TueMarTue2017

སྤེལ་དུས་མཐའ་མ།06:49:09 AM GMT

རྩོམ་གསར།:

གྷན་དྷིའི་རྗེས་སུ་འབྲང་བའི་རྒྱ་གར་བ།

བདག་ཉིད་ཆེན་པོ་གྷན་དྷི་མཆོག་དང་རྒྱ་གར་གྱི་སྲིད་ཟུར་ནེ་རེའུ་མཆོག་རྣམ་གཉིས།

སྲིན་འཛིན་ནཱེ་རཱོ་ཡིས་བརྩམས། བུ་མོ་ལགས། ད་ནི་ངས་ཁྱེད་ལ་ཉེ་ལམ་རང་རྒྱལ་དུ་བྱུང་བའི་དོན་ཆེན་འགའ་འཆད་པར་བྱ། དེ་ཡང་ངེད་གཉིས་ཕྱི་ཕྱོགས་ཀྱི་གནས་ཚུལ་ལས་ཀྱང་སྤྲོ་སྣང་ཞིག་ངང་གིས་འཕེལ་ སྲིད། ངས་ཐོག་མར་རང་ཉིད་ཀྱི་ནོར་འཛོལ་ལ་ཉེན་སྲུང་བྱ་དགོས་སྟབས། ལོ་རྒྱུས་ཀྱི་ཟབ་བརླིང་དང་ཞིབ་སར་མི་དཔྱོད་པར་བྱ།

ཅི་སྟེ་ང་ཚོ་མི་སྒེར་སོ་སོའི་ཕྱོགས་རི་བའི་བློ་མོས་ཙམ་ལས་རིང་དུ་གྱེས་ཏེ་ངས་ཁྱོད་རང་ལ་བརྗོད་པ་ཇི་བཞིན་དུ། ཉི་མ་དེ་རིང་གི་རྒྱ་གར་འདི་ཉིད་ཀྱང་འཇིག་རྟེན་སྟེང་གི་ཆེས་བཟློག་པར་དཀའ་བའི་རྙོག་ཟིང་གི་ཁྲོད་ལྟུངས་པའི་རྒྱལ་ཁབ་ཅིག་ཡིན་པའི་ཁར། བཙན་རྒྱལ་རིང་ལུགས་ཀྱི་དབང་བསྒྱུར་ཐེབས་པའི་མཚོན་དཔེ་འཁྲུལ་མེད་ཅིག་ཀྱང་ཡིན་པ་རེད། དབྱིན་ཇིའི་བཙན་རྒྱལ་རིང་ལུགས་ཀྱི་སྒྲིག་གཞི་ཧྲིལ་བོ་ཞིག་རྒྱ་གར་བའི་སྟེང་བཙན་འཇོག་བྱས་པའི་མཐུས། རྒྱལ་ཁབ་གཞན་དག་གིས་ཀྱང་དབྱིན་ཇི་སྲིད་གཞུང་ལ་ལད་ཟློས་བྱས་ཏེ་བཙན་རྒྱལ་གྱི་ལམ་དུ་བསྐྱོད་པའི་སྟ་གོན་བགྱིས་པ་རེད།


ཐེངས་སྔོན་མའི་འཕྲིན་ཡིག་ཏུ་ངས་ཁྱོད་རང་ལ་མཆིད་ཟིན་པ་ལྟར། ཟིང་འཁྲུག་སྐབས་ཀྱི་རྒྱ་གར་གྱི་འཕོ་འགྱུར་དེའང་གནས་འདིར་བྱུང་བ་རེད། རྒྱལ་ནང་དུ་བཟོ་ལས་འཕེལ་རྒྱས་སུ་ཕྱིན་པ་དང་མ་རྩ་ཅན་གྱི་གྲལ་རིམ་བྱུང་བ། སྤྱི་ཚོགས་བཟོ་ལས་ཐད་ཀྱི་དབྱིན་ཇིའི་སྲིད་ཇུས་ལ་འཕོ་འགྱུར་བྱུང་སྟེ་རྒྱ་གར་གྱི་བཟོ་ལས་དང་ཚོང་ལས་ཙམ་མ་ཟད། སྲིད་དོན་ཐད་དུའང་དབྱིན་ཇི་སྲིད་གཞུང་ལ་གནོན་ཤུགས་བསྟུད་མར་ཐེབས་པ་རེད།

འཛམ་གླིང་དམག་ཆེན་དང་པོའི་རྗེས་སུ་ཤར་ཕྱོགས་ཀྱི་ཡུལ་གྲུ་ཕལ་མོ་ཆེར་ཆབ་སྲིད་ཀྱི་གོ་རྟོགས་སད་ཅིང༌། མིའི་ཡུལ་འདིར་ཟིང་འཁྲུག་དང་དཀའ་སྡུག།ནད་ཡམས་དང་གནོད་འཚེ་སོགས་བཟློག་ཏུ་མེད་པ་བྱུང༌། རང་རྒྱལ་དུའང་དྲག་པོའི་གསར་བརྗེ་ཡི་དུས་སྐལ་མངོན་གསལ་དུ་ཤར།

རེ་བཞག་གིས་བརྟས་པའི་མི་མང་པོ་ཞིག་གི་གོ་ཐང་འཕར་བའི་དུས་མཚུངས་སུ། དབྱིན་ཇི་སྲིད་གཞུང་གིས་ཀྱང་ལས་དོན་ཞིག་ཅིས་ཀྱང་བསྒྲུབ་དགོས་པར་སྙམ་དུ། དེ་སྔོན་གྱི 1“མོན་ཌ་གྷོ . ཆའེ་ལཱམ་སི་ཧྥོར་ཌི་བསྒྲགས་གཏམ” (Montagu-Chelmsford Report) ནང་བཏོན་པའི་བཅོས་བསྒྱུར་གྱི་ཁྲིམས་གཞིར་དམིགས་བཀར་ཏེ་འདྲི་གཞི་ཞིག་དང་བཅས་སྲིད་སྟེགས་སུ་གོམ་ཁ་བསྒྱུར་ཅིང༌། ཁོ་ཚོ་རང་ལག་གི་བཤུ་གཞོག་དང་མཁར་རྫོང་གི་དབང་ཤུགས་ཡོད་ཚད་ཧ་ཅང་གཟབ་ནན་དང་བརྟན་བརླིང་ངང་ཉར་དུས། དཔལ་འབྱོར་གྱི་ཁྱབ་ཁོངས་སུ་མཁོ་མི་ཆེ་བའི་ཕུང་གསོག་མང་པོ་འཕེལ་བཞིན་པའི་འབྱོར་ལྡན་གྲལ་རིམ་གྱི་ཁྲོད་དུ་དོར་བྱུང༌།

འཁྲུག་ཆེན་རྗེས་ཀྱི་དུས་ཡུན་ཐུང་ཐུང་ཞིག་གི་རིང་ཚོང་ལས་དར་རྒྱས་སུ་ཕྱིན་པ་དང་ཡོ་ལང་ཤིན་ཏུ་རྒོད་པའི་དུས་རིམ་ཞིག་ཏུ་སླེབས། དུས་སྐབས་དེའི་རིང་ལ་ཁེ་སྤོགས་ཀྱང་ཕོན་ཆེན་གཉེར་ཞིང་སྒོས་སུ་ཨེ་ཤ་ཡ་ལྷོ་མའི 2བྷན་གྷལ་རྒྱལ་ཁབ (Bengal) ནང་སོ་མ་ར་ཙའི་ཁེ་ལས་ཆེས་ཆེར་བྲིན། ཁེ་ཕན་གྱི་ཡོང་འབེབ་ཡོད་ཚད་རྒྱུན་པར 100% ཟིན་བྱུང༌། ཚོང་ཟོང་གི་རིན་དོད་ཅུང་འཕར་སྣོན (བཟོ་བའི་གླ་ཕོགས་ཀྱང་ཚུད) བྱུང་བ་འདྲ་མོད། ཆ་སྙོམས་ཀྱིས་ལྟོས་ཚེ། རིན་གོང་ཉུང་ཙམ་ལས་འཕར་ཆག་ཐུབ་མེད་ལ། ཚོང་ཟོག་གི་རིན་གོང་འཕར་བའི་དུས་མཚུངས་སུ། གླས་ཤག་ཏུ་འཚོ་བའི་ཞིང་བྲན་ཚོས་སོ་སོའི་ས་བདག་ལ་དཔྱ་ཁྲལ་མཇལ་དགོས་པ་བྱུང༌།

དེའི་རྗེས་དངོས་ཟོག་གི་རིན་གོང་མར་ཆག་པ་དང་བསྟུན། སླར་ཡང་ཚོང་ལས་ཉམས་རྒུད་དུ་འགྲོ་འགོ་བརྩམས། བཟོ་བ་དང་ཞིང་བའི་འཚོ་རྟེན་གྱི་གནས་བབ་སྡུག་ཏུ་ཕྱིན་པ་དང་འཚོ་གནས་ལ་རེ་ཐག་ཆད་པའི་གནས་ཚུལ་བསྟུད་མར་བྱུང༌། བཟོ་གྲྭ་ཁག་ཏུ་ཐེངས་དུ་མར་བཟོ་བས་ལས་མཚམས་བཞག་པའི་མཐུས་བཟོ་བདག་རྣམས་ཆེས་ལྡོག་ཏུ་མེད་པའི་དཀའ་སྡུག་དང་འཕྲད། རང་རྒྱལ་ནུབ་ཁུལ་ཨཱོ་དྷ་མངའ་སྡེ (Oudh) (དེང་སྐབས་ཨོ་ཌིར་ཞིང་ཆེན་དུ་འབོད) (Uttar Pradesh) ནང་ཡུལ་དེ་གའི་ཞིང་བྲན་ལམ་ལུགས་འོག་ས་ཁང་བོགས་མར་ལེན་མཁན་ཚོའི་འཚོ་གནས་ལྷག་ཏུ་སྐྱོ་སྟབས། ཟིལ་ཤུགས་ཆེས་ཆེར་ལྡན་པའི་ས་ཞིང་བཅོས་སྒྱུར་གྱི་ལས་འགུལ་ཞིག་ཧ་ལམ་རང་ཤུགས་སུ་བྱུང་སྟེ། སློབ་གསོའི་གོ་རྟོགས་ཞན་པའི་འབྱོར་འབྲིང་གྲལ་རིམ་ཚོའི་ཁྲོད་དུ་ལས་མེད་བཟོ་བའི་གྲངས་འབོར་འཕེལ་བའི་འབྲས་སུ་ཡུལ་སྡུག་ཆེན་པོ་བྱུང༌།

འདི་ནི་འཛམ་གླིང་འཁྲུག་ཆེན་རྗེས་ཀྱི་དཔལ་འབྱོར་གྱི་བྱུང་ཉེས་རེད་ལ། གལ་ཏེ་ཁྱོད་རང་གིས་སྣང་ཚུལ་འདིར་མུ་མཐུད་གཞིག་ཚེ། དེས་ཁྱེད་ལ་ཆབ་སྲིད་ཀྱི་འཕེལ་འགྲིབ་ཐད་དུ་ངེས་ཤེས་ཟབ་མོ་འདྲོངས་པར་གདོན་མི་ཟ།

རང་རྒྱལ་དུ་དམངས་དམག་གི་སྙིང་སྟོབས་ཆེ་རུ་རྒྱས་ཤིང༌། དེ་ཡང་བྱ་འགུལ་སྣ་ཚོགས་ལ་བརྟེན་ཏེ་བྱུང་བ་ཧ་ཅང་མངོན་གསལ་རེད། རྒྱལ་ནང་གི་བཟོ་ལས་ངལ་རྩོལ་དེ་བཟོ་ཚོང་མཉམ་འབྲེལ་མཐུན་ཚོགས་ཀྱི་ངོ་བོར་སྒྲིག་འཛུགས་བྱས་ཀྱང༌། ཕྱིས་སུ་རྒྱལ་དམངས་ཚོགས་ཆེན་གྱི་ཚོང་ལས་མཛའ་འབྲེལ་ཁོངས་གཏོགས་སུ་རྩ་འཛུགས་བགྱིས་པ་རེད། ཞིང་པ་དང་ས་བདག་གྲལ་རིམ་ཆུང་གྲས་ཚོས་སྲིད་གཞུང་ལ་ཡི་མ་རངས་པར་སྲིད་འགྱུར་གྱི་རེ་འདུན་དྲག་པོ་བཅངས། སྲིན་བུའི་དཔེ་བཞིན་དུ། ཐ་ན་ས་ཁང་བོགས་མར་ལེན་མཁན་ཚོས་ཀྱང་ངོ་ལོག་གི་སྟ་གོན་བྱས། འབྱོར་འབྲིང་གྲལ་རིམ་པ་ཚོས (ཁྱད་པར་དུ་ལས་ཤོར་བ་ཚོ) ཉན་འཇོག་ཙམ་ཡང་མི་བྱ་བར། སྲིད་འགྱུར་གྱི་ལངས་ཕྱོགས་བཟུང༌། ཁོ་ཚོའི་ཁྲོད་ཀྱི་མི་ཕལ་མོ་ཆེ་སྐབས་དེའི་གསར་བརྗེ་ལས་འགུལ་བ་ཤ་སྟག་རེད།

ཏུར་ཀི་རྒྱལ་ཁབ་ལ་གཡུལ་བཀྱེས་པ་དེས་ཧིན་རྡུ་ཆོས་ལུགས་དང་ཁ་ཆེ་ཆོས་ལུགས་གཉིས་དབར་བསྲེས་ལྷད་ཚབ་ཆེན་ཐེབས་པ་དང༌། རེ་ལྟོས་དེ་ནི་དབྱིན་གཞུང་གིས་ཨ་རབ་ཀྱི་ཇེ་ཙི་རཱ་ཌི་ཨཱོད (jazirat-ul-Arab) (ཡུལ་དེའི་གླིང་ཕྲན་ཁག་ཅིག) ཀྱི་གོ་ཐང་དེ་བདག་གིར་འཛིན་འདོད་པ་ཞིག་རེད། རྒྱུ་མཚན་གླིང་ཕྲན་དེ་དག་ནི (མཱེ་དྷན (Median) དང་ཇེ་རཱོ་ས་ལེམ། (Jerusalem) སཱོ་ཌན་ཨ་རབ་ནུབ་མའི་གྲོང་ཁྱེར་མཱེ་ཁཱ (Mecca) གསུམ) ཁ་ཆེ་བའི་གནས་ཆེན་གྲོང་ཁྱེར་དུ་བཞེད་ཅིང༌། དམིགས་སུ་ཇེ་རཱོ་ས་ལེམ་ཞེས་པ་ཇེའུ་དང་ཡི་ཤུ་དང་ཁ་ཆེ་མི་རིགས་སོགས་ཀྱི་གནས་མཆོག་ལྷ་ལྡན་གྲོང་དུ་འབོད་པས་སོ།།

དེའི་རྐྱེན་ཟིང་འཁྲུག་ཞོད་འཇགས་སུ་སོང་རྗེས། རྒྱ་གར་སྲིད་གཞུང་གིས་འཁོན་སེམས་ཤིག་ཡིད་ལ་བརྣག་སྟེ་དྲག་ཤུགས་མ་སྤྱད་པར་འབྱུང་འགྱུར་ལ་རེ་བས་འཁྲེངས། རེ་འབྲས་དེ་ཙམ་མེད་པ་འདྲ་ཡང་ད་དུང་རེ་སྨོན་ཁོ་ན་འཆིང་ཞིང་འཚོ་བཞིན་མཆིས།

ཟླ་ཁ་ཤས་རིང་རེ་འདུན་དྲག་པོའི་ངང་སྒུག་བགྱིས་པའི་དབྱིན་གཞུང་གི་སྲིད་ཇུས་གསར་བའི་དོན་འབྲས་དེའང་གསར་བརྗེ་ལས་འགུལ་ལ་སྟངས་འཛིན་བྱ་བར་དམིགས་བསལ་རྩ་ཁྲིམས་ཤིག་བརྒྱུད་སྤྲོད་གཏོང་བའི་འཆར་ཟིན་ཞིག་གི་བཟོ་མངོན་ཏེ་རང་དབང་གི་དོད་དུ་དྲག་གནོན་ཤུགས་ཆེར་བྱས།

བཅོས་བསྒྱུར་གྱི་ཁྲིམས་གཞི་དེ་དག་ཚོགས་ཆུང་ཞིག་གི་སྙན་སེང་གཞིར་བཟུང་སྟེ་རཱོ་ལ་ཌི་ཁྲིམས་གཞི (Rowlatt Bills) རུ་བཞེད་མོད། ཆེར་མ་འགྱངས་པར་རང་རྒྱལ་གྱི་ས་ཁུལ་གང་སར་མི་རྒྱུད་ནག་པོའི་ཁྲིམས་གཞིར་འབོད་ཁར། འཛམ་གླིང་ཡུལ་གྲུ་གང་སའི་རྒྱ་གར་བ་ཙམ་མ་ཟད། རིགས་རྒྱུད་དབྱེ་འབྱེད་ཀྱི་ཕྱོགས་ལྷུང་མེད་པའི་མི་རྣམས་ལའང་དེ་ལྟར་བསྒྲགས།

དེ་བཞིན་དུ་ཁོ་ཚོས་དབྱིན་ཇི་ས་གནས་སྲིད་གཞུང་ལ་དབང་ཤུགས་ཆེར་སྤྲད་དེ། བདེ་སྲུང་ཉེན་རྟོག་པ་ཚོས་གང་འདོད་དུ་དོགས་ཡོད་མི་སྣ་དང་མོས་མཐུན་མི་གནང་མཁན་ཚོ་བཙན་བཟུང་དང་བཙོན་དུ་འཇུག་པར་ཁྲིམས་བཤེར་མེད་པའམ། ཡང་ན་གསང་བའི་ཁྲིམས་བཤེར་ཞིག་ལག་ཏུ་བསྟར།

སྙན་པ་གླིང་དུ་གྲགས་པའི་ཁྲིམས་གཞི་དེ་དག་གི་གནད་འགྲེལ་ཁག་ནི། རྩོད་གླེང་མེད་པ་དང༌། ཁྲིམས་རྩོད་པ་མེད་པ། ཞུ་གཏུག་མེད་པ (na vakil, na appeal, an dalil) བཅས་སུ་བཞེད་ཅིང༌། ཁྲིམས་གཞི་དེར་ངོ་རྒོལ་གྱི་གདུང་འབོད་དྲག་ཏུ་ཕྱིན་པར་ཤན་སྟོབས་གཞན་ཞིག་མཆིས། སྲིད་དོན་གྱི་ན་བུན་སྟུག་པོ་ཞིག་རིམ་གྱིས་འདུ་ཞིང་འཕྱུར་ཏེ་མཐར་རྒྱ་གར་བའི་མཁའ་དབྱིངས་ཡོངས་སུ་བསྒྲིབས་སོང༌།

གོང་གི་ཤུགས་རྐྱེན་གསར་བ་དེ་ནི་མོ་ཧིན་དྷ.གྷན་དྷི་མཆོག་རེད་ལ། ཟིང་འཁྲུག་གི་སྐབས་སུ་ཁོང་ཨ་ཧྥི་རེ་ཁའི་གླིང་ལྷོ་མ་ནས་ཕྱིར་རང་རྒྱལ་དུ་ཕེབས་ཏེ། སེ་བྷར་མཱ་ཌེ་ས་ཆའི་རི་ཁྲོད་པའི་གཞིས་གྲོང་དུ་སྡོད་ཅིང་ཁོང་ནི་སྲིད་དོན་དང་རིང་དུ་གྱེས་ཡོད། དེ་སྔོན་ཁོང་གིས་རྒྱ་གར་སྲིད་གཞུང་ལ་འཐབ་དམག་རྩ་འཛུགས་ཀྱི་ལས་དོན་ཐད་དུའང་རྒྱབ་སྐྱོར་དང་རོགས་འདེགས་གནངས། ལྷོ་ཨ་ཧྥི་རེ་ཁའི་ནང་ཁོང་གིས “བདེན་པའི་ཨུ་ཚུགས” (Satyagraha) ཀྱི་འཐབ་རྩོད་བསླངས་པ་ནས་བཟུང་རང་རྒྱལ་དུ་ཁོང་གི་སྙན་གྲགས་རབ་ཏུ་རྒྱས་པ་ནི་བཤད་མ་དགོས་པ་རེད།

སྤྱི་ལོ 1917 ལོར་བྷི་ཧར་ས་ཁུལ་དུ་ཁོང་གིས་ཡོ་རོབ་སོ་ནམ་པ་ཚོའི་ཡ་ང་བའི་བརྙས་སྨོད་ཀྱི་ཞིང་བྲན་ལ་འཐབ་རྩོད་བགྱིས་པར་འབྲས་བུ་གཡུར་དུ་ཟ་བ་སྨིན། ཕྱིས་སུ་ཡང་ཁོས་གྷོ་ཇ་རཱ་ཌི (Gujrat) (པན་ཇེབ་མི་རིགས་ཀྱི་ཞིང་ཆེན) ས་ཆའི་གྲོང་རྡལ་ཁའེ་རཱ (Kaira) ནང་ཞིང་པ་མང་ཚོགས་ཀྱི་རྒྱབ་རོགས་སུ་འགྲེངས། སྤྱི་ལོ 1919 སྟོད་ཙམ་ནས་བཟུང་ཁོང་སྙུང་གཞིས་གཙེས་ཤིང༌། དབྱིན་གཞུང་གིས་བསྒྲགས་པའི་རཱོ་ལ་ཌི་ཁྲིམས་གཞི་དེས་རང་རྒྱལ་ནང་ཕུ་དཀྲུག་མདའ་དཀྲུག་བྱེད་དུས། ཁོང་གི་བདེ་ཐང་ཡང་ཅུང་ཇེ་ལེགས་སུ་སོང་བ་དང་བསྟུན། ཁོའི་བདེན་པའི་འབོད་སྒྲ་དེ་འཛམ་གླིང་ཁྱོན་ཡོངས་ཀྱི་གདུང་འབོད་དང་འདྲིས།

འོན་ཀྱང་ཅི་སྟེ་ཁོང་གི་འབོད་སྒྲ་དེ་ནི་གཞན་གྱི་སྐད་སྒྲ་དང་གཏན་མི་མཚུངས། ལར་འབོད་སྒྲ་དེའི་གདངས་དམའ་ཞིང་གཉོམ་མོད། འདུ་ཚོགས་ཀྱི་ཡོ་ལང་རྒོལ་སར་ད་དུང་གསལ་ལྷང་ངེར་ཐོས་བཏུབ། ཞི་འཇམ་གྱི་འབོད་སྒྲ་དེ་ནི་རྒྱང་ཐག་གི་ཆོད་པའི་གནས་གང་ཞིག་ཏུ་སྦ་གསང་བགྱིས་པའི་སིལ་སྒྲ་ཞིག་དང་ཡང་གཉིས་སུ་མེད། གཙིགས་ཏུ་བཀུར་ཞིང་མངོན་དུ་གསལ་བའི་འབོད་སྒྲ་དེའི་ཁྲོད་ཟིལ་ཤུགས་དང་བརྗིད་རྔམ་ཅི་ཞིག་བདོག་ཅིང༌། འབོད་སྐུལ་གྱི་ཚིག་འབྲུ་རེ་རེ་དོན་གྱིས་ཕྱུག་སྟེ་འཆི་བར་ཉེ་བའི་དྲང་བདེན་ཉིད་ལ་གསོན་ཤུགས་རྒྱས་པར་བྱེད།

མཛའ་བརྩེ་དང་ཞི་བདེ་ཡི་སྐད་ཆའི་སྲུབ་ན་དབང་ཤུགས་དང་སྦྱོར་ངན་གྱི་གྲིབ་ནག་འགུལ་སྟབས། མིའི་ཆོད་སེམས་ནི་ནོར་འཆུགས་གང་རུང་ལ་མགོ་བོ་སྨད་པར་གོ་མི་རུང༌།

འདས་པའི་ལོ་ངོ་བཅུ་བཞིའི་རིང་ང་ཚོས་རྟག་ཏུ་འབོད་སྒྲ་དེ་ལྟ་ཞིག་ཐོས་རྐྱེན། ད་ནི་ང་ཚོ་འབོད་སྒྲ་དེར་གོམས་ཤིང་འདྲིས་མོད། སྤྱི་ལོ 1919 ལོའི་སྤྱི་ཟླ་གཉིས་ནས་གསུམ་པའི་དབར་འབོད་སྒྲ་དེའང་ང་ཚོར་མཚོན་ན་འབོད་སྐད་གསར་བ་ཞིག་ཅི་ལ་མིན། དེ་དུས་ཀྱི་ང་ཚོས་འབོད་སྒྲ་དེར་དུངས་པ་ཙམ་ལས་དེའི་དམིགས་བྱ་ཅི་ཞིག་ཡིན་པ་དང་ཅིའི་ཕྱིར་ཡིན་པ་སོགས་གསལ་བོར་མི་ངེས། དེ་ཡང་ང་ཚོའི་ཡོ་ལང་འཁྲིགས་པའི་སྲིད་དོན་གྱི་བྱུང་ཉེས་ཙམ་དུ་མ་ཟད། བྱས་ཉེས་གཞན་དག་དང་ཡང་ཡེ་ནས་མི་འདྲ། བཀའ་མཆིད་རིང་པོ་དག་ནམ་ཞར་དོན་མེད་ཅ་ཅོའི་ངང་མཇུག་བསྡུ་བར་བྱེད་ཅིང༌། ཚབས་ཆེན་མ་ཡིན་པའི་ངོ་རྒོལ་སྐད་འབོད་དག་གིས་གནད་དོན་ཐག་གཅོད་ཀྱི་ཕན་ནུས་གང་ཡང་འདོན་མི་བཏུབ། འདི་ནི་གཏམ་མཆིད་ཙམ་དུ་མ་ཟད་སྲིད་དོན་གྱི་འཐབ་འཛིང་གཞན་ཞིག་རེད།

མི་ཁ་ཤས་ཤིག་གིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་རྨང་ནས་གཏོར་རྐྱེན་ཁྲིམས་ཁང་གིས་ཉེས་ཆེད་ལག་ཏུ་བསྟར་བ་སོགས་ཀྱི་དབང་གིས། མ་ཧ་མ་གྷན་དྷིས “བདེན་པའི་ཨུ་ཚུགས” ཀྱི་བྱ་འགུལ་གཙོ་སྐྱོང་གནང་བ་རེད། དུས་སྐབས་དེའི་ངོས་ནས་བཤད་ན། དེ་ཡང་རིག་གསར་གྱི་འཆར་སྒོ་ཞིག་ལོས་ཀྱང་ཡིན་མོད། ང་ཚོ་མང་མང་གིས་བློ་རིག་དེ་འདྲ་མཚར་དུ་འཛིན་ཞིང་འགའ་ཤས་ཀྱི་སེམས་པ་ཁོང་དུ་ཆུད་དེ་ཕྱིར་བཤོལ་བགྱིས་པ་རེད། ཉི་མ་དེ་རིང་ཁོང་གི་བློ་གྲོས་དེའང་ཆེས་སྤྱིར་བཏང་གི་དོན་རྐྱེན་གློ་བུར་བ་ཅིག་སྟེ་ང་ཚོ་མི་མང་པོ་ཞིག་ལ་མཚོན་ན། དེ་ནི་བརྟན་བརླིང་དང་རྒྱུན་ལྡན་གྱི་འཚོ་བའི་ཆ་ཤས་ཤིག་ཏུ་གྲུབ་ཚར་འདུག

གྷན་དྷི་ཡིས་དུས་དང་རྣམ་པ་ཀུན་ཏུ་མིའི་རྩིས་ཐང་ལ་བཀུར་བསྟི་བླ་མེད་བྱེད་ཅིང་དབྱིན་ཇིའི་རྒྱལ་ཚབ་པར་ཉེན་བརྡ་དང་འབོད་སྐུལ་བཏང༌། ཁོང་གིས་ད་དུང་དབྱིན་ཇི་སྲིད་གཞུང་གིས་རྒྱ་གར་མཉམ་འབྲེལ་སྲིད་གཞུང་གི་གོ་ཐང་སྣང་མེད་དུ་བསྐྱུར་ཏེ་གོང་དུ་གླེང་ཟིན་པའི་ཁྲིམས་གཞི་དེ་འདྲ་ཞིག་བརྒྱུད་སྤྲོད་བྱ་རྒྱུར་གྲོས་ཐག་བཅད་པ་མཐོང་འཕྲལ། ཁོས་རྒྱ་གར་བ་ཡོངས་ལ་མྱ་ངན་གྱི་ཉིན་མོ་ཞིག་སྲུང་རྩི་བྱེད་པ་དང་ཆབས་ཅིག།འཚོགས་ཆེན་བསྡུ་བསྐོང་དགོས་པའི་རེ་འབོད་སྙིང་ནས་ཞུས། “གཞུང་དམངས་གཉིས་ཀའི་ལས་བཤོལ་ངོ་རྒོལ” (hartal) གྱི་བྱ་འགུལ་དེ་ནི་རཱོ་ལ་ཌི་ཁྲིམས་གཞི་རང་རྒྱལ་གྱི་རྩ་ཁྲིམས་ཏུ་བསྒྱུར་བའི་གཟའ་མཇུག་གི་ཉིན་མོ་ནས་འགོ་བརྩམས་པ་ཡིན།

འདི་ནི “བདེན་པའི་ཨུ་ཚུགས” ཀྱི་ལས་འགུལ་འགོ་ཚུགས་པའི་ཉིན་མོ་རང་ཡིན་སྟབས། སྤྱི་ལོ 1919 ལོའི་ཟླ་བཞི་བའི་ཚེས་དྲུག་གི་གཟའ་མཇུག་ཏུ་རང་རྒྱལ་གྱི་གྲོང་དང་གྲོང་རྡལ་སོགས་ས་གནས་གང་སར “བདེན་པའི་ཨུ་ཚུགས” ཀྱི་ལས་འགུལ་ལ་རྗེས་དྲན་ཞུ་སྲོལ་ཡོད།

དེ་ཡང་རྒྱ་གར་བ་ཡོངས་ཀྱི་ཆེས་ཐོག་མའི་རྔམ་སྟོན་ཁྲོམ་སྐོར་རིགས་ཤིག་སྟེ། དེ་འདྲའི་ངོ་མཚར་ཞིང་ཟིལ་ཤུགས་དང་ལྡན་པའི་འདུ་ཚོགས་ཁྲོམ་སྐོར་ནང་རྒྱལ་སྤྱིའི་མི་དམངས་དང་ཚོགས་སྡེ་འདྲ་མིན་སྣ་ཚོགས་མཉམ་ཞུགས་གནང་ཡོད།

“དམངས་གཞུང་གཉིས་ཀའི་ལས་བཤོལ་ངོ་རྒོལ” གྱི་བྱ་འགུལ་ལ་གཞོལ་ཆེ་བའི་ང་ཚོ་ལས་འགུལ་དེའི་གཡུར་དུ་ཟ་བའི་གྲུབ་འབྲས་ལ་ཧ་ལས་པར་གྱུར། དེ་ཡང་ང་རང་ཚོ་གྲོང་ཁྱེར་གྱི་མི་གྲངས་ཉུང་ཙམ་ཞིག་གི་སར་བཅར་བའི་ཐོབ་འབྲས་ཤིག་ཡིན་པ་སུ་བས་བསྙོན་མོད། མི་སེར་གྱི་སྙིང་སྟོབས་གསར་བ་ཞིག་རླུང་ཁྲོད་དུ་རྒྱུ་ཞིང༌། ཅི་སྟེ་བརྡ་འཕྲིན་དེ་རྒྱ་ཆེ་བའི་རང་རྒྱལ་གྱི་ས་གནས་གྲོང་སྡེ་ཁག་ཏུ་ཁྱབ་འདུག།དེའི་སྟབས་ཀྱིས་གྲོང་སྡེ་ཁག་ཀྱང་གྲོང་རྡལ་གྱི་ལས་འགུལ་བ་ཚོ་དང་འདྲ་བར་གཞི་རྒྱ་ཆེ་བའི་སྲིད་དོན་གྱི་རྔམ་སྟོན་ཁྲོམ་སྐོར་ནང་དུས་ཐོག་མར་ཞུགས།

གཟའ་འཁོར་གཅིག་གི་སྔོན་གྱི་ཟླ་བཞི་བའི་ཚེས་དྲུག་ཉིན་རྒྱལ་ས་ལྡི་ལིར (ཚེ་གྲངས་ནོར་འཛོལ་ཐབས་ཏེ) དེ་སྔོན་གྱི་ཟླ་གསུམ་པའི་ཚེས་སོ་གཅིག་རེས་གཟའ་ཉི་མའི “གཞུང་དམངས་གཉིས་ཀའི་ལས་བཤོལ་ངོ་རྒོལ” གྱི་བྱ་འགུལ་སྲུང་རྩི་གནང་བ་རེད།

ཉིན་དེ་དག་གི་རིང་ལ་རྒྱལ་ས་ལྡི་ལིར་ཕན་ཚུན་དབར་གྲོགས་ཀྱི་འདུ་ཤེས་ཟབ་ཅིང་མཛའ་གཅུགས་ཀྱིས་དམ་དུ་བཅིངས་པའི་ཧིན་རྡུ་དང་ཁ་ཆེ་བའི་ཁྲོད་མཐོང་བ་ཀུན་སྨོན་གྱི་སྣང་ཚུལ་གཞན་ཞིག་མཆིས་པ་ནི་སི་བཱ་མཱའེ . ཞཱ་རཱ་རྡ་ཧིན་རྡ (རྒྱ་གར་གྱི་སློབ་གསོ་མཁན་དང་གནའ་བོའི་ཨརྱ་ཡན་སཱ་མ་ཇེའི་ཆོས་སྤེལ་མཁན) མཆོག་རེད་ལ། ཁོང་ནི་ཨརྱ་ཡན་སཱ་མ་ཇེའི (དེང་གི་པན་ཇེབ་མི་རིགས་ལ་གོ) རླབས་ཆེ་བའི་དབུ་ཁྲིད་ཡིན། ཁོང་གིས་རྒྱལ་ས་ལྡི་ལིར་མིང་དུ་གྲགས་པའི་ཁ་ཆེ་ལྷ་ཁང་ཇེ་མཱེ . མ་སི་ཇེ་རྡི (Jame Masjid) ནང་དད་ལྡན་མི་དམངས་ཁྲི་སྟོང་མང་པོར་བཀའ་མཆིད་གནང་གིན་གདའ།

ལོ་དེའི་ཟླ་བ་གསུམ་པའི་ཚེས་སོ་གཅིག་ཉིན་ཉེན་རྟོག་པ་དང་དྲག་པོའི་དམག་དཔུང་གིས་ཁྲོམ་སྲང་གི་རྒྱ་ཆེ་བའི་མི་དམངས་འདུ་ཚོགས་ཕྱིར་སྐྲོད་པ་ལ་དྲག་ཤུགས་སྤྱད་དེ་མི་དམངས་ཁ་ཤས་དམར་གསོད་བཏང་བ་རེད། སྐབས་དེར་སི་བཱ་མཱའེ . ཞཱ་རཱ་རྡ་ཧིན་རྡཱ་མཆོག་བརྗིད་ཉམས་ཆེ་བའི་སིན་ཡཱ་སེན (Sanyasin) (གནའ་བོའི་བྷན་གྷ་ལཱེའི་ཆ་ལུགས) གྱི་ཆོས་གོས་མནབས་ཏེ་དཔའ་མཛངས་བརྟུལ་ཕོད་ངང་ཅཱན་རྡི་ཅཱོག (Chandni Chowk) (རྡི་ལིའི་རྒྱལ་ས་རྙིང་པའི་ཁྲོམ་ར) ཁྲོམ་སྲང་དུ་གོར་ཁའི་དམག་གི་དྲག་ཆོས (Gurkhas) བགོས་པའི་དབྱིན་དམག་གི་མེ་མདའི་སོ་གྲིར་གཟིགས་ཏེ་མང་ཚོགས་ཀྱི་ཚེ་སྲོག་སྲུང་བའི་མཐུས། རྒྱ་གར་མི་དམངས་ཀྱི་ཡིད་སེམས་དགའ་མགུས་འཁེངས་ཡོད། འོན་ཀྱང་བློ་འཕངས་པའི་སྐྱོ་གར་གཞན་ཞིག་ནི་ལོ་ངོ་བརྒྱད་ཙམ་ཆས་པའི་རྗེས་ཀྱི་ཉིན་ཞིག་ཁོང་རྒྱབ་སྙེས་རྐུབ་སྟེགས་སྟེང་ངལ་གསོར་རོལ་སྐབས་རྨོངས་ཞེན་ཅན་གྱི་ཁ་ཆེ་བློ་ལོག་པ་ཞིག་གིས་ཁོང་ལ་གྲི་བསྣུན་ཏེ་བཀྲོངས་སོང༌།

ཟླ་བཞི་བའི་ཚེ་དྲུག་ཉིན་དེ “བདེན་པའི་ཨུ་ཚུགས” ཀྱི་ལས་འགུལ་འགོ་བརྩམས་པ་ནས་བཟུང་ཞི་བའི་རྒྱང་སྐྱོད་ལས་འགུལ་གྱི་རྒྱུན་བསྟུད་མར་བྱུང་བ་དང༌། ཟླ་བཞི་བའི་ཚེས་བཅུའི་ཉིན་པན་ཇེབ་ཀྱི་གྲོང་ཁྱེར་ཨཱམ་རཱེ་ཌ་སིར (Amritsar) ནང་མགོ་རྗེན་ལག་སྟོང་གི་མི་སེར་རྣམས་རང་གི་འགོ་ཁྲིད་ཚོ་འཇུ་བཟུང་ཐེབས་པར་འདུ་འཚོགས་ཀྱིས་མྱ་ངན་ཞུ་བའི་ཁྲོད་དུ་དྲག་པོའི་དམག་གིས་དྲག་ཆོས་བཀོལ་ཏེ་མི་མང་པོ་དམར་གསོད་བཏང༌། དེའི་རྐྱེན་ཤ་འཁོན་རྩོད་ཆེད་དུ་ཉེས་མེད་དབྱིན་ཇི་བ་ཁ་ཅིག་སོ་སོའི་ལས་ཤག་ཏུ་སྡོད་སྐབས་ཁོ་ཚོའི་དངུལ་ཁང་མེ་སྲེག་བཏང་སྟེ་དབྱིན་ཇི་བ་དྲུག་བདུན་ཙམ་ལ་ཤི་རྨས་ཐེབས།

དེའི་རྗེས་ཆབ་སྲིད་ཀྱི་ཡོལ་པ་ནག་པོས་པན་ཇེབ་མི་རིགས་ཡོངས་སུ་བསྒྲིབས་པ་འདྲ་ཞིང༌། ཞིབ་བཤེར་ནན་མོ་བརྒྱུད་རྒྱ་གར་བ་གཞན་པའི་དཀའ་སྡུག་ཁྱད་དུ་གསད་པ་རེད། སྐབས་དེར་གསར་གནས་ཅི་ཡང་སོན་དཀའ་སྟབས། པན་ཇེབ་ཀྱི་ཞིང་ཆེན་ཁག་ཏུ་ཕར་འགྲོ་ཚུར་འོང་ལ་དཀའ་ཁག་ཤིན་ཏུ་ཆེ། རྒྱུ་མཚན་གནས་དེ་གར་དྲག་པོའི་ལམ་ལུགས་ལག་ལེན་ཏུ་བསྟར་བཞིན་མཆིས། ཟླ་འགའི་རིང་མི་དམངས་ཚོའི་ལུས་སེམས་གཉིས་ཀའི་མནར་གཅོད་ཟམ་མ་ཆད་པའི་ཁར། འཇིགས་དངངས་ཤིག་ཉིན་ནས་ཟླ་བརྩེགས་ཏེ་ཡུན་གྱིས་མུན་ནག་གི་ཡོལ་བ་དེ་ཕྱེས་ཤིང་མིའི་བློ་ཡིད་ལས་འགོངས་པའི་དངོས་ཡོད་གནས་ཚུལ་ཤེས་རྟོགས་བྱུང༌།

བུ་མོ་ལགས། ངས་ཁྱེད་ལ་པན་ཇེབ་ནང་ཆེས་འཇིགས་སུ་རུང་བའི་དྲག་སྤྱོད་ཀྱི་ཁྲིམས་གཞིའི་དུས་རིམ་དེ་མ་གླེང་ན་ལེགས། ཟླ་བཞི་བའི་ཚེ་བཅུ་གསུམ་ཉིན་རང་རྒྱལ་ནུབ་ཁུལ་གྱི་གྲོང་ཁྱེར་ཨཱམ་རཱེ་ཌ་སིར (Amritsar) གྱི “མི་དམངས་སྤྱི་གླིང” (Jallianwala Bagh) དུ་འབངས་མི་སྡེབ་གསོད་བཏང་བའི་དོན་རྐྱེན་དེ་འཛམ་གླིང་ཁྱོན་ཡོངས་ཀྱིས་ཤེས་གསལ་ལྟར། གནས་དེར་མི་དམངས་ཁྲི་སྟོང་མང་པོར་བལྟ་བར་མི་བཟོད་པའི་ཤི་རྨས་ཚབས་ཆེན་བཟོ་དུས། ཁོ་ཚོ་གཤེད་མའི་རྒྱ་ལས་ཐར་བའི་གནས་ཤིག་ཧ་ལམ་མེད་འདུག།

ཨཱམ་རཱེ་ཌ་སིར (Amritsar) བྱ་བའི་ཡིག་འབྲུ་འདི་ཡང་མི་དམངས་སྡེབ་གསོད (Massacre) ཀྱི་དོན་གཅིག་མིང་གི་རྣམ་གྲངས་ཤིག་ཡིན། པན་ཇེབ་པའི་ཡུལ་གྲུ་གང་སར་ད་དུང་གོང་གི་སྐྱི་གཡའ་བའི་དོན་རྐྱེན་དེ་ལས་ཀྱང་ཆེས་ངོ་གནོང་དགོས་པའི་མི་དམངས་དམར་གསོད་ཀྱི་ལས་མང་དུ་བདོག་སྟེ། ལོ་ངོ་ཇི་འདྲའི་མང་པོ་ཞིག་འགོར་ཡང་ཆེས་འཇིགས་སུ་རུང་བའི་ཀླ་ཀློའི་ཚུལ་སྤྱོད་འདི་རིགས་དུས་ནམ་དུ་ཡང་བཟོད་དཀའ་ཞིང་དཔག་ཏུ་མེད་པ་ཞིག་རེད།

རྒྱ་གར་ནང་དབྱིན་ཇིའི་དབང་སྒྱུར་གྱི་རང་གཤིས་དེ་ནི་རྒྱུན་པར་ཁོང་ཚོ་འཕྱུར་ལ་ཉེ་བའི་མེ་རུ་ཞིག་གི་འཁྲིས་སུ་འཚོ་བའི་སྣང་ཚུལ་སྟེར་ཞིང༌། སྐབས་རེར་ཁོ་ཚོས་རྒྱ་གར་བའི་ཡིད་སེམས་གཉིས་ཀ་རྟོགས་པའམ། ཡང་ན་མཐོང་བར་སྟ་གོན་ཡང་བགྱིས་མྱོང༌། ཁོ་ཚོས་རྙོག་འཛིང་ཆེ་བའི་རྩ་འཛུགས་ཤིག་ལ་ཡིད་བརྟན་ཏེ་མི་ཚེ་ཁེར་རྐྱང་གིས་བགྲོད་ཅིང༌། སྒྲིག་འཛུགས་དེའི་ལྟག་གར་ད་དུང་དྲག་པོའི་དཔུང་ཤུགས་ཤིག་ཀྱང་བདོག་ནའང༌། ཁོང་ཚོའི་ཡིད་རྟོན་ཧྲིལ་བོ་དེའི་ཕ་རོལ་ན་རྟོགས་ཐབས་བྲལ་བའི་འཇིགས་དངངས་གཞན་ཞིག་མཆིས་ཏེ། དུས་རབས་ཧྲིལ་བོ་ཞིག་གི་རིང་ལ་མི་རིགས་ཤིག་གི་ཕྱེད་ཙམ་དབང་དུ་བཙུད་ཀྱང༌། ཁོ་ཚོར་མཚོན་ན་རྒྱ་གར་འདི་ཉིད་ད་དུང་ཡང་ཆ་མེད་རྒྱུད་མེད་ཅིག་མ་ཡིན་གྲང་སྙམ།

1857 ལོའི་འོས་ལངས་ཆེན་མོའི་ཕྱིར་རྟོག་དེ་ནི་ཁོ་ཚོའི་ཡིད་ངོར་གསལ་ལྷང་ངེར་འཆར་ངེས། ཁོ་ཚོའི་བསམ་པར་རང་ཉིད་ནི་ཤ་འཁོན་ཟབ་ཅིང་རྒྱུས་མངའ་མེད་པའི་གཞན་ཡུལ་དུ་འཚོ་རྐྱེན། འཁྱུག་ཙམ་གྱི་ཡུན་དུ་ཡུལ་ལུང་དེའི་ཡུལ་མི་རྣམས་ཁོ་ཚོའི་སྟེང་རུབ་འོང་སྟེ་ཁོ་པ་ཚོ་ཚལ་པ་ཚལ་པར་གཏོར་ངེས་རེད་སྙམ། ངང་ཚུལ་དེ་ནི་ཁོང་ཚོའི་རྗེས་རབས་པའི་བྱུང་རབས་དངོས་ཤིག་ཡིན་པ་རེད།

ཁོ་ཚོས་གཞི་རྒྱ་ཆེ་བའི་མི་དམངས་གྱེན་ལངས་ལས་འགུལ་མངོན་སུམ་དུ་མཐོང་དུས། རང་ཉིད་ལ་ཞེ་འཁོན་ཟབ་པས་ཁོང་ཚོའི་ཞེད་སྣང་ཡང་ཆེས་ཆེར་བསྐྱེད། ཟླ་བཞི་བའི་ཚེས་བཅུའི་ཉིན་གྲོང་ཁྱེར་ཨཱམ་རཱེ་ཌ་སིར་ནང་བྱུང་བའི་ཁྲག་དྲི་བྲོ་བའི་དམར་གསོད་ཆེན་པོ་དེའི་གནས་ཚུལ་པན་ཇེབ་པའི་རྒྱལ་ས་ལཱ་ཧོར (Lahore) གྱི་མཐོ་རིམ་དཔོན་རིགས་ཚོའི་སྙན་དུ་སོན་པ་ན། ཁོང་ཚོའི་དེ་སྔའི་སྤོབས་སེམས་ཀྱང་རྩ་ནས་ཞུམ་པར་གྱུར། ཁོ་ཚོའི་བསམ་པར་ཐེངས་འདིའི་གཞི་རྒྱ་ཆེ་བའི་ངོ་རྒོལ་ལུས་འགུལ་དེའང་གཅིག་བརྒྱད་ལྔ་བདུན་ལོའི་ཡར་ལངས་དང་འདྲ་བར་མི་དམངས་དམར་གསོད་ཀྱི་འོས་ལངས་གཞན་ཞིག་ཡིན་དུས། དབྱིན་ཇི་བའི་ཚེ་སྲོག་ལའང་འཇིགས་ཉེན་ཆེ་བར་དོགས། ཁོ་ཚོས་མི་དམངས་ཀྱི་ཁྲག་བཞུར་བ་མཐོང་སྟེ་ལས་བཤོལ་ངོ་རྒོལ་གྱི་གནད་དོན་ཐག་བཅད་ཀྱང༌། མི་དམངས་སྤྱི་གླིང་གི་དམར་གསོད་ཆེན་མོ་དང༌། དྲག་པོའི་ཁྲིམས་གཞི་སོགས་འདི་དག་ཚང་མ་མིའི་སྦྱོར་ངན་བརྩམས་པའི་བྱས་ཉེས་རང་རེད།

མི་ཞིག་གིས་དེར་མགོ་བདེ་ཁག་དཀྲིས་ཇི་ལྟར་བྱས་ཀྱང་རུང་མི་གཞན་གྱིས་ཁོའི་ཚུལ་མིན་གྱི་བྱ་སྤྱོད་འདི་རིགས་གསལ་བོར་རྟོགས་ཐུབ། འཇིགས་དངངས་ཀྱིས་བཅུམས་པའི་སྐྱེ་བུ་ཞིག་ལ་མཚོན་ན། ལར་ཁོ་རང་དེ་ཙམ་སྐྲག་དགོས་དོན་མེད་ནའང་ཁོ་པ་དྲག་སྤྱོད་ཀྱི་ལས་སུ་གཞོལ་ཡང་སྲིད་པ་རེད། ཡིན་ནའང་རྒྱ་གར་འདི་ཉིད་དེ་བས་ཀྱང་སེམས་ཁྲོ་ཞིང་ངོ་མཚར་དགོས་པ་ཞིག་ནི “མི་དམངས་སྤྱི་གླིང” གི་དོན་རྐྱེན་བྱུང་ནས་ཟླ་འགའི་རྗེས་སུ་དབྱིན་ཇིའི 3དམག་སྤྱི་ཆེན་མོ་རྡཱ་ཡཱར (General Dyer) གྱིས་སླར་ཡང་མི་ལ་རྩིས་མེད་བརྙས་བཅོས་གཏོང་བའི་སྤྱོད་ལམ་གྱི་དཔང་རྟགས་གཞན་ཞིག་མཆིས།

ཁོས “དོན་རྐྱེན་དེ་ནི་ང་ལ་འབྲེལ་བ་ཅི་ཡང་མེད” ཟེར་ལ། དབྱིན་ཡུལ་གྱི་མི་ཁ་ཤས་དང་དབྱིན་གཞུང་གཉིས་ཀྱིས་དམག་སྤྱི་ཆེན་མོ་རྡཱ་ཡཱར་ལ་སྐྱོན་བརྗོད་བྱ་ཁུལ་བགྱིས་མོད། འོན་ཀྱང་དབྱིན་ཇིའི་དབང་སྒྱུར་གྲལ་རིམ་གྱི་དམག་དཔོན་དེའི་ལྟ་སྤྱོད་ཐད་དབྱིན་ཇིའི་གྲོས་ཁང་གི་བགྲོ་གླེང་སྟེང་གྲོས་གཞི་བཏོན་ཏེ་ཁོ་པར་གཟེངས་བསྟོད་ཀྱི་རྣམ་འགྱུར་བསྟན་པ་རེད།

ཚུལ་དེས་རང་རྒྱལ་ནང་ཞེ་སྡང་གི་མེ་ཁ་གསོས་ཤིང༌། པན་ཇེབ་ནང་བྱུང་བའི་ནོར་འཁྲུལ་དེའི་སྟེང་ནས་སྡང་ཟུག་དྲག་པོ་ཞིག་རང་རྒྱལ་གྱི་ཡུལ་གྲུ་ཕལ་མོ་ཆེར་མཆེད་བྱུང༌། སྲིད་གཞུང་དང་རྒྱལ་དམངས་ཚོགས་ཆེན་ཏང་གཉིས་ཀྱི་མིང་ངོས་ནས་ཞིབ་བཤེར་ཚོགས་ཆུང་ཞིག་རྩ་འཛུགས་ཀྱིས་པན་ཇེབ་ནང་དོན་ངོ་མར་གནས་ཚུལ་ཅི་ཞིག་བྱུང་ཡོད་མེད་ལ་རྟོག་གཞིག་ཟབ་མོ་བགྱིས་སྐབས་རྒྱ་གར་གཞུང་གིས་ཁོ་ཚོའི་སྙན་སེང་ལ་རེ་སྒུག་བྱས།

ལོ་དེ་ནས་བཟུང་ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན་ནི་རང་རྒྱལ་གྱི་རྒྱལ་ཡོངས་དུས་ཆེན་དང༌། ཟླ་བཞི་བའི་ཚེས་དྲུག་ནས་ཚེས་བཅུ་གསུམ་དབར་ཏེ་ཉིན་གྲངས་བརྒྱད་རིང་ནི་རྒྱ་གར་རྒྱལ་ཡོངས་ཀྱི་གཟའ་འཁོར་གཅིག་ཏུ་གཏན་འབེབས་གནངས། དེང་སྐབས་དེ་སྔོན་མི་སེར་སྡེབ་གསོད་གཏོང་སའི “མི་དམངས་སྤྱི་གླིང” དེའང་སྲིད་དོན་གྱི་གནས་ཆེན་ས་ཁུལ་ཞིག་ཏུ་བཞེད་ཅིང༌། དེ་ཡང་མིའི་མིག་དབང་ཅིག་ཅར་དུ་འཕྲོག་པའི་སྐྱེད་ཚལ་ཞིག་ཡིན། སྐྱེད་ཚལ་དེའི་སྐྱོ་གར་རེ་ཞིག་བརྗེད་པར་གྱུར་མོད། གང་དེའི་ཕྱིར་དྲིན་གྱི་ལོ་ཟླ་ཟམ་མ་ཆད་པར་འཁོར་བསྐྱོད་བྱེད་ཀྱི་ཡོད།

སྟས་དབང་སྟབས་འཁེལ་གྱིས་སྤྱི་ལོ 1919 ལོའི་ཟླ 12 ནང་ཨཱམ་རཱེ་ཌ་སིར་གྲོང་ཁྱེར་དུ་བསྐོང་ཚོགས་གནང་བའི་རྒྱལ་དམངས་ཏང་གི་ཚོགས་ཆེན་དང “མི་དམངས་སྤྱི་གླིང་གི་དོན་རྐྱེན” གཉིས་དུས་གཅིག་ཏུ་འཁེལ་མོད། རྟོགས་ཞིབ་ཀྱི་གྲུབ་འབྲས་ལ་ངང་སྒུག་བྱ་དགོས་སྟབས་གནད་དོན་ཅི་ཡང་ཐག་གཅོད་བྱ་ཐུབ་མེད། འོན་ཀྱང་དེ་ཡང་རྒྱལ་དམངས་ཚོགས་ཆེན་ཏང་གི་འཕོ་འགྱུར་ཞིག་ཀྱང་ཡིན་པ་མངོན་གསལ་རེད།

ད་ནི་རྒྱལ་དམངས་ཚོགས་ཆེན་ཏང་ནི་དམངས་ཚོགས་ཀྱི་རྣམ་པའི་གྲུབ་ཅིང་གསར་དུ་གསོན་ཤུགས་རྒྱས་འདུག།རྒྱུ་མཚན་དེ་སྔའི་རྒྱལ་དམངས་ཏང་གི་འཐུས་མི་རྒན་པ་ཁ་ཅིག་ཕུང་དཀྲུག་སློང་མཁན་འབའ་ཞིག་ལས་མ་འདས། 4ལཱོ་ཁ་མན་ཡཱ.ཌེ་ལཱག (Lokamanya Tilak) མཆོག་གིས་དྲག་ཤུགས་དང་དབང་ཤུགས་གང་ལའང་མི་བསྟུན་པའི་རིང་ལུགས་བཟུང་སྟེ་ཚོགས་ཆེན་སྟེང་མཉམ་ཞུགས་གནང་བ་རེད། རྒྱུ་མཚན་ཐེངས་རྗེས་མའི་རྒྱལ་དམངས་ཏང་གི་ཚོགས་ཆེན་མ་བསྐོང་བའི་སྔོན་དུ་ཁོ་རང་མིའི་ཡུལ་འདི་དང་གཏན་དུ་འགྱེ་སྲིད་པས་སོ།།

ད་དུང་རླབས་ཆེན་གྱི་སྐྱེ་བུ་གཞན་ཞིག་བཙོན་ནས་ཐད་ཀར་རྒྱལ་དམངས་ཏང་གི་ཚོགས་ཆེན་སྟེང་རྡོག་ཐོན་བྱུང་པ་ནི་གྷན་དྷི་མཆོག་རེད་ལ། བཙན་རྒྱལ་རིང་ལུགས་ཀྱི་དྲག་པོའི་ཁྲིམས་གཞི་ལག་ཏུ་བསྟར་བའི་ཉིན་དེ་དག་གི་རིང་ལ་རང་རེའི་དབུ་ཁྲིད་ཁ་ཅིག་ཆེས་འཇིགས་སུ་རུང་བའི་ཇུས་ངན་གྱི་གཟེབ་ཏུ་ཚུད་དེ་བཙོན་འཇུག་གི་ཁྲིམས་ཐག་བཅད་ཟིན་པ་རེད། ཡིན་ནའང༌། དེང་སྐབས་ཁོང་ཚོའི་ཆབ་སྲིད་ཀྱི་ཉེས་ཆད་གུ་ཡངས་སུ་བཏང་ཡོད། དེར་མ་ཟད་མཚན་སྙན་རླུང་ལྟར་གྲགས་པའི5ཁ་ཆེ་བའི་དབུ་ཁྲིད་རྣམས (Ali Brothers) ལོ་ངོ་དུ་མའི་རིང་ལ་འཛིན་བཟུང་བཀག་སྐྱིལ་ཐེབས་རྗེས་སླར་ཡང་གློད་གྲོལ་ཐོབ། ལོ་རྗེས་མར་རྒྱལ་ཚོགས་ཏང་གིས་གྷན་དྷི་ཡི “མི་བསྟུན་པའི་ལངས་ཕྱོགས” (non-co-operation) སུ་ཧོབ་རྒྱུག་དང་མོས་འདུན་བཅངས་ཤིང༌། ཀ་ལི་ཀ་ཏའི་ནང་བསྐོངས་པའི་དམིགས་བསལ་ཚོགས་ཆེན་སྟེང་དུའང་ཁོང་གི་རིང་ལུགས་བསྟེན། ཕྱིས་སུ་རང་རྒྱལ་གྱི་བསྟི་གནས་གྲོང་ཁྱེར་ནཱ་གྷ་པོར (Nagpur) ནང་འཚོགས་པའི་ལོ་འཁོར་ཚོགས་ཆེན་སྟེང་ཁོང་གི་མི་བསྟུན་པའི་རིང་ལུགས་སྲ་བརྟན་དུ་བཏང༌།

རང་དབང་འཐབ་རྩོད་ཀྱི་བྱ་ཐབས་དེ་ནི་ཞི་བདེའི་ཐབས་ལམ་ཞིག་སྟེ་འགྲོ་མི་ཀུན་གྱིས་འཚེ་མེད་ཞི་བ་རུ་བཞེད་ཅིང༌། སྲིད་གཞུང་གི་འཛིན་སྐྱོང་དང་བཤུ་གཞོག་ལ་རམ་འདེགས་མི་གནང་རྒྱུ་ནི་ཐབས་རྩལ་དེའི་གཞི་རྩའི་ཁྱད་ཆོས་ཤིག་ཡིན། དེ་ཡང་ཐོག་མར་དབྱིན་གཞུང་གིས་བཏགས་པའི་མིང་བྱང་ཁག་ཅིག་སྟེ། གཞུང་འབྲེལ་གྱི་བྱེད་སྒོ་འགའ་ཤས་དང་འདྲ་བའི་ཁྲིམས་ཁང་ཁག་དང་དེའི་ཁྲིམས་རྩོད་པ་དང་ཞུ་གཏུག་མཁན། གཞུང་གཉེར་གཞི་རིམ་སློབ་གྲྭ་དང་མཐོ་སློབ་ཁག གོང་སྨོས་ཀྱི “མོན་ཌ་གྷོ . ཆའེ་ལཱམ་སི་ཧྥོར་ཌི་བཅོས་བསྒྱུར་འོག་གི་གྲོས་ཁང་གསར་བ་བཅས་ཀྱི་མིང་ཡིག་དེ་དག་ལ་འགོག་རྒོལ་བྱས་པ་དང༌། ཕྱིས་སུ་འགོག་སྲུང་བྱ་འགུལ་དེའང་ཞི་དྲག་གཉིས་ལྡན་གྱི་དམག་དོན་སྲི་ཞུ། ཁྲལ་རིགས་སོགས་ཀྱི་ངོ་བོར་འཕོ་འགྱུར་བྱུང༌། བཟོ་སྐྲུན་ཐད་ཀྱི་གནོན་ཤུགས་ཡོད་ཚད་ཡུལ་རས་འཁེལ་ཐག་གི་སྟེང་འཁེལ་ཞིང༌། བར་འདུམ་གྱི་ལས་དོན་དེ་ཡང་དབྱིན་ཇིའི་ཁྲིམས་ཐོག་ཏུ་ལག་སྟར་བགྱིད་པའི་ཁར། གལ་འགངས་ཤིན་ཏུ་ཆེ་བའི་དངུལ་ཁང་གཉིས་ནང་ཧིན་དྷི་དང་ཁ་ཆེ་ལས་མི་མཉམ་བསྲེས་ཀྱིས་རྒྱ་གར་གདོལ་རིགས་ཁག་ཕྱིར་ཕུད་བཏང་བ་རེད།

དེ་ཙམ་གྱིས་མ་ཚད་རྒྱལ་དམངས་ཚོགས་ཆེན་ཏང་གི་སྒྲིག་སྲོལ་ལའང་བསྒྱུར་བཅོས་བཏང་སྟེ་ད་ནི་འགུལ་སྤྱོད་ནུས་པའི་ཕུང་པོ་ཞིག་ཏུ་གྲུབ་ཅིང་སྐབས་འགར་སྔར་ལས་ཀྱང་རྒྱ་བསྐྱེད་ཆེན་པོ་བྱུང༌།

དེང་གི་དུས་སུ་རྒྱལ་དམངས་ཏང་གི་ལས་གཞི་ཁག་ནི་དེ་སྔོན་དུས་ཡུན་རིང་བོར་གཞོལ་མྱོང་བའི་ལས་རིམ་དང་བསྡུར་ན་རྦད་དེ་འདྲ་ཡི་མི་འདུག།དོན་ངོ་མར་དེ་ཡང་འཛམ་གླིང་སྟེང་གི་བསམ་གཞིགས་གསར་བའི་བྱ་བཞག་ཅིག་ཡིན་པ་རེད། རྒྱུ་མཚན་ཨ་ཧྥི་རེ་ཁའི་གླིང་ལྷོ་མའི་ནང་སྤེལ་བའི “བདེན་པའི་ཨུ་ཚུགས” ཀྱི་དམིགས་འབེན་རང་སྟེང་དུའང་ཚད་བཀག་རང་བཞིན་ཞིག་ཐེབས་པས་ཀྱང་རྟོགས་ཐུབ།

མི་ཁ་ཅིག་ལ་མཚོན་ན་འདིར་སྟོན་འགྱུར་གྱི་གོ་དོན་དེ་ནི་ཆེས་མྱུར་ཞིང་ལྕི་བའི་རང་སྲོག་བློས་གཏོང་གི་ལས་རིགས་ཤིག་ཡིན་ཏེ། ཁྲིམས་རྩོད་པ་ཚོར་དུས་དང་རྣམ་པ་ཀུན་ཏུ་རང་གཞུང་གི་ཁྲིམས་དོན་འདོར་དགོས་པར་བསྐུལ་ཞིང་སློབ་ཕྲུག་ཚོར་གཞུང་གཉེར་མཐོ་སློབ་ཁག་ལ་འགོག་རྒོལ་བྱེད་དུ་འཇུག་པས་ན། དེ་ལ་དཔེ་གཞི་ཚད་ལྡན་ཞིག་གཞར་ཡང་མེད་དུས། གནད་དོན་དེ་འདྲ་ཁྲིམས་བཤེར་བྱ་རྒྱུ་ནི་ཧ་ཅང་དཀའ་མདུད་ཅིག་ཏུ་གྱུར་ཡོད།

མྱོང་རྟོག་ཟབ་པའི་རྒྱལ་དམངས་ཏང་གི་འགོ་ཁྲིད་རྒན་པ་ཚོ་ཉིན་བཞིན་ཐེ་ཚོམ་དང་དོགས་སློང་གིས་ཁེངས་འདུག་པ་དེ་ཡ་མཚན་དགོས་པ་ཞིག་མ་རེད། གོང་དུ་གླེང་ཟིན་པའི་ལཱོ་ཁ་མན་ཡཱ.ཌེ་ལཱག་མཆོག་ནི་ཁོ་ཚོའི་ཁྲོད་ཀྱི་ཆེས་བླ་ན་མཐོ་བའི་དབུ་ཁྲིད་ཅིག་ཡིན་ཞིང༌། ཁོང་ཉིད་རྒྱལ་དམངས་ཚོགས་ཆེན་ལ་འཕོ་འགྱུར་མ་བྱུང་བའི་ཡར་སྔོན་དེར་སྐུ་གཤེགས།

རྒྱལ་དམངས་ཏང་གི་འགོ་ཁྲིད་ཚོའི་ཁྲོད་དུ་ད་དུང་མིང་དུ་གྲགས་པའི་སྐྱེས་ཆེན་གཞན་ཞིག་ནི 6མཱོ་ཐེ་ལིད.ནཱེ་རོ (Motilal Nehru) རེད། ཁོང་གིས་དེ་སྔའི་རང་བཙན་གྱི་བྱ་འགུལ་ཁྲོད་གྷན་དྷི་ལ་རྒྱབ་རོགས་གནང་ཡོད་རུང༌། རྒྱལ་དམངས་ཏང་ཡིན་ནའང་འདྲ། མང་ཚོགས་སམ་ཁྲོམ་སྲང་གི་མི་སེར་ཡིན་ཡང་རུང༌། རང་རྒྱལ་ཐུན་མོང་གི་རང་བཙན་འཐབ་རྩོད་ཀྱི་དཔའ་གདེང་དེ་གཞར་ཡང་ཞུམ་མི་སྲིད་པར་ཐེ་མི་ཚོམ།

གྷན་དྷི་མཆོག་གིས་ཁོ་ཚོ་རྨུགས་པ་ལས་བསླངས་ཏེ་རང་གི་རྐང་པར་བརྟེན་ནས་འགྲེང་དུ་བཅུག་པའི་ཁར། ཁོའི་རང་དབང་གི་རྒྱང་འབོད་དང་ལྷན་ཅིག།ཁོ་ཚོས་འཚེ་མེད་མི་བསྟུན་པའི་འཕྲིན་གསར་ལ་མོས་མཐུན་གྱི་རྣམ་འགྱུར་བསྟན་པ་རེད།

མི་སེར་གཞན་དག་དང་འདྲ་བར་རང་རྒྱལ་གྱི་ཁ་ཆེ་མི་དམངས་རྣམས་ཀྱང་འདོད་བློ་དེར་ཡིད་སེམས་སྤྲོ་བས་བརྟས། ཁ་ཆེ་དབུ་ཁྲིད་ཚོའི་མཛའ་འབྲེལ་འོག་གི་ཁཱེ་ལ་ཧྥེ་ཌི་ཚོགས་ཆུང (Khilafat Committee) གིས་སྔ་མོ་ནས་ལས་རིམ་འདིར་བསམ་ཤེས་གནང་ཞིང༌། ཆེར་མ་ལོན་པར་མི་དམངས་མང་ཚོགས་ཀྱི་སྤྲོ་སེམས་དང་ལས་འགུལ་གྱི་ལམ་ལྷོང་དེས་རྒྱལ་དམངས་ཏང་གི་འགོ་ཁྲིད་ཟུར་བ་ཁ་ཅིག་ཀྱང་བློ་འགུགས་ཐེབས་སུ་བཅུག

འཕྲིན་ཡིག་འདིའི་ནང་ངས་མིང་དུ་གྲགས་པའི་ལས་འགུལ་ལམ་ལྟ་གྲུབ་ཅི་ཞིག་མཚོན་པའི་བྱ་འགུལ་དེའི་ལེགས་ཉེས་དགེ་སྡུག་ཐད་དབྱེ་ཞིབ་བགྱི་མི་ནུས། དེ་ནི་ཆེས་རྙོག་འཛིང་ཅན་གྱི་དྲི་གཞི་ཞིག་ཡིན་སྟབས། ལས་འགུལ་དེ་རྩ་འཛུགས་གནང་མཁན (གྷན་དྷི་ལ་གོ) ཁོ་རང་མ་གཏོགས་གཞན་སུ་ཡིས་ཀྱང་ངོས་ཟིན་ཡིད་ཚིམ་པ་ཞིག་འགྲེལ་དཀའ་ཚོད་དུ་གདའ་ན། ད་ནི་ངེད་གཉིས་ཀྱིས་ཕྱི་ཕྱོགས་ཀྱི་ལྟ་ཚུལ་ལ་གཞིག་སྟེ་ཅིའི་ཕྱིར་ལས་འགུལ་དེ་ཁྱབ་གདལ་ཆེ་ཞིང་གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་སྨིན་པའི་ཐད་དཔྱོད་པར་བྱ།

བུ་མོ་ལགས། ངས་ཁྱོད་ལ་ཚབས་ཆེ་བའི་དཔལ་འབྱོར་གྱི་གནོན་ཤུགས་དང་ཕྱི་གླིང་བའི་འཆར་ཅན་གྱི་བཤུ་གཞོག་འོག་གི་ཡ་ང་བའི་གནས་སྟངས། ད་དུང་འབྱོར་འབྲིང་གྲལ་རིམ་གྱི་ལས་མེད་གྲངས་འབོར་སོགས་བཤད་ཟིན་མོད།

མི་རིགས་རིང་ལུགས་ཀྱི་ལྟ་བ་ཤུགས་ཆེར་འཕེལ་བ་དེས་མི་མང་གི་བློ་ཁ་དགོས་ངེས་ཀྱི་ཆབ་སྲིད་རང་དབང་གི་ཕྱོགས་སུ་བསྒྱུར་བའི་ཐབས་ཇུས་དེ་ནི་ཅི་ཞིག་ཡིན་ནམ།

རང་དབང་ནི་ང་ཚོའི་དགོས་འདུན་ཁོ་ན་ཙམ་མ་ཡིན་པར་རང་དབང་གིས་ད་དུང་གཞན་བརྟེན་སྒྱིད་ལུགས་དང་བྲན་སྒྱུར་གྱི་ལྕགས་སྒྲོག་སིལ་བུར་གཏོར་རྒྱུ་དེ་ཡིན། ང་ཚོའི་དགོས་འདུན་ནི་རང་དབང་ཁོ་ན་མ་ཡིན་པའི་རྒྱུ་མཚན་གཞན་ཞིག་ནི་ལཱོ་ཁ་མན་ཡཱ.ཌེ་ལཱག་གིས་བསྟན་དོན་ཇི་བཞིན། ང་ཚོར་སྐྱེས་ཐོབ་ཀྱི་ཁེ་དབང་དག་ངེས་པར་དུ་འཐོབ་དགོས་པར་མ་ཟད། དབུལ་ཕོངས་ཉམ་ཐག་གི་མང་ཚོགས་ཀྱི་ཁུར་རོ་ཇེ་ཉུང་དུ་གཏོང་རྒྱུ་དེ་རེད།

རང་དབང་ནི་ཇི་ལྟར་དུ་འཐོབ་བམ། ང་ཚོས་རང་དབང་ལ་རེ་ལྟོས་ཁོ་ན་འཆང་བའམ་ཁ་རོག་གེར་སྡོད་པ་ཙམ་ལས་འཐོབ་ཏུ་མེད་པ་མིག་མཐོང་ལག་ཟིན་རེད། སློང་མོ་དང་ངོ་རྒོལ་གྱི་བྱེད་ཐབས (རྒྱལ་དམངས་ཏང་གིས་དུས་ཡུན་རིང་པོ་ཞིག་ལ་བྱེད་ཐབས་འདིར་ཞི་དྲག་གཉིས་ཀྱིས་གཞོལ་མྱོང) དེའང་སྤྱི་དམངས་ལ་བསྟན་པའི་བླུན་ཞེད་ཙམ་དུ་མ་ཟད་དོན་སྙིང་གིས་སྟོང་ཞིང་བྱེད་ནུས་ཅི་ཡང་མི་ཐོན། མིའི་རིགས་ཀྱི་ལོ་རྒྱུས་བྱུང་རབས་ཁྲོད་དུ་བྱ་ཐབས་དེ་འདྲར་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པའམ་སྒྲིག་སྲོལ་ཞིག་ལ་སྐུལ་སློང་བགྱི་བ། ཡང་ན་ནི་དབང་ཤུགས་ལ་བརྟེན་ཏེ་གྲལ་རིམ་ཁག་ཁ་བྲལ་དུ་གཏོང་བའི་ཐོབ་ཐང་ཆེར་སྤྲོད་པ་སོགས་གཏན་ནས་བྱུང་མྱོང་མེད། དོན་ངོ་མར་ལོ་རྒྱུས་ཀྱི་དུས་རིམ་སོ་སོས་ང་ཚོར་བྲན་དུ་བསྒྱུར་ཟིན་པའི་མང་ཚོགས་དང་གྲལ་རིམ་ཁག་གི་དྲག་པོའི་གྱེན་ལོག་དང་འོས་ལངས་བརྒྱུད་ད་གཟོད་ཁོ་ཚོའི་འདོད་པའི་རང་དབང་དང་ཁེ་དབང་དག་མངོན་འགྱུར་བྱུང་བ་གསལ་བཤད་གནང་གི་ཡོད།

རྒྱ་གར་མི་དམངས་ལ་མཚོན་ན་དྲག་ཤུགས་ཀྱི་འོས་ལངས་ནི་འབྱུང་མི་སྲིད་པར་སྣང༌། ང་ཚོ་མ་གཞི་ནས་གོ་མཚོན་ཅི་ཡང་མེད་པའི་མི་རིགས་ཤིག་ཡིན་པའི་ཁར་ཐ་ན་ང་ཚོ་ཕལ་ཆེ་བས་གོ་མཚོན་ཇི་ལྟར་བཀོལ་བའང་མི་ཤེས། དེར་མ་ཟད་དྲག་པོའི་འགྲན་རྩོད་ཁྲོད་དུ་དབྱིན་ཇི་སྲིད་གཞུང (ཡང་ན་རྒྱལ་ཁབ་གཞན་གང་ཞིག་ཡིན་ཡང་རུང) གི་དབང་ཤུགས་ཀྱི་སྒྲིག་འཛུགས་དེ་ནི་གཞན་སུ་བས་ཀྱང་གཞོམ་གཞིག་དཀའ་བ་ཞིག་རེད། སྤྱིར་ན་རྒྱལ་ཁབ་གང་ཞིག་ཡིན་རུང་དམག་དཔུང་གིས་སྲིད་གཞུང་གང་དེའི་བཀའ་བཀོལ་ལ་ཡི་མ་རངས་པར་མཐའ་གཅིག་ཏུ་ངོ་རྒོལ་བྱ་སྲིད་ཀྱང༌། ལག་ཏུ་གོ་མཚོན་ཁབ་ཙམ་ཡང་མེད་པའི་མི་དམངས་མང་ཚོགས་ཀྱིས་དྲག་པོའི་བཙན་གནོན་མྱོང་རྒྱུ་ལས་ཕྱིར་གྱེན་ལངས་བྱ་མི་ནུས། ཕ་རོལ་བོ་ཟིལ་གྱིས་གནོན་པར་འདོད་པའི་སྒེར་མིའི་དྲག་སྤྱོད་རིང་ལུགས་དེ་ཡང (ཕྱོགས་གཞན་ཞིག་ནས་དཔོན་རིགས་སྒེར་བའི་ཐུང་མདའ་དང་འགས་གཏོར་སོགས་ཀྱིས་དམར་གསོད་གཏོང་བ) དགོད་བྲོ་བའི་བླུན་རྟགས་རིགས་ཤིག་རེད། གོང་དུ་ངས་ཁྱོད་ལ་སྨོས་ཟིན་པ་ལྟར། མི་སྒེར་གྱི་དྲག་པོའི་ལག་ཐབས་དེ་འདྲ་ཐ་ན་ཨུ་རུ་སུ་མཉམ་འབྲེལ་སྲིད་གཞུང་གིས་ཀྱང་ཡལ་བར་དོར་མྱོང་སྐད།

འོན་ན་དེ་དུས་ཀྱི་ཨུ་རུ་སུ་གནས་བབ་དེ་འདྲའི་འོག་ལྷག་གམ་ཞེས་ན། མ་ཡིན་ཏེ་ཨུ་རུ་སུའི་གསར་བརྗེ་ལ་རྒྱལ་ཁ་ཐོབ་ཏེ་བཟོ་བའི་སྤྱི་མཐུན་ཏང་རྩ་འཛུགས་དང༌། གཞི་རྒྱ་ཆེ་བའི་གསར་བརྗེའི་བྱ་འགུལ་གྱི་ཐབས་ཇུས་ཐད་དྲག་པོའི་དམག་དཔུང་གིས་རྒྱབ་རོགས་མཛད་ཀྱང༌། རྒྱལ་ནང་དུ་དེ་སྔའི་རྒྱལ་ཁབ་དང་སྲིད་གཞུང་རྙིང་པ་འཐོར་ཞིག་དང་ཉམས་དམས་སུ་གྱུར་རྗེས་ཨུ་རུ་སུའི་གསར་བརྗེ་ཚོགས་པ (སུའུ་ཝེ་ཨེ་སྤྱི་ཚོགས་རིང་ལུགས་ལ་གོ) རྣམ་པར་རྒྱལ་བ་རེད། མཇུག་འབྲས་སྨིན་པའི་གཡུལ་འཐབ་ཀྱི་རྗེས་སུ་གསར་བརྗེ་ལ་ངོ་ལོག་སློང་མཁན་རེ་འགའ་ཙམ་ལས་མེད་སྐད། རང་རྒྱལ་དུའང་མི་རེ་ཟུང་གིས་ཨུ་རུ་སུའམ་མར་ཁེ་སི་རིང་ལུགས་ལ་དོ་སྣང་དང་ངེས་ཟིན་ཟབ་མོ་ཐོབ་སྟེ་ཐ་ན་ཞིང་པ་དང་བཟོ་བའི་ལས་ཡུན་ཐད་དུའང་བསམ་གཞིགས་ནན་ཏུར་བཏང་མྱོང་བ་རེད།

དེས་ན་གསར་བརྗེའི་ལམ་ཆེན་སྟེང་གནས་གང་དུའང་བགྲོད་པར་མི་ནུས་ཤིང༌། ཉམ་ང་ཞིང་བཟོད་དཀའ་བའི་བྲན་བཀོལ་གྱི་འཚོ་སྡོད་གནས་བབ་འོག་གསོན་པའི་ཐར་ལམ་ཞིག་གཞར་ཡང་མེད་པ་འདྲ། ཚོར་ཤུགས་སྐྱེན་པོའི་མི་མང་གི་སེམས་སུ་ད་ནི་ཁོ་པ་ཚོ་རྦད་དེ་ཐབས་ཟད་འུ་ཐུག་གི་རེ་ཐག་ཀྱང་འཆད་ལ་ཉེ་བར་བསམས།

སྐད་ཅིག་མའི་ཡུན་ཙམ་ནང་གྷན་དྷིས་རང་གི་མི་བསྟུན་པའི་རིང་ལུགས་ལག་ལེན་དུ་བཏབ་ཅིང༌། དེ་ཡང་ཨར་ལན་ཌི (Ireland) རྒྱལ་ཁབ་ནང་བྱུང་བའི་སན་ཧྥན (Sinn Fein) (1905 ལོར་ཨར་ལན་ཌི་སྤྱི་མཐུན་རྒྱལ་ཁབ་གཅིག་གྱུར་གྱི་ཆབ་སྲིད་ལས་འགུལ) དང་འདྲ་བར་ཁོང་གི་མི་བསྟུན་པའི་རིང་ལུགས་དེས་ང་ཚོ་རང་ཉིད་ལ་ཡིད་རྟོན་དང་སྙིང་རུས་ཆེར་བསྐྱེད་དགོས་པར་གདམས། དེ་ནི་རང་རྒྱལ་དུ་བསླངས་པའི་སྐུལ་སློང་གི་ཐབས་རྩལ་ཆེས་ཟིལ་ཤུགས་དང་ལྡན་པ་ཞིག་རེད།

སྲིད་གཞུང་གིས་རྒྱ་གར་བའི་འདོད་བློ་ཚིམ་མེད་གང་ལྟར་ཡང་མཉམ་ལས་ལ་ཡིད་རྟོན་དང་གཙིགས་ཆེར་འཛིན་པའམ། གལ་ཏེ་མཉམ་འབྲེལ་རྩ་འཛུགས་ཕྱིར་འཐེན་དང་འགོག་རྒོལ་ལག་ལེན་དུ་བསྟར་ཡོད་དུ་ཆུགས། རིགས་པའི་གཞུང་ལུགས་དུ་རང་རྒྱལ་གྱི་ཁྲིམས་གཞུང་འདི་ཉིད་འཐུས་ཚང་བ་ཞིག་ཏུ་འགྱུར་བར་ཐེ་མི་ཚོམ།

ཐ་ན་མི་བསྟུན་པའི་ལངས་ཕྱོགས་དེ་དུས་ཡུན་རིང་བོར་རྒྱུན་བསྲིངས་མ་ཐུབ་པའི་དབང་དུ་ཆུགས། མི་དམངས་ཀྱི་སྟོབས་ཤུགས་ཆེར་རྒྱས་པའི་མཚུངས་སྲིད་གཞུང་གི་སྟེང་ཆེས་བཟློག་དཀའ་བའི་གནོན་ཤུགས་ཐེབས་པར་སུས་ཀྱང་བསྙོན་དུ་མེད་པ་རེད།

ལངས་ཕྱོགས་དེ་ནི་དབང་བཙན་པར་རྒོལ་ལན་བསློག་པ་ཙམ་དུ་མ་ཟད་དོན་དམ་གྱི་ཞི་བདེ་རེད་ཅིང༌། “བདེན་པའི་ཨུ་ཚུགས” ནི་འཚེ་མེད་རང་སྲུང་གི་བྱ་འགུལ་ཞིག་སྟེ་འབྱུང་ཉེན་སྔོན་འགོག་གི་འཇུག་སྒོ་ལྟ་བུ་ཡིན།

རང་རྒྱལ་གྱི་བརྟན་བརླིང་ནི་འཇིག་ཉེན་གྱི་འགག་རྩར་འཕྲད་ཡོད་རུང་ཐེངས་འདིའི་ལས་འགུལ་དེ་ཟིལ་ཤུགས་ཆེར་ལྡན་པའི་ཞི་བའི་འོས་ལངས་ཤིག་སྟེ་སྔོན་ཐོན་ཅན་གྱི་གཡུལ་འཐབ་ཀྱི་རྣམ་པ་ཞིག་དང་གྲང་ཉུང་མི་རིགས་ཀྱི་སྟོབས་ཤུགས་རྩལ་དུ་བཏོན་པའི་ཐབས་རྩལ་ཁྱད་པར་བ་ཞིག་རེད། དེ་ཡང་རྒྱ་གར་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྐྱེས་སྟོབས་ཀྱི་ཤེས་རབ་དང་ཡང་ཧ་ཅང་འཚམས་ཤིང་ལེགས་པར་འཁུམས།

ཞི་བའི་འོས་ལངས་ཆེན་མོའི་མཐུས། ང་ཚོའི་གཤིས་སྤྱོད་གཙང་ཞིང་དག་པར་བསྐུལ་ཏེ་ཁ་གཏད་ཀྱི་དགྲ་བོར་ཡ་ལན་སློག་ཏུ་བཅུག་པ་འདྲ། འཐབ་རྩོད་དེས་ང་ཚོའི་སེམས་རྒྱུད་ཀྱི་ཐེ་ཚོམ་དང་འཇིགས་སྐྲག་མ་ལུས་བརྒལ་དུ་བཅུག་རྐྱེན། ང་ཚོས་མི་དང་མི་ངོ་འཕྲད་དེ་རང་སེམས་ཀྱི་མངོན་འདོད་ཀུན་སྲོང་བོར་གློད་འགོ་བརྩམས་པ་དེའང་སྔར་བྱུང་མ་མྱོང་བའི་དོན་ཞིག་ལོས་ཡིན།

གསར་ཏུ་བཏོན་པའི་འགྲོ་འདུག་རང་དབང་དང་སྨྲ་བརྗོད་རང་གིས་ང་ཚོའི་ཡིད་སེམས་གཉིས་ཡོངས་སུ་མནན་པའི་དཀའ་སྡུག་གི་ལྗིད་ཤུགས་བཏེག་པ་འདྲ་སྟེ་ང་ཚོ་སླར་ཡང་སྟོབས་ཤུགས་དང་རང་རྟོན་ཀྱིས་ཁེངས་པར་གྱུར།

མཐར་ཞི་བའི་ཐབས་ལམ་དེས་ཤུགས་ཆེར་འཕེལ་བཞིན་པའི་ཡ་ང་ཞིང་ངུ་སྐྱེན་པའི་རིགས་རྒྱུད་དབྱེ་འབྱེད་དང་མི་རིགས་འཁོན་འཛིང་གི་གནད་དོན་སྔོན་འགོག་བགྱིས་ཤིང༌། དུས་དང་རྣམ་པ་ཀུན་ཏུ་འཐབ་རྩོད་ཀྱི་ཉེར་ལེན་དུ་གྱུར་བའི་གནད་ཀ་འདི་རིགས་བརྒྱུད་ལས་སླ་པོར་མི་རིགས་མཐུན་འགྲིག་དང་སྤྱི་ཚོགས་བརྟན་བརླིང་བཟོས།

དེའི་རྐྱེན་མི་བསྟུན་པའི་ལས་རིམ (དེ་ཡང་གཙིགས་སུ་བསྔགས་པར་འོས་པའི་གྷན་དྷིའི་རང་གཤིས་དང་དམ་དུ་སྦྲིལ་ཡོད) དེ་རང་རྒྱལ་གྱི་གནས་བབ་དངོས་ལ་དམིགས་གཏད་དེ་སླར་ཡང་རེ་སྨོན་གྱིས་འཁེངས་པའི་གསོན་ཤུགས་བསྩལ་ཞིང༌། ཁོང་གི་མི་བསྟུན་པའི་རིང་ལུགས་ཁྱབ་གདལ་དུ་ཕྱིན་པ་དེས་སྔ་མའི་རྙིང་ཞེན་དང་བློ་དམན་གྱི་སྣང་ཚུལ་ཡལ་བར་བྱས། མེས་རྒྱལ་དུ་གལ་འགེངས་ཤིན་ཏུ་ཆེ་བའི་དོན་ཆེན་ཁག་གིས་གསར་ཏུ་ཚུགས་པའི་རྒྱལ་དམངས་ཏང་གི་ཡིད་དབང་མེད་དུ་འཕྲོག་པའི་མཐུས། སྟོབས་ཤུགས་དང་གྲགས་པ་རིམ་གྱིས་རྒྱས་བྱུང༌།

དུས་མཚུངས་སུ་དབྱིན་གཞུང་གིས་བཏོན་པའི “མོན་ཌ་གྷོ . ཆའེ་ལཱམ་སི་ཧྥོར་ཌི་བཅོས་བསྒྱུར་གྱི་ལོག་ཇུས” (Mongagu-Chelmsford scheme of reform) འོག་གྲོས་ཁང་གསར་འཛུགས་དང་ཚོགས་ཆེན་བསྡུ་བསྐོངས། དེང་སྐབས “བཅིངས་འགྲོལ” དུ་འབོད་པའི “སྲིད་ཇུས་གུ་ཡངས” སུ་བཏང་བ་དང་བསྟུན། རྒྱལ་ཁབ་ཀྱི་སྲིད་བློན་དང་འགོ་ཁྲིད་འདེམས་བསྐོ་མཛད་ཀྱང༌། སྲིད་གཞུང་དུ་སྲིད་ཇུས་གཅིག་སྡུད་ཟུང་འབྲེལ་བྱས་པར་མདངས་ཚོགས་ཀྱི་བློར་མི་འདོད་པ་བྱུང༌།

རྒྱལ་དམངས་ཏང་གི་ངོས་ནས་ཁྲིམས་གཞི་འདི་རིགས་ལ་མི་འདོད་པའི་འགོག་རྒོལ་དྲག་པོ་བྱས་རྐྱེན་རྒྱལ་ནང་དུ་ཁོང་ཚོར་ལྟ་རྟོག་ནན་མོ་བྱེད་ཅིང༌། མིག་ཟུང་ཡོད་ཚད་ཕྱིའི་གྲོང་གསེབ་དང་གྲོང་རྡལ་ཁག་གི་འཐབ་རྩོད་དངོས་ལ་ཕྱོགས་ཡོད། དུས་ཐོག་མར་རྒྱལ་དམངས་ཚོགས་ཆེན་ཏང་གི་ལས་མི་འབོར་ཆེན་ས་གནས་གྲོང་གསེབ་ཁག་ཏུ་བསྐྱོད་དེ་གྲོས་ཚོགས་ཀྱི་ཚོགས་ཆུང་རྩ་འཛུགས་དང་གྲོང་གསེབ་ཀྱི་ཆབ་སྲིད་གོ་རྟོགས་མཐོར་འདེགས་གཏོང་བའི་བྱ་འགུལ་སྤེལ།

མིའི་ཀླད་པའི་ནང་གནད་དོན་མང་པོ་ཞིག་དྲན་པའི་དབང་གིས་སྤྱི་ལོ 1921 ལོའི་ཟླ་བ 12 ནང་བཟློག་ཏུ་མེད་པའི་འཁྲུག་འཛིང་གི་འགལ་བ་ཛ་དྲག་ཏུ་གྱུར། དོན་རྐྱེན་དེ་ནི་དབྱིན་ཇིའི་རྒྱལ་སྲས་བཱལ་སི (Prince of Wales) རང་རྒྱལ་ནང་རྒྱལ་དོན་གཟིགས་སྐོར་མཛད་སྐབས་རྒྱལ་དམངས་ཚོགས་ཆེན་ཏང་གི་ངོས་ནས་འགོག་རྒོལ་བགྱིས་པས་སོ།།

རྒྱལ་ནང་དུ་མི་མང་པོ་བཙན་བཟུང་བྱས་པ་དང་བཙོན་ཁང་ཁག་ཆབ་སྲིད་བཙོན་མས་འཁེངས་ཤིང༌། དུས་སྐབས་དེར་ང་ཚོ་ཕལ་ཆེ་བར་མཚོན་ན་འཇུ་བཟུང་བཙོན་འཇུག་གི་མྱོང་བ་ཐོག་མར་ཐོབ་པ་ཡིན། ཐ་ན་རྒྱལ་དམངས་ཏང་གི་ཚོགས་གཙོ་ཆཱེ་ཌ་རན་ཇེན.དྷ་སི (Chittaranjan Das) (རྒྱ་གར་དེང་རབས་ཀྱི་རླབས་ཆེ་བའི་རང་དབང་འཐབ་རྩོད་པའི་གྲས་ཡིན) ལགས་ཀྱང་འཛིན་བཟུང་ཐེབས་ཁར། ཨེ་ཅཱ་མེལ.ཁན (Ajmal Khan) (ཨེ་ཤ་ཡའི་དངོས་ཁམས་གསོ་ལུགས་རིག་པའི་ཆེད་མཁས་དང་ཁེ་ཆེ་མི་རིགས་རིང་ལུགས་པ། རང་དབང་འཐབ་རྩོད་པ་བཅས་ཡིན) ལགས་ཀྱིས་རང་རྒྱལ་ནུབ་ཁུལ་གྱི་བཟོ་ལས་ཐོན་སྐྱེད་ཀྱི་བསྟི་གནས་གྲོང་ཁྱེར་ཨ་མཱེ་དྷ་བྷ་ཌི (Ahmedabad) ནང་ཛ་དྲག་གི་ཚོགས་ཆེན་བསྡུ་བསྐོང་དང་གཙོ་སྐྱོང་གནངས།

ཡིན་ནའང་སྐབས་དེར་གྷན་དྷི་མཆོག་འཇུ་བཟུང་མ་ཐེབས་པས་སྲིད་གཞུང་གི་འདོན་འདུན་ཡོངས་སུ་འགྲུབ་ཅིང༌། བཙན་བཟུང་དང་དྲག་རྡུང་ལ་ཅི་མི་སྙམ་པའི་མི་གྲངས་ནི་འཛིན་བཟུང་ཐེབས་པའི་མི་འབོར་ལས་ཀྱང་བརྒལ་བར་གྱུར།

མིང་དུ་གྲགས་པའི་བཟོ་བ་དང་དབུ་ཁྲིད་རྣམས་གཅིག་མཐུད་གཉིས་མུར་བཙོན་དུ་བཙུད་དེ་འདུན་མ་དང་མྱོང་རྟོག་ཞན་པའི་མི་ཁ་ཅིག (སྐབས་རེར་གསང་བའི་ཉེན་རྟོག་མི་སྣའང་ཚུད) བསྐྱར་དུ་རང་གཞུང་གི་ལས་གནས་སུ་བསྐོ་བཞག་གནང་རྐྱེན། རྒྱལ་ནང་དུ་སྒྲིག་འཛུགས་བརྟན་བརླིང་མིན་པའི་ཁར་དྲག་པོའི་ཟིང་འཁྲུག་གི་ཡོ་ལང་རབ་ཏུ་རྒོད།

1922 ལོའི་ལོ་བསྟོད་ཙམ་དུ་རང་རྒྱལ་གྱི་ཤར་ལྷོ་ཁུལ་གྷོ་རཱ་ཁི་པོར་གྲོང་ཁྱེར་གཉེས་འཁྲིས་ཀྱི་ཆའོ་རཱེ་ཆའོ་རཱ་ས་ཁུལ་དུ་ཞིང་བ་མང་ཚོགས་དང་དྲག་ཆས་ཉེན་རྟོག་པའི་དབར་ཁྱོད་ཤི་ང་གསོན་གྱི་འཁྲུག་འཛིང་ཤོར་རྗེས་ཞིང་བ་མི་དམངས་ཚོས་ཉེན་རྟོག་མི་སྣ་དང་བཅས་ས་གནས་སོ་སོའི་ཉེན་རྟོག་ཁང་མེ་སྲེག་གཏོང་བའི་བྱ་འགུལ་དེ་ཡོངས་སུ་མཇུག་བསྒྲིལ།

ཐེངས་འདིའི་དོན་རྐྱེན་དང་ཞར་བྱུང་གི་ཆག་སྒོ་གཞན་དག་གི་ཐད་གྷན་དྷི་མཆོག་རྦད་དེ་ཧ་ལས་པར་གྱུར། རྒྱུ་མཚན་ངང་ཚུལ་དེ་ཡང་རང་གཞུང་ནི་ཁྲིམས་མེད་ལུགས་མེད་ཅིག་དང་དྲག་སྤྱོད་ཀྱི་ལས་སུ་གཞོལ་ཆེ་བར་སྣང་ཞིང༌། ཁོང་གིས་སེམས་ན། རྒྱལ་དམངས་ཚོགས་ཆེན་ཏང་གི་འཛིན་སྐྱོང་དོ་དོམ་དེའང་ཁོའི་མི་བསྟུན་པའི་རིང་ལུགས་ཀྱི་ཆ་ཤས་སུ་གྲུབ་ཟིན་པའི་ཁྲིམས་འགལ་རིགས་ཤིག་གི་དོགས་ཟོན་བསྐྱེད།

གོང་གི་དོན་རྐྱེན་དེ་བྱུང་ནས་ཆེར་མ་ལོན་པར་གྷན་དྷི་རང་ཉིད་ཀྱང་འཇུ་བཟུང་ཐེབས་ཏེ་མི་ལོ་དྲུག་གི་ཁྲིམས་ཆད་ཕོག། སྤྱི་ལོ་ཆིག་སྟོང་དགུ་བརྒྱ་ཉེར་གཉིས་ལོའི་ཟླ་བ་གསུམ་པར་གྷན་དྷི་འཇུ་བཟུང་ཐེབས་རྗེས་ཁོང་གི་མི་བསྟུན་པའི་ལས་འགུལ་དེའང་རེ་ཞིག་རིང་མཇུག་སྒྲིལ་བར་སྣང་ངོ༌།།





ཟུར་མཆན།

1“མོན་ཌ་གྷོ . ཆའེ་ལཱམ་སི་ཧྥོར་ཌི་བསྒྱུར་བཀོད” (Montagu-Chelmsford Reforms) ནི་སྤྱོ་ལོ 1918 ལོར་དབྱིན་ཇིའི་གྲོས་ཚོགས་ནས་རྒྱ་གར་གྱི་ཁྲིམས་ལུགས་དོན་ཚན་ཁག་གཞིར་བཟུང་ཐོག་བཏོན་ཞིང་སྤྱི་ལོ 1919 ལོར་རྒྱ་གར་དབུས་གཞུང་གི་བཅའ་ཁྲིམས་ཀྱི་གཞི་རྩར་གྱུར་བའི་ཁྲིམས་གཞིར་བཞེད་ཅིང༌། མོན་ཌ་གྷོ (Montagu 1879~1924) ཞེས་པ་འཛམ་གླིང་དམག་ཆེན་རྗེས་ཀྱི་རྒྱ་གར་གཞུང་གི་དྲུང་ཡིག་ཆེན་མོ་དང༌། ཆའེ་ལཱམ་སི་ཧྥོར་ཌི (Chelmsford 1868~1933) ནི་རྒྱ་གར་ནང་བཅའ་སྡོད་དབྱིན་ཇིའི་རྒྱལ་ཚབ་པ་ཡིན།

2བྷན་གྷལ (Bengal) རྒྱལ་ཁབ་ནི་སྤྱི་ལོ 1947 ལོར་ཤར་ནུབ་གཉིས་སུ་བཀྱེས་ཤིང་ནུབ་ཁུལ་རྒྱ་གར་གྱི་མངའ་སྡེ་དང་ཤར་ཁུལ་དེང་གི་བྷང་ལ་ལྡེ་ཤིར་ངེས་འཛིན།

3དམག་སྤྱི་ཆེན་མོ་རྡཱ་ཡཱར (General Dyer 1864~1927) ནི་གྲོང་ཁྱེར་ཨཱམ་རཱེ་ཌ་སིར་ནང་མི་དམངས་སྡེབ་གསོད་གཏོང་མཁན་དང༌། ཁོའི་མ་རུང་བའི་ཀློ་ཀློའི་གཏུམ་སྤྱོད་ཀྱིས་རྒྱ་གར་གྱི་མི་སེར་ཁྲི་སྟོང་མང་པོར་ཤི་རྨས་ཡ་ང་བ་ཐེབས་ཟེར།

4ལཱོ་ཁ་མན་ཡཱ.ཌེ་ལཱག (Lokamanya Tilak 1856~1920) ནི་རྒྱ་གར་གྱི་དམངས་དབང་རིང་ལུགས་པ་དང༌། གསར་འགོད་པ། དགེ་རྒན། སྤྱི་ཚོགས་བཅོས་སྒྱུར་མཁན། ཁྲིམས་རྩོད་པ་བཅས་ཀྱི་འགན་བཞེས་མྱོང་བ་མ་ཟད། རྒྱ་གར་བའི་རང་དབང་ལས་འགུལ་གྱི་རླབས་ཆེ་བའི་དབུ་ཁྲིད་ཐོག་མ་ཡིན། དབྱིན་ཇིའི་མི་སེར་སྤེལ་བའི་སྲིད་གཞུང་གིས་ཁོང་ལ་རྒྱ་གར་གྱི་རང་དབང་འོས་ལངས་ཆེན་མོའི་ཡབ་ཆེན་ཏུ་བཞེད་ཅིང༌། ཁོང་གི་དངོས་མིང་ལ་བྷལ་གྷན་གྷ་རྡིར.ཌེ་ལཱག (Bal Gangadhar Tilak) ཞུ། ཕྱིས་སུ་རྒྱ་གར་མི་དམངས་ཀྱིས་ཁོང་གི་མཚན་ལ་ལཱོ་ཁ་མན་ཡཱ (Lokamanya) (དམངས་ཀྱིས་བདམས་པའི་དབུ་ཁྲིད) ཞེས་པའི་མཚན་གསོས།

5འདིར་ཁ་ཆེ་དབུ་ཁྲིད་རྣམས་ནི་མ་ཧ་མོ་ངྷི་ཨ་ལཱེ.ཇོ་ཧར (Mohammad Ali Jouhar 1878~1931) (ཁོང་ཉིད་རྒྱ་གར་ཁ་ཆེ་བའི་དབུ་ཁྲིད་དང་རང་དབང་ལས་འགུལ་བ། སྙན་ངག་པ། གསར་འགོད་པ། མཁས་པའི་དབང་པོ། རྒྱལ་དམངས་ཏང་གི་འགོ་ཁྲིད་བཅས་ཡིན) དང་མའོ་ལཱ་ནཱ.སཱོ་ཀི་ཐེ་ཨ་ལཱེ (Maulana Shaukat Ali 1919~1924) (ཁོང་ནི་ཁ་ཆེ་མི་རིགས་རིང་ལུགས་པ་དང་དབྱིན་བཙན་རྒྱལ་ལ་རྒོལ་བའི་ཁ་ཆེ་སྲིད་དོན་ལས་འགུལ་གྱི་གཙོ་འཛིན་བཅས་ཡིན) གཉིས་ལ་གོ་དགོས།

6མཱོ་ཐེ་ལིད.ནཱེ་རོ (Motilal Nehru 1861~1931) ནི་རྒྱ་གར་རྒྱལ་ཚོགས་ཏང་གི་གནད་ཡོད་མི་སྣ་ཞིག་རེད་ལ། ཁོང་ནི་རྒྱ་གར་གྱི་དམངས་དབང་ལས་འགུལ་བ་དང་ཁྲིམས་རྩོད་པ་བཅས་ཀྱི་འགན་ཡང་བཞེས་མྱོང་བར་བཞེད།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།