MonOctMon2017

སྤེལ་དུས་མཐའ་མ།07:11:05 AM GMT

རྩོམ་གསར།:

གླིང་དཔའ་ཆེན་བརྒྱད་ཅུའི་ངོ་སྤྲོད་གློག་གི་ཞགས་པ།

གླིང་དཔའ་ཆེན་བརྒྱད་ཅུའི་ངོ་སྤྲོད།

ཨོཾ་ཨཱཿཧཱུཾ་བཛྲ་མ་ཧཱ་གུ་རུ་མ་ཎི་རཱ་ཛ་སརྦ་སིདྡྷི་ཕ་ལ་ཧཱུཾ། ཨོ་རྒྱན་ཆེན་པོའི་ཡེ་ཤེས་སྒྱུ་མའི་སྐུས།།རྗེས་བཟུང་དབང་ཐོབ་མཆོག་ཐུན་དཔལ་གྱི་བདག།རླངས་སྟོན་ཨ་མེས་བྱང་ཆུབ་འདྲེ་བཀོལ་སོགས།

དགོངས་བརྡ་སྙན་བརྒྱུད་བླ་མས་བྱིན་ཆེན་ཕོབས།།མི་ཡི་དབང་ཕྱུག་ཕོ་རྩལ་སྣ་དགུའི་བདག །ལྷ་ཡི་ལྷ་མཆོག་འཕོ་ཆེན་འོད་ཀྱི་སྐུ།།བོད་ཀྱི་དཔའ་བོ་གསང་གསུམ་མཛད་རྣམ་ཅན། །གླིང་རྗེ་གེ་སར་སྐྱེས་བུས་དངོས་གྲུབ་སྩོལ།།རྒྱ་གར་གྲུབ་དབང་བརྒྱད་ཅུ་རྩ་དགུའི་འཕྲུལ། །བོད་ཡུལ་དཔའ་བོ་ཆེན་པོའི་དཔུང་གྲོགས་སུ།།དྲག་གཏུམ་རུ་བཞིའི་ཁ་ལོ་བསྒྱུར་བའི་གཙོ།།དཔའ་བརྟུལ་བརྒྱད་ཅུས་ཕྱི་ནང་འགལ་རྐྱེན་སྲུངས།།ལས་དང་སྨོན་ལམ་བཙན་པོའི་སྲད་བུ་ཡིས།།རྟེན་འབྲེལ་མུ་ཏིག་དོག་པ་གཙང་མའི་རྒྱུན། ཚེ་རབས་སྦྲེལ་ཕྱིར་འཕྲིན་ལས་གཡེལ་མེད་པའི། །དབྱིངས་ཕྱུག་མཁའ་འགྲོའི་ཚོགས་ཀྱིས་སྡོངས་གྲོགས་མཛོད།།རྒྱལ་དང་དེ་སྲས་ཚོགས་ཀྱིས་ཞིང་གི་ངོར། །གང་འདུལ་མཛད་པ་བསམ་གྱིས་མི་ཁྱབ་ཕྱིར།།འདི་དང་འདི་ཞེས་ཚད་ཀྱིས་ཟིན་མིན་ཡང༌། །རྣམ་ཐར་སྤེལ་བའི་འདུན་པ་ཟབ་མོ་བསྐྱེད།།གྲུབ་ཆེན་བརྒྱད་ཅུ་ནག་ཕྱོགས་གཤེད་མ་རུ།།བཞེངས་པའི་སྣང་ཚུལ་ཕྱི་ཡི་མངོན་རྟོགས་རིས། །གསལ་བར་བྱེད་པའི་ངོ་སྤྲོད་ཚིག་གི་ཕྲེང༌།།དད་པའི་འདུ་བྱེད་གཙང་མས་དང་དུ་ལེན། །རིག་གསུམ་སྒྱུ་འཕྲུལ་པདྨའི་ཐུགས་ཀྱི་སྲས།།གངས་ལྗོངས་དགྲ་བླ་ནག་ཕྱོགས་བདུད་སྡེའི་གཤེད།།རིག་འཛིན་རྒྱལ་པོ་གླིང་རྗེ་གེ་སར་མཆོག།རྐྱང་རྒོད་བཅིབས་ནས་ཀུན་ཁྱབ་འགྲོ་དོན་སྐྱོང༌། ། ༼༡༽ས་ར་ཧ་སྤྲུལ་ཉག་ཕྲན་ཡང་བརྟུལ་ཞེས། །ཅང་ཤེས་དངོས་གྲུབ་ལྡེམ་པའི་གཤོག་སྟེང་ནས།།གཡུལ་ལས་རྣམ་པར་རྒྱལ་བའི་རྒྱལ་རྔ་ཅན། །བཀའ་བློན་འདན་མ་བྱང་ཁྲ་གནམ་ལྕགས་ཐོག ། ༼༢༽ བི་རུ་པ་ཉིད་སྲུང་བའི་ཡང་བརྟུལ་ཚུལ།།འདོ་ཆེན་འབྲོང་ནག་རྩལ་གྱི་ཁ་ལོ་བ། ། འབྲུ་ཡི་སྒ་བདེ་ཆོས་སྐྱོང་བེར་ནག་མཆོག །དགྲ་སྡེའི་ཀླད་ཁྲག་སྒྱོགས་རྡོས་འཕོ་ལ་དཔའ། ། ༼༣༽འཕགས་པ་ལྷ་ཉིད་གཏམ་གྱི་ཡང་བརྟུལ་ཚུལ།།སྟོང་རི་དར་དཀར་རླུང་ཤུགས་གོང་ནོན་དུ། ། རྨ་རྒྱལ་འཕྲུལ་སྲས་སེང་སྟག་ཨ་དོམ་མཆོག །ལེབ་ཆེན་མཚོན་གྱིས་ནག་ཕྱོགས་མཐར་ལ་མཁས། ། ༼༤༽པདྨ་བཛྲ་རལ་གྲིའི་ཡང་བརྟུལ་ཚུལ། །དཔའ་ཆེན་འབུམ་པའི་ཞལ་དཀར་རྒྱལ་པོ་མཆོག།རྟ་མཆོག་རྒྱ་བྱ་སོག་དཀར་ཡང་སྟེང་ན། །ཧོར་སེར་རྒྱལ་བུ་བརྒྱད་ཀྱི་གཤེད་དུ་ཆེ། ། ༼༥༽ནག་པོ་སྤྱོད་པ་མདུང་གི་ཡང་བརྟུལ་ཚུལ།།འབུམ་པའི་དར་འཕེན་དུག་གི་སྡོང་བོ་མཆོག །མགྱོགས་པ་སྨུག་པོ་ལྡིང་ཤེས་ཁ་ལོ་བར། །དྲང་སྲོང་གཟའ་བདུད་འཁྲོས་པའི་གར་ལ་འཕྱ། ། ༼༦༽ ཏོག་ཙེ་པ་ཉིད་དཔའ་མཛངས་ཡང་བརྟུལ་ཚུལ།།མགྱོགས་ཆེན་ཕོ་རོག་སྟོང་འཆམ་ལྡེམ་པའི་ཁྲིར། ། སྟག་རོང་དཔོན་པོ་ཨ་ནུ་གཟིག་འཕེན་ཞེས། །གླིང་དཀར་དཔའ་བརྟུལ་ཡོངས་ཀྱི་ཆེ་མགོར་གྲགས། ། ༼༧༽མཁར་གཤེགས་དཱ་སི་རི་ཡི་རྣམ་པར་འཕྲུལ།།གངས་རི་ལྡིང་ཤེས་བང་གི་རྩེ་ཡ་ལ། ། དཔའ་རྩལ་སྐྱེན་གྱི་ཡང་བརྟུལ་སྟག་རོང་བུ།།ཉ་ཚ་ཨ་བརྟན་དཔའ་རྟགས་ཀུན་ནས་རྫོགས། ། ༼༨༽ འདོ་ཆེན་ཤྭ་རྐྱང་དྲེལ་མགོའི་ཡང་སྟེང་དུ།།མགོན་པོ་ཀླུ་སྒྲུབ་བློ་ཡི་རྫི་བོ་རུ། །བཞེངས་པ་སྤྱི་དཔོན་རོང་ཚ་ཁྲ་རྒན་མཆོག།གླིང་དཀར་སྙིང་བཅུད་ཚེ་ཡི་རིག་འཛིན་ཆེ། ། ༼༩༽ སྲིན་རྟ་གུ་གུ་རོག་འཛོང་ཡང་སྟེང་ན།། ཌོམྦྷི་ཧེ་རུའི་སྒྱུ་འཕྲུལ་སྟག་རོང་དཔོན། །སྲིན་རྒྱལ་ཁེ་ཚེ་རལ་བའི་ལྟག་བདུད་དང༌།།རིག་སྔགས་རྫུ་འཕྲུལ་འགྲན་ཟླ་མེད་པའི་མཆོག །༼༡༠༽ ཆིབས་མཆོག་ཁམ་པ་དངུལ་སྒོང་ཡང་སྟེང་ན།།ཨུནྡྲ་བྷུ་ཏི་སྐྱེས་བུའི་སྐྱེད་ཡབ་ཚུལ། །ལྡོང་གི་སེང་བློན་ཀ་མ་རུ་པ་མཆོག།ཆེ་མཛངས་ལྡན་ཞིང་བྱང་ཆུབ་སེམས་མཆོག་བརྙེས། །༼༡༡༽རྟ་མཆོག་ངང་བ་གསེར་སྒོང་གོང་ནོན་དུ། ། ལུ་ཧི་པ་ཉིད་ཕོ་རྩལ་སྣ་དགུའི་བདག།ཆེ་རྒྱུད་གླིང་གི་ཁྲི་དཔོན་ཆེན་པོའི་ཐོབ།།དབང་བསྒྱུར་གསེར་བའི་ཉི་འབུམ་དར་ཡག་བརྗིད། ། ༼༡༢༽འདོ་ཆེན་ཁྱུང་དམར་རླུང་གི་འཕྲུལ་འཁོར་སྟེང༌།།ཛ་ལནྡྷ་མཚན་རྒྱུད་དགོངས་རྟོགས་པའི་གར། ། འབྲིང་རྒྱུད་གླིང་གི་ཁྲི་དཔོན་སྟོབས་ཀྱི་བདག།འོམ་བུའི་ཨ་ནུ་དཔའ་སེང་སྐུ་དབང་མཐོ། །༼༡༣༽ མགྱོགས་ཆེན་ཆུ་བྱ་སྔོན་པོའི་ཁ་ལོ་བ།།དྲིལ་བུ་པ་ཡི་ཟློས་གར་དཔའ་བོའི་ཕུལ། །ཆུང་རྒྱུད་གླིང་གི་ཁྲི་དཔོན་དགྲ་བླ་ཅན།།མུ་སྤྱང་རིན་ཆེན་དར་ལུ་རྔམ་ཟིལ་ཆེ། ། ༼༡༤༽ཨ་ནནྟ་ཡི་ཟློས་གར་གྲགས་གཡེལ་ཅན།།ཆིབས་དཀར་ལུ་གུ་ལྡིང་ལྡན་ཡང་སྟེང་ནས། ། དགྲ་སྡེ་སྟྭ་གྲིས་གཞོམ་པའི་འཕྲུལ་རྩལ་ལ།།དབང་ཐོབ་དཀར་རུ་ཉི་མ་རྒྱལ་མཚན་དཔའ། ། ༼༡༥༽ དབྱིངས་བཞུད་ཤནྟ་དཱེ་ཝ་དཔའ་བོའི་ཚུལ།།རལ་གྲིའི་འཕྲུལ་ལ་ཐོགས་པ་མ་མཆིས་ཤིང༌། །སྤྲིན་ནག་འཚུབ་ཤེས་བང་རྩལ་ཁ་ལོ་བར།།དབང་ཐོབ་ནག་རི་ཐར་བ་རྒྱལ་མཚན་རྔམ། །༼༡༦༽ གྲུབ་དབང་བརྟུལ་སྤྱོད་ཚུལ་གནང་སྨད་དཀྲིས་པ།།མཚོ་རྟ་རྔ་རིང་བང་གི་གོང་ནོན་ལ། །དཔའ་བོའི་གར་མཛད་རལ་གྲིའི་འཕྲུལ་འཁོར་ཅན།།འདན་བློན་གུ་རུ་རྒྱལ་མཚན་དགྲ་ལ་རྒོད། །༼༡༧༽ཨོ་རྒྱན་དཀའ་སྤྱད་གྲུབ་ཆེན་ན་ཏ་པ།།གཡང་རྟ་དགུ་བརྒྱ་རྭ་གཅིག་ཁྲི་སྟེགས་སུ། །དཔའ་མཛངས་ཆེ་རྟགས་རྫོགས་པའི་རྫུར་ཞུགས་པ།།སྐྱ་ལོའི་སྟོན་པ་རྒྱལ་མཚན་ནོར་གཏེར་བདག །༼༡༨༽ ཆིབས་ཆེན་གྲོ་ཞུར་ཐིག་བརྒྱའི་ཡང་སྟེང་ནས།།རྣོ་ཆོད་རལ་གྲིས་དགྲ་མགོ་འབྲེག་མཁས་བུ། །སྤྱན་གཟིགས་རྗེས་བཟུང་སེངྒེ་པ་ཡི་འཕྲུལ།།ཨ་ཡག་ཤཱཀྱ་རྒྱལ་མཚན་སྙན་གྲགས་མཐོ། ། ༼༡༩༽ གྲུབ་པའི་དབང་ཕྱུག་ཤ་བ་རི་བའི་གར།།གཡུ་བྱ་དྲེལ་སྔོན་བང་གི་འཕྲུལ་འཁོར་གྱིས། །ནམ་མཁའི་བྱ་ཡི་ཉམས་ཚོད་ལོན་པའི་བུ། །ལྡོང་བཙན་སྣང་ངུ་ཨ་དཔལ་མཚན་དཔེས་མཛེས། ། ༼༢༠༽ འདོ་ཆེན་གྲོ་བོ་ལྡིང་ཤེས་ཡང་སྟེང་དུ།།དབུ་མའི་དོན་རྟོགས་ཟླ་བ་གྲགས་པའི་མཚན། །དཔའ་བོའི་གར་རོལ་ཆོས་ཉིད་དོན་གཟིགས་པའི།།མུ་བའི་དར་འཇམ་ངོ་ལུག་ལྷུན་གྱིས་གྲུབ། །༼༢༠༽རག་དཀར་རླུང་གི་འཁོར་ལོའི་གཤོག་སྟེང་ན།།ཚངས་པའི་ལྷ་སྲས་འཇོ་སྒེག་རྫོགས་པའི་བུ། །གདན་གཅིག་གྲུབ་བརྙེས་ནི་ལ་པ་ཡི་འཕྲུལ།།སྟག་རོང་སྲིན་ཚ་ངོ་ལུག་ཞི་ཞིང་འཛུམ། ། ༼༢༢༽ ཀླུ་རྟ་མཐིང་གཤོག་སྔོན་མོའི་རྩེ་ཡ་ལ།།རྒྱ་མཚོར་གྲུབ་བརྙེས་རྣལ་འབྱོར་སེང་གེའི་མཚན།།དཔའ་བོའི་ཚུལ་བཟུང་མཛེས་སྡུག་ལང་ཚོ་ཅན།།ཚངས་པའི་ངོ་ལུག་མདུང་ཐུང་འཕྲུལ་རྩལ་རྫོགས། ། ༼༢༣༽ སྨན་རྟ་རླུང་གཤོག་བདེ་མྱུར་བང་གི་བདག།བྱམས་པར་མངའ་འབྱོར་གྲུབ་ཆེན་མར་མེ་ལྷ། །ལྷ་རྗེའི་ཚུལ་བཟུང་ཀུན་དགའ་ཉི་མ་ཞེས།།མི་འཇིགས་སྲོག་གི་སྦྱིན་པ་གཏོང་ལ་དབང༌། ། ༼༢༤༽རྒྱལ་རིགས་གསང་གྲུབ་ཀ་མ་ལ་ཡི་མཚན།།གླིང་དཀར་སྟོད་དུ་རྣོ་མཐོང་ཡང་བརྟུལ་ཚུལ། །ཆིབས་ཆེན་ངང་བ་འཁྱུག་ཤེས་ཁ་ལོ་བ།།མོ་མ་ཀུན་ཤེས་དུས་གསུམ་ལེགས་ཉེས་རྟོགས། ། ༼༢༥༽ གྲུབ་དབང་ཉ་བའི་ཚུལ་གནང་ཏེ་ལོ་པ།།གླིང་གི་ཨ་ཁུ་སྒོམ་ཆེན་གཏིང་མེད་ཅེས། །ངན་སྔགས་མཐུ་སྟོབས་རྫོགས་པའི་སྤྱི་དཔལ་ཆེ།།སྔགས་པའི་གཟའ་རྟ་མིག་མང་གོང་ན་བརྗིད། ། ༼༢༦༽ ཀུ་ཀུ་རུ་པས་མདོ་ཁམས་གླིང་ཡུལ་དུ།།དཔའ་བོའི་ཚུལ་བཟུང་བྱ་རྒོད་ཐང་འབུམ་ཞེས། །མགྱོགས་པ་དུང་རྟ་འཕུར་ཤེས་ཡང་སྟེང་ནས།།རྩལ་དྲུག་ཡོངས་སུ་རྫོགས་པའི་རང་རྟགས་ངོམ། ། ༼༢༧༽ ཐབས་ཤེས་ཟུང་ལྡན་མཁར་གཤེགས་ཀརྣ་པའི།།རྣམ་སྤྲུལ་ལྕགས་ནག་དཔོན་པོ་སིང་སིང་ཞེས། །ཆིབས་ཆེན་བྱ་ནག་ལྡིང་ཤེས་ཁ་ལོ་བ།།རྣོ་མདུང་འཕྲུལ་འཁོར་སྐོར་ལ་མངའ་དབང་འབྱོར། ། ༼༢༨༽ གནས་ཡུལ་ཉེར་བཞིའི་དབང་ཕྱུག་བཟང་པོའི་འཕྲུལ།།བྲ་ནག་མགྱོགས་ཆེན་བང་གི་རྩལ་ཤུགས་ལ། །བརྟེན་ཏེ་རལ་གྲིའི་སོ་དབལ་ངོམ་པའི་བུ།།གདོང་གི་ཡ་ཐའི་སྐྱེས་མཆོག་ཐར་བ་ཆེ། ། ༼༢༩༽ ཀླུ་གདོན་གཡུལ་ལས་རྣམ་རྒྱལ་ཚེམ་བུ་པས།།གླིང་དཀར་སྟོད་དུ་གནོད་སྦྱིན་འཕྲུལ་སྲས་ཚུལ།།བཟུང་བ་སྐྱ་ལོའི་སྐྱེས་བུ་འབྲུག་རྒྱལ་ཞེས། །ཆུ་བྱ་སྔོན་མོའི་གོང་ན་རྔམ་ཟིལ་ཆེ། ། ༼༣༠༽ རླུང་ནག་འཚུབ་ཤེས་བང་གི་ཁ་ལོ་བ།།མདུང་ཐུང་ངར་མས་དགྲ་སྲོག་གཅོད་མཛད་བུ། །གསང་འདུས་ཞལ་གཟིགས་གྲུབ་ཆེན་བུདྡྷའི་འཕྲུལ།།གདོང་གི་དཔའ་བོ་ཨ་འབར་འཕེན་སྟག་རྒྱལ། ། ༼༣༡༽ ཆིབས་ཆེན་ཉ་མོ་གསེར་མིག་གཤོག་སྟེང་དུ།།དུར་ཁྲོད་དཔལ་བརྙེས་གྲུབ་དབང་ཀོན་ཏ་ལི།།དཔའ་བོའི་གར་བཞེངས་མདུང་ཐུང་འཕྲུལ་འཁོར་ཅན།།གདོང་གི་མི་ཆེན་རྒྱལ་བ་ལྷུན་འགྲུབ་བསྔགས། ། ༼༣༢༽ ཤཱཀྱའི་དགེ་བསྙེན་གྲུབ་བརྙེས་ནགས་ན་སྤྱོད།།ཁྲ་བོ་གླིང་དུ་གཟུ་ཆེན་ཝེར་མ་ཞེས། །རྟ་མཆོག་གྭ་བ་འཆམ་ཤེས་ཡང་སྟེང་ནས།།དྲང་བདེན་སྐྱོང་བའི་ལས་ལ་སྐུ་དབང་མཐོ། ། ༼༣༣༽ སྡེ་སྣོད་འཛིན་པའི་གྲུབ་ཆེན་གསེར་གླིང་པའི།།རྣམ་རོལ་ཨ་སྐྱིད་ནམ་མཁའི་གསེར་ཞལ་ཞེས། །ཆིབས་མཆོག་སྤྱང་ཐུང་བཅུམ་ཤེས་ལྡེམ་པའི་ཁྲིར།།ལྷོད་བཞུགས་ཆོས་དབྱིངས་དོན་ལ་མཉམ་པར་འཇོག ། ༼༣༤༽ ལྷ་མཆོག་སྒྲོལ་མའི་ཞལ་གཟིགས་ཉི་མ་སྦས།།རྨ་ཡུལ་སྟོད་དུ་དཔའ་སར་ཟླ་བ་ཞེས། །དཀར་པོ་ཁྲི་འཆམ་རླུང་གི་བང་ཤུགས་ནས།།དགྲ་སྡེའི་དོན་སྙིང་རལ་གྲིས་གཏུབ་ལ་མཁས། ། ༼༣༥༽ རྒྱལ་ཡུམ་ཏཱ་རེས་རྗེས་བཟུང་ཀུ་བུ་ཙའི།།རྣམ་སྤྲུལ་འོམ་བུའི་སྤྱང་ཁྲི་རྔམ་ཆེན་མཆོག །སོག་རྟ་ཕོ་རོག་སྟོང་ལྡན་ཡང་སྟེང་ནས།།རྣོ་མདུང་ངར་མའི་འཕྲུལ་འཁོར་བསྐོར་ལ་རྔམ། ། ༼༣༦༽རྟ་མཆོག་སྟོང་རི་གཡུ་རྡོའི་རྩེ་ཡ་ལ། །རྒྱལ་འདུལ་མཁར་གཤེགས་ཀ་ལའི་རྣམ་རོལ་བ། །གཟུགས་མཛེས་སྐྱེ་ཡག་ཉི་མ་རང་ཤར་ཞེས། །གླིང་དཀར་དཔའ་ཆེན་བརྒྱད་ཅུའི་དྭངས་རྩེར་འགྱིང༌། ། ༼༣༧༽ ཐབས་མཆོག་ཟབ་ལམ་མངོན་གྱུར་ཙརྱའི་འཕྲུལ།།ཡ་མེད་བརྒྱ་དཔོན་བན་དྷེ་དམར་ལུ་ཞེས། །མགྱོགས་པ་གྭ་བ་ཁེར་རྒྱུག་ཡང་གོང་ནས།།བདུད་དགྲའི་དོན་སྙིང་རལ་གྲིས་འདྲེན་ལ་མྱུར། ། ༼༣༨༽ གནས་ལྔའི་དོན་གཟིགས་སྤྲིན་ཤུགས་ཅན་གྱི་གར།།ལྡོང་རྗེ་ཕྲུ་དམར་བཙན་པོ་མདུང་ཞགས་ཅན། །བཙན་རྟ་གློག་དམར་འཁྱུག་པའི་བང་རྩལ་གྱིས། །དགྲ་དཔུང་ཟིལ་གྱིས་གནོན་ལ་རྔམ་ཞིང་བརྗིད། ། ༼༣༩༽ ཡི་དམ་ཞལ་མཐོང་གྲུབ་ཆེན་བྷེ་ན་པ།།ཤེས་ཆེན་ཚུལ་བཟུང་ར་དཀར་སྟོན་པ་ཞེས། །གཡང་རྟ་རྔོག་ཡག་ལྡེམ་པའི་བང་ཤུགས་ཀྱིས།།ལེགས་ཉེས་འབྱེད་པའི་སྤྱི་དཔལ་ཉིད་དུ་ཆེ། ། ༼༤༠༽ ལྡོམ་བུས་གྲུབ་བརྙེས་ཟླ་བཟང་གར་གཅིག་པུ།།གླིང་ཕྲུག་མུ་པའི་ཤེལ་དཀར་རྒྱང་གྲགས་ཞེས།།ཆིབས་ཆེན་སྤྲིན་དཀར་མཐོང་མཛེས་རྩེ་ཡ་དང༌།།སྣང་སྟོང་མཉམ་བརྡལ་དོན་ལ་མངའ་དབང་འབྱོར། ། ༼༤༡༽ སྲིད་གསུམ་ཀུན་བརྒལ་གྲུབ་མཆོག་ཀ་རུ་པ།།གླིང་དཀར་སྟོད་དུ་ཁྲོ་རྒྱལ་བེར་དཀར་ཞེས། །ཆིབས་ཆེན་རག་པ་འཕུར་ཤེས་ཡང་སྟེང་ནས།།ཆེ་རྒྱུད་གླིང་གི་རུ་དཔུང་འདྲེན་ལ་དབང༌། ། ༼༤༢༽ གྲུབ་ཆེན་སུ་ཏ་ལོ་ཀི་སྨད་ཁོལ་གྱི།།རྣམ་རོལ་མུ་སྤྱང་ཉི་མ་ལྷུན་འགྲུབ་མཆོག །འདོ་བ་བརྒྱ་རྒྱུག་མགྱོགས་ཆེན་ཡང་གོང་ནས།།རུ་བཞིའི་བཀོད་ཁྱབ་ལས་ལ་འཁྲུལ་ཐོགས་བྲལ། ། ༼༤༣༽ འདུལ་འཛིན་གྲུབ་ཐོབ་ཤནྟྲི་པ་ཡི་གར།།དཔའ་བོའི་གྲལ་འཛིན་མདའ་མཁན་སྒུ་རུ་མཆོག །སྒུར་རྟ་གྭ་བ་ཁྲི་སྐྱིད་ཡང་གོང་ནས།།རྣོ་ཆོད་རལ་གྲིའི་རྣོ་རྒྱུན་ངོམ་ལ་དཔའ། ། ༼༤༤༽ རྩོད་ལས་རྣམ་རྒྱལ་ཛཻ་ཏ་རུ་བའི་འཕྲུལ།།གཏམ་གྱི་རྩེར་སོན་མི་ཆུང་ཁ་བདེ་ཞེས། །ཁམ་ཆུང་དུང་རྨིག་བང་གི་འཕྲུལ་ཤུགས་ཀྱིས།།བང་ཆེན་ལས་ལ་མྱུར་བའི་བྱ་མ་རྟ། ། ༼༤༥༽ རྟོག་མེད་སེམས་ལ་དབང་ཐོབ་ཨ་ནནྟ།།སྐུ་གཡོག་ཚུལ་བཟུང་དཔའ་རྒྱལ་སྟག་གཡུ་ཞེས། །རྨ་བྱ་གཡང་ལྡན་བང་གི་ལྷོད་ཤུགས་ནས།།ཆོས་ཉིད་སྒྱུ་མར་རྟོགས་པའི་རང་མདངས་སྐྱོང༌། ། ༼༤༦༽ ཙནྡྲ་གོ་མི་སྲིད་ལས་རྣམ་རྒྱལ་མཚན།།གླིང་དཀར་སྟོད་དུ་ཁྲི་དཔོན་ཆེན་པོའི་གར། །གྱི་ལིང་རླུང་གཤོག་སྔོན་མོའི་འཕྲུལ་འཁོར་ཅན།།འབུམ་པའི་དགྲ་བླ་རྩེ་རྒྱལ་དགྲ་སྡེའི་གཤེད། ། ༼༤༧༽ མུ་སྟེགས་རྒོལ་བ་རྣམ་གནོན་ཨརྱའི་མཚན།།ལྡོང་སྲས་ཚུལ་བཟུང་སྣང་ཆུང་གཡུ་སྟག་མཆོག །རལ་གྲིའི་རྣོ་དབལ་དགྲ་སྡེའི་ཚེ་སྲོག་ལ།།གཟས་ཏེ་གྲོ་སྨུག་བང་རྩལ་གློད་ལ་མཁས། ། ༼༤༨༽ གསང་སྤྱོད་མཆོག་བརྙེས་གྲུབ་མཆོག་པཱ་ཀ་ལས།།ལྡོང་སྲས་རོང་ཚ་དམར་ལེབ་ཚུལ་བཟུང་སྟེ། །ཆིབས་ཆེན་རྨ་བྱ་ཁྲི་ལྡེམ་ཡང་གོང་ནས།།དགྲ་དཔུང་རལ་གྲིའི་འཕྲུལ་གྱིས་གཞོམ་ལ་དཔའ། ། ༼༤༩༽ བྱམས་མགོན་ཞལ་གཟིགས་ཐོགས་མེད་ཟློས་པའི་དཔལ།།རོང་སྲས་ལྷ་རྒོད་འབུམ་ལུ་མདུང་ཐུང་ཅན། །འདོ་བ་གློག་དམར་འཚུབ་ཤེས་བང་ཤུགས་ཀྱིས།།སྲི་བདུད་ཐེའུ་རང་སྟོང་གི་གཤེད་དུ་རྩེད། ། ༼༥༠༽ གྲུབ་བརྒྱའི་དབང་ཕྱུག་པདྨ་སཾ་བྷའི་གར།།འདན་སྲས་གཡུ་འོད་འབུམ་མེ་སྟོབས་བཅུའི་བདག།གཡུ་བྱ་རླུང་ཤུགས་འཕྲུལ་གྱི་ཡང་སྟེང་ནས། །བདུད་སྲིན་དམ་སྲིའི་སྲོག་སྙིང་ཟ་ལ་དཔའ།། ༼༥༡༽ དཔལ་གྱི་རིར་བཞུགས་ནཱ་ག་བྷོ་དྷིའི་མཚན།།རོང་སྲས་མ་ཎི་ཀ་རའི་ཚུལ་བཟུང་སྟེ། །དཀར་པོ་ཁྲི་འཇམ་ཆིབས་ཀྱི་ཡང་སྟེང་ནས།།ཆོས་ཉིད་སྒྱུ་མར་རོལ་བའི་ནང་ཉམས་སྐྱོང༌། ། ༼༥༢༽ ཀོང་ཀ་ན་བ་མཁའ་སྤྱོད་གྲུབ་པའི་གར།།འབྲུ་སྲས་སྤྱང་རོང་ནམ་མཁའ་ཐོག་རྒྱལ་ཞེས། །འབྲོང་ནག་ཤུགས་ཆེན་བང་གི་རྩལ་དང་འགྲོགས།།རྣོ་མདུང་ངར་མའི་འཕྲུལ་འཁོར་སྐོར་ལ་སྐྱེན། ། ༼༥༣༽ བཙན་རྟ་སྟོང་རྒྱུག་ཡ་མེད་ཡང་སྟེང་ནས།།དྲག་རྩུབ་རལ་གྲིས་དགྲ་མགོ་གཅོད་མཁས་བུ། །གྲུབ་དབང་པཱ་ར་ཡི་དམ་ཞལ་གཟིགས་ཀྱི།།རྣམ་རོལ་སྟག་སྲས་ནོར་བུ་རྩེ་རྒྱལ་མཆོག ། ༼༥༤༽ གྲུ་གུ་ཐོག་རྒོད་རྒྱལ་པོའི་གཤེད་མ་རུ།།ཁྱུང་སྔོན་གཡུ་མཛེས་བང་རྩལ་གློད་མཁས་བུ།།མར་མེའི་མཚན་འཆང་དུར་ཁྲོད་རོལ་བའི་འཕྲུལ། །སྐྱ་སྲས་སྣང་གསལ་གཡུ་སྟག་འགྲན་ཟླ་བྲལ།། ༼༥༥༽ པདྨ་ལྷན་གཅིག་མཚོ་སྐྱེས་ཞེས་པའི་རྗེས།།སྔོ་ལོའི་སྲས་མཆོག་ཐོག་འབུམ་ཚུལ་བཟུང་སྟེ།།མགྱོགས་ཆེན་ཐོག་རྟ་ཡ་མེད་བང་བསྐྱེད་ནས། །རྣོ་མདུང་དུག་རྩེས་དགྲ་སྲོག་གཅོད་ལ་མྱུར།། ༼༥༦༽ རྩོམ་མཁས་མཁར་གཤེགས་བྷུ་སུ་ཀུ་ཡི་གར།།འདན་གྱི་ཁ་ར་སྲས་པོ་ནོར་བཟང་མཆོག །གཡང་རྟ་དྲེལ་ཡག་སྔོན་མོའི་ཡང་སྟེང་ནས།།ཉག་ཕྲན་ཐོག་མདས་དགྲ་དཔུང་གཞོམ་ལ་དཔའ། ། ༼༥༧༽ མཁར་གཤེགས་སྤྱོད་མཛད་དཱ་རི་ཀ་བ་མཆོག།རྒོད་པོའི་ཚུལ་བཟུང་རག་པ་ཤ་ཟན་བཅིབས། །སྐྱ་རིང་མདུང་རྩེས་དགྲ་སྙིང་གཏོར་བ་ལ།།འགྲན་བྲལ་ཁྲ་གདོང་བསྟན་འཛིན་གྲགས་པ་དཔའ། ། ༼༥༨༽ དགྱེས་རྡོར་ཞལ་གཟིགས་གྲུབ་ཆེན་གླིང་བུའི་གར།།གནམ་ལྕགས་ཐོག་མདའི་འཕྲུལ་འཁོར་སྐོར་མཁས་ཤིང༌། །ཆིབས་ཆེན་མཚོ་བྱ་ངང་དཀར་ཁ་ལོ་བ།།འབྲུ་ཡི་མི་དཀར་ལྷ་བུ་བསམ་འགྲུབ་རྒྱལ། །༼ ༥༩༽ བདུད་རྩིར་དབང་འབྱོར་སིངྷ་པ་ཡི་འཕྲུལ།།རྨ་ཉིན་རྫོང་དཔོན་ལྷ་ཀླུ་དྲག་རྩལ་ཅན། །ཆིབས་ཆེན་མཚལ་ལུ་འཕུར་ཤེས་ཡང་སྟེང་ནས།།རྡོ་རྗེའི་མཚོན་ཆར་འབེབ་ལ་འགྲན་ཟླ་བྲལ། ། ༼༦༠༽ བཙན་རྟ་མེ་རུ་འཚུབ་ཤེས་གཤོག་རྩལ་དང༌།།རྣོ་གཅོད་རལ་གྲིའི་གཡུག་རྩལ་ལ་དབང་བ། །ཡོན་ཏན་མཐར་ཕྱིན་བྷཾ་ག་ལ་ཡི་གར།།སྟོང་དཔོན་ཡ་མི་སོ་ཁྲ་རྔམ་ཟིལ་ཆེ། ། ༼༦༡༽ འབུམ་རྟ་དམར་པོ་འཁྱུག་ཤེས་བང་གི་གློག། ནག་ཕྱོགས་དགྲ་སྡེའི་གཤེད་ལ་བསྒྱུར་མཁས་བུ། །གྲུབ་ཆེན་གདོལ་བའི་ཚུལ་གནང་ཐ་གའི་གར།།འབུམ་དཔོན་ཐོག་རྒོད་འབར་བ་རྔམ་ཞིང་གཏུམ། ། ༼༦༢༽ སྲིད་གསུམ་ཀུན་བརྒལ་གྲུབ་ཆེན་ཀ་རུ་པས།།དཔའ་བོའི་ཚུལ་བཟུང་སོག་རྟ་གློག་དམར་ཆིབས། །གྱད་རྡོ་ངར་མས་དགྲ་སྡེ་མཐར་བྱེད་པའི།།སྟག་རོང་ཁྲོ་རྒྱལ་བེར་དམར་འཇིགས་ཤིང་རྔམ། ། ༼༦༣༽ ཆིབས་ཆེན་ཁྱུང་ནག་ལྡེམ་པའི་ཡང་སྟེང་ནས།།འཕྲིན་ལས་དྲག་པོའི་ཏིང་འཛིན་གྲུབ་པའི་བུ། །ནམ་མཁར་སྤྱོད་པ་ན་ལེནྡྲ་ཡི་འཕྲུལ།།བྱ་ཆེན་ཀརྨ་དགྲ་འདུལ་དཔའ་ཞིང་སྐྱེན། ། ༼༦༤༽མདའ་ཚོང་གྲུབ་བརྙེས་མཁར་གཤེགས་ལྡིང་ཀི་པས།།དཔའ་བོའི་གར་བསྒྱུར་ལས་བཞིའི་རྩལ་ལ་དབང༌། །སྨན་རྟ་དཀར་པོའི་བང་ལ་རྩེན་པའི་བུ།།བྱ་གྲགས་དུང་སེང་དཀར་ལུ་དཔའ་བོའི་ཕུལ། ། ༼༦༥༽ མེ་གཤོག་རླུང་ལྡིང་ཆིབས་ཀྱི་ཡང་གོང་ནས།།གནམ་ལྕགས་ཐོག་མདའ་འགེང་ཞིང་རྔམ་པའི་བུ།།རྩ་རླུང་དབང་འབྱོར་ཙནྡ་ལི་ཡི་གར། །འདན་བློན་ཕྲུ་དམར་གློག་ལྕེ་དམ་སྲིའི་གཤེད། །༼༦༦༽ དངོས་གྲུབ་མཆོག་བརྙེས་ཀུ་མ་ར་ཡི་འཕྲུལ།།དཔའ་རྒོད་ཁང་ལེ་གཡུ་ཐོག་པདྨ་མཆོག །ཆིབས་རྟ་མགྱོགས་ཆེན་གཡང་འཛིའི་ཡང་སྟེང་ནས།།དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་དབང༌། །༼༦༧༽ ཆིབས་རྟ་སྨུག་ཆུང་དྲེལ་མགོའི་ཡང་སྟེང་ནས། །དྲག་རྩུབ་མདུང་ཐུང་དགྲ་ལ་སྣུན་མཁས་བུ།།འཕགས་པའི་ཞལ་མཐོང་བྷ་ཡི་ནི་བའི་གར། །གོ་འཇོའི་གཡུ་ཡག་སྟོང་ཐུབ་ཉམས་དགུས་བརྗིད། ། ༼༦༨༽རག་དཀར་བྱ་འཛིན་ཆིབས་ཀྱི་ཁ་ལོ་བ།།དབང་གི་ལྕགས་ཀྱུས་དགྲ་སྙིང་འདྲེན་མཁས་བུ། །ཚེ་དབང་གྲུབ་བརྙེས་ཀ་མ་ལ་ཡི་འཕྲུལ།།གངས་རིའི་ཨ་སྟག་རྩེ་རྒོད་དཔའ་རྩལ་རྫོགས། ། ༼༦༩༽ མགྱོགས་རྟ་ཁམ་པ་གཡུ་རྔོག་བང་རྩལ་གྱིས།།དགྲ་སྡེ་གོམ་གང་མི་འཆོར་འཕྲིན་ལས་ཅན།།ཏནྡྲ་པྲ་བ་ཐགས་མཁན་ཚུལ་གྱི་གར། །འཇའ་ཡི་ག་གྲོང་ནོར་བུ་རྩེ་རྒྱལ་དཔའ། །༼༧༠༽སྤྲོས་མེད་སྤྱོད་མཛད་གྲུབ་མཆོག་ལྭ་ཝ་བའི།།རྣམ་རོལ་གནམ་ལྕགས་ཐོག་མདའ་འཕེན་པའི་བུ། །གྲོ་བོ་རླུང་ལྡིང་བང་རྩལ་ཁ་ལོ་བ།།འདན་བློན་ཤོག་ལྔའི་ཟླ་བ་གྲགས་པ་ཆེ། ། ༼༧༡༽བྱ་དམར་རྩལ་ཆེན་ཆིབས་ཀྱི་ཡང་གོང་ནས།།རབ་འབར་རལ་གྲིའི་འཕྲུལ་ལ་འགྲན་བྲལ་བུ། །དུར་ཁྲོད་རྒྱལ་འདུལ་མེ་ཏོ་པ་ཡི་གར།།ལྡོང་གི་མ་འབྲུག་སྟོང་དཔོན་ཨ་གྲགས་དཔའ། །༼༧༢༽ ཏིལ་རྡུང་གྲུབ་བརྙེས་དྷ་ཝ་པ་ཡི་གར།།རོང་ཕྲུག་ཨ་སྐྱིད་སྐྱ་ཁྲའི་ལྷ་དར་བུ། ། དུང་ཁྲི་གཟི་རྔོག་བང་རྩལ་ཤུགས་བསྐྱེད་ནས།།དགྲ་སྙིང་མདུང་གིས་འབིགས་ལ་ཀུན་ནས་བྲེལ། ། ༼༧༣༽ཏམ་པ་ཏ་བ་མགར་ཚུལ་སྤྱོད་གནང་བས།།ཀ་བཞིའི་དཔོན་པོ་ལྷུན་གྲུབ་ཚུལ་བཟུང་སྟེ།།ཆིབས་ཆེན་གྲོ་བོ་འབྲོང་འདུར་ལྷོད་ཤུགས་ནས། །ཞི་བའི་ཉམས་རྫོགས་འདུན་མའི་ལས་ལ་དབང༌།། ༼༧༤༽ རྒྱ་མཚོའི་གླིང་ནས་གྲུབ་བརྙེས་མི་ན་ར།།སྟག་བློན་ཨ་ཁོད་ཐར་བའི་ཟོར་སྣ་ཞེས།།རྐྱང་ཆུང་གྭ་མའི་བང་གི་རྩལ་ལ་བརྟེན། །ཕུ་ནུའི་འདུ་ར་བསྡུ་བའི་ལས་ལ་དབང༌། ། ༼༧༥༽ ཡི་དམ་རྗེས་བཟུང་ཨ་བྷྱེའི་སྒྱུ་འཕྲུལ་གར།།འཇང་གི་སྲས་མཆོག་གཡུ་ཁྲི་གུང་སྔོན་རྗེ། །ཆིབས་ཆེན་གཡུ་འབྲུག་སྤྲིན་གཤོག་ཡང་སྟེང་ནས།།ཐོག་མདའི་དྲག་ཆར་འབེབ་ལ་འགྲན་ཟླ་བྲལ། ། ༼༧༦༽འདོ་ཆེན་དམར་ཆུང་ཁ་ལ་མེ་འབར་སྟེང༌།།གྲུབ་དབང་ནཱ་རོས་དཔའ་ཆེན་ཚུལ་བཟུང་བའི། །གནམ་ལྕགས་དགྲ་སྟྭ་གཤིན་རྗེ་ཁྲམ་ཤིང་ཅན།།སྡིག་གཅོད་ཤན་རྒོད་མེ་རུ་དགྲ་སྡེའི་གཤེད། ། ༼༧༧༽ དངོས་གྲུབ་མཆོག་ཐོབ་ཀུ་མ་ར་ཡི་འཕྲུལ།།རི་བའི་དཔའ་ཡག་ཐང་རྩེ་གཡུ་འབྲུག་མཆོག།མགྱོགས་ཆེན་ཁྲི་འཛོམས་ཡ་མེད་འགྲོས་དང་བསྟུན།།གནས་ལུགས་དྲང་ཤན་འབྱེད་པའི་ལས་ལ་དབང༌། །༼༧༨༽ རྩོད་ལས་གཡུལ་རྒྱལ་དྷརྨ་ཀིརྟིའི་གར།།འཇང་ཕྲུག་གཡུ་ལྷ་བུ་ཡི་ཐོག་འགྱུར་རྩལ། །ཆིབས་ཆེན་གནམ་ཡག་སྔོན་མོའི་ཡང་སྟེང་ནས།།རྣོ་གཅོད་རལ་གྲིས་དགྲ་སྙིང་འབྱིན་ལ་དབང༌། ། ༼༧༩༽འདོ་ཆེན་དུང་བྱ་རྣ་ཁྲའི་ཁ་ལོ་བ།།མཻ་ཏྲི་པ་ཡི་རྣམ་སྤྲུལ་མོན་གྱི་བུ། །དྲག་རྩལ་ཐོགས་མེད་ནག་ཕྱོགས་དགྲ་སྡེའི་གཤེད།།ཚངས་སྲས་དུང་སྐྱོང་སྟག་ལྷ་ཁྲི་དཀར་རྒྱལ། ། ༼༨༠༽རྣལ་འབྱོར་དབང་མོ་མེ་ན་ཁ་ཡི་གར།།ཤ་ཟ་བདུད་རྗེ་ཨ་སྟག་ཀླུ་མོ་མཆོག། །རག་པ་སྟག་ལག་ལྡིང་བའི་རྩལ་དང་འགྲོགས།།དགྲ་སྙིང་ཐོག་མདས་གཏོར་ལ་དྲག་སྤྱོད་རྫོགས། ། ༼༨༡༽ གཡུ་སེང་འགྱིང་ཡག་ཆིབས་ཀྱི་ཡང་སྟེང་ནས།།གནམ་ལྕགས་ཐོག་མདའི་རྣོ་དཔལ་ངོམ་མཁས་བུ། །རྒྱལ་རིགས་དམན་སྤྱོད་ཀནྟེ་པ་ཡི་གར།།བྱང་སྲས་ཨུ་ཁྲི་ལེགས་པ་དགྲ་སྡེའི་གཤེད། ། ༼༨༢༽ཟག་མེད་བདེ་རོལ་ཨ་ནནྟ་ཡི་འཕྲུལ།།འཇང་བློན་ཁུ་བྱུག་པདྨ་ཉི་གྲགས་ཞེས། །རྒྱ་རྟ་གཡུ་གཤོག་སྔོན་མོའི་ཡང་སྟེང་ནས།།དགྲ་མགོ་རལ་གྲིས་གཅོད་ལ་མངའ་དབང་འབྱོར། །༼༨༣༽ ནི་ལ་པ་ཞེས་རམ་མཁན་ཚུལ་འཛིན་པའི།།སྤྲུལ་བའི་རྣམ་རོལ་ལྷོ་བློན་གྲགས་པ་ཅན།།དུང་ཁྲི་ཤེའུ་ཐིག་བཅིབས་ནས་འཕྲུལ་ཞགས་འདེབས། །མོན་ཕྲུག་ཟླ་བ་ཁྲབ་བཙན་དཔའ་སྐྱེན་འཛོམས།། ༼༨༤༽འདོ་ཆེན་གངས་དཀར་ལྡིང་ཁྲའི་ཡང་སྟེང་ནས།།སྤྲུལ་བསྒྱུར་ཐོགས་མེད་བྱང་བློན་གདུག་རྩུབ་ཅན།།འཇིགས་པ་བརྒྱད་གྲོལ་ཨ་ཝ་དྷུ་ཏིའི་འཕྲུལ། །ཀུ་རའི་བྲག་ལྷ་རྒོད་རྒྱལ་འཆི་བདག་དངོས།། ༼༨༥༽ གྲོ་བོ་རླུང་འཛིན་ཆིབས་ཀྱི་ཡང་སྟེང་ནས།།སྡང་བའི་དགྲ་བོ་ཐོག་མདས་གཟིར་མཁས་བུ། །ཡི་དམ་ཞལ་མཐོང་གླུ་དབྱངས་པ་ཡི་འཕྲུལ།།སྟག་གཟིག་ཞལ་དཀར་ལྡན་པ་དཔའ་རྩལ་ཆེ། ། ༼༨༦༽དུར་ཁྲོད་ཤ་གསོལ་སི་ཡ་ལི་ཡི་གར།།ཨ་གྲགས་དཔོན་པོ་ཉི་གྲགས་གདུག་རྩུབ་ཅན།།སྒོང་རྟ་གསེར་རི་སྤྲིན་ཤུགས་ཡང་སྟེང་ནས། །དགྲ་མགོ་རལ་གྲིས་གཅོད་ལ་དཔའ་གཏུམ་ཆེ། །༼༨༧༽གཉན་རྟ་མེ་རུ་འཚུབ་ཤེས་ཁ་ལོ་བ། །མི་ཏྲ་ཛོ་ཀིའི་རྣམ་སྤྲུལ་ལི་གྲི་ཅན། །བྱེ་རིའི་བཀའ་བློན་ཆོས་འགྲུབ་དཔའ་བོ་མཆོག།གླིང་དཀར་དཔའ་བརྟུལ་བརྒྱད་ཅུའི་བླ་རྡོར་གྲུབ། ། ༼༨༨༽འབྲོང་དམར་ཤུགས་ཆེན་ཆིབས་ཀྱི་ཁ་ལོ་བ།།རྟ་མགྲིན་བྱིན་ཐོབ་ཙ་པ་རི་ཡི་འཕྲུལ། །དགྲ་མགོ་དཔུང་བས་གཅོད་ལ་དབང་ཐོབ་པའི།།སོག་བློན་སྟག་དམར་སྟོབས་ཆེན་འཇིགས་ཟིལ་ཆེ། ། ༼༨༩༽ ཉི་ཟེར་ལ་གཤེགས་གྲུབ་མཆོག་ངག་གི་དབང༌།།གངས་རིའི་སྟོད་དུ་དཔའ་ཆེན་ཚུལ་བཟུང་ནས།།སྤྲིན་དཀར་ཁྲི་ལྡེམ་བཅིབས་ཏེ་རུ་སྣ་འདྲེན། །མཐིང་རོང་ལྷ་རྒོད་གཡུལ་གྱི་ལས་ལ་མཁས།།དེ་ལྟར་སྔོན་ཚེ་དབྱིངས་ཕྱུག་ནེའུ་ཆུང་མས།།གྲུབ་ཆེན་བརྒྱད་ཅུས་དཔའ་བོའི་གར་བཟུང་ཚུལ།།རྡོ་རྗེའི་གླུ་རུ་བླངས་པའི་ངག་འགྲོས་དང༌། །རང་ཉམས་འུར་བའི་ལུགས་ཟུང་ལག་ཏུ་བླངས།།གཞན་ཡང་སྐུ་རྗེ་སེང་ཆེན་སྐྱེས་བུ་ཡི། །སྐུ་ཚེའི་སྨད་དུ་དཔའ་བོའི་གྲལ་བཟུང་བའི། །ར་འདྲ་འཆི་བདག་གཤིན་བདུད་ནག་མགོ་དང༌། །ཙཱི་དམ་ཞང་བདུད་རོང་བློན་ལ་སོགས་མང༌། །སྔོན་འདས་དཔའ་བོའི་མཛད་འཕྲིན་ལྷག་མ་ཀུན།།སྐྱོང་ཕྱིར་ལྷར་ཡང་དཔའ་བརྟུལ་གྲལ་བཟུང་བའི། །འཇར་གྱི་སྲས་པོ་དུག་རི་མེ་དབར་དང༌།།མེ་སྲས་ཟླ་ཁྲི་ཨུ་སྲས་ལ་སོགས་མང༌། ། མདོར་ན་དཔའ་ཆེན་སྟོང་དང་དགུ་བརྒྱ་ལྷག།ཐམས་ཅད་སེང་ཆེན་སྐྱེས་བུའི་མཛད་པ་དང༌། །འཕྲིན་ལས་སྐྱོང་ལ་དམ་པ་དུ་མའི་འཕྲུལ།།དཔའ་བོའི་ཚུལ་དུ་སྣང་བ་ཤ་སྟག་ལགས། །སྣང་ཚུལ་ཙམ་ལ་དྲག་རྩུབ་དུས་མཐའི་མེ།།དོན་དམ་ཀུན་བཟང་སེང་ཆེན་ཐུགས་ཀློང་དང༌། །རོ་གཅིག་བྱང་ཆུབ་སེམས་ལ་དབང་འབྱོར་བའི།།སྔགས་རིགས་གྲུབ་པའི་སྐྱེས་མཆོག་ཁོ་ནར་ངེས། །འདི་ནས་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །གྲུབ་ཆེན་བརྒྱད་ཅུའི་གསང་གསུམ་སྤྲུལ་བའི་སྡེའི།།མཛད་པ་རྣམ་ཐར་རྗེས་སུ་ཟིན་པ་དང༌། །ནམ་ཞིག་དགོངས་དབྱིངས་གཅིག་ཏུ་འུབ་ཆུབ་ཤོག།འདི་བྲིས་ཆད་ལྷག་ནོང་པའི་ལས་ཤོར་ཀུན། །གླིང་དཀར་དཔའ་བརྟུལ་གྲུབ་པའི་ཚོགས་ལ་འཆགས།།རྣམ་དཀར་རྟེན་འབྲེལ་གཙང་མའི་ཆ་མཆིས་ཀུན། །དཀར་ཕྱོགས་དབུ་འཕང་མཐོ་བའི་དཔལ་དུ་ཤོག །


ཅེས་གླིང་གེ་སར་རི་མོའི་སྒྱུ་རྩལ་ཆེད་མཁས་པ་གྲགས་ཅན་ལེགས་སྨོན་དགེ་སློབ་ཀྱིས་རང་རྩོམ་གླིང་དཔའ་བརྟུལ་ངོ་སྤྲོད་ཀྱི་གླུ་དབྱིངས་ཕྱུག་མཁའ་འགྲོའི་ཞལ་ལུང་ལ་གཞི་བྱས་ཏེ་བྲིས་པའི<<གླིང་དཔའ་བརྟུལ་གྲུབ་ཆེན་བརྒྱད་ཅུའི་སྐུ་ཐང་འཛམ་གླིང་མིག་གི་དགའ་སྟོན་>>ལེགས་གྲུབ་ངོ་སྤྲོད་ལ་འདི་འདྲ་ཞིག་དགོས་ཞེས་སྐུལ་མ་བྱུང་བ་དང༌།ལྷག་པར་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་དངོས་སློབ་གླིང་བློན་འགྱུར་མེད་ཐུབ་བསྟན་འཇམ་དབྱངས་གྲགས་པའི་རྟ་རྒྱུག་ནོར་བུ་ཆ་བདུན་གྱི་ལུགས་དང༌།གྲུབ་པའི་དབང་ཕྱུག་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་ཆོས་སྒྲུང་གསེར་ཆོས་འོག་མིན་བསྒྲོད་པའི་ཐེམ་སྐས་ཟུང་གི་ལུགས་ལྟར་གྱི་གླིང་རྗེ་སྐྱེས་བུ་ཆེན་པོའི་འཁྲུངས་སྐར་རྒྱལ་ཟླ་བའི་ཚེས་ཆེན༡༥ཉིན།གླིང་གེ་སར་གྱི་སྐུ་བརྙན་བཟོ་བཞེངས་ཆེད་མཁས་པ་ཆོས་མཆེད་འཇམ་དབྱངས་འོད་ཟེར་ལགས་ཀྱིས་གླིང་དཀར་པོའི་བསྟན་པ་དར་བའི་ཞལ་གཡང་བཅས། རིན་པོ་ཆེའི་གཟི་སྒྲོམ་སྟག་རིས་ཀྱི་དབྱིབས་ཅན་ཞིག་ཕུལ་བའི་རྟེན་འབྲེལ་གྱིས་སྐུལ་གླིང་དང་འབྲེལ་བའི་གྲོགས་ཀརྨ་ལྷ་དབང་དང་མཉམ་དུ་ཁྲུང་ཁྲུང་དཀར་མོའི་གསོལ་སྟོན་གླིང་གི་ཡང་སྟེང་རང་ཉིད་ཞག་སྡོད་ཀྱི་ཁང་ཆུང་ཝེར་མ་དགྱེས་པའི་འོད་ཁྱིམ་དུ་ཕྱིན་ནས། གླིང་རྗེ་སྐྱེས་བུའི་རྣལ་འབྱོར་གྱི་སྒོ་ནས་ཚོགས་མཆོད་རྒྱས་སྤྲོས་འཚམ་པ་གྲུབ་རྗེས་ཀྱི་དགོང་ཆེན་དབང་གི་དུས་ནས་དབུ་བརྩམས་ཏེ་རྟེན་འབྲེལ་ལེགས་པའི་སྣང་ཉམས་ཀྱི་ངང་ནས་གླིང་དགའ་བ་སྨིན་དབུས་འཇིགས་མེད་བརྩེ་ལྡན་རྡོ་རྗེ་འམ་ཨ་དཀར་པོས་བྲིས་པ་དགེའོ། །

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།