྲོགས་པོ་ནང་ཚགས་བགྱིས་ཏེ་དྲན་ཐོའི་བསྐུར་ཡིག་ཙམ་ལས་གཞན་པ་ཅི་ཡང་མིན་པར་ཀུན་གྱིས་ཤེས་པར་མཛོད།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།