ThuJunThu2017

སྤེལ་དུས་མཐའ་མ།11:49:25 AM GMT

རྩོམ་གསར།:

ལྷ་སའི་མགྱོགས་བྲིས།

ལྷ་སའི་མགྱོགས་བྲིས།

ཁྱུང་ཐར་རྒྱལ།

གླེང་གཞི།
ང་ཚོའི་མགོ་ཐོག་གི་ཉི་མ་གཅིག་པོ་འདི།
ནམ་རྒྱུན་ལྟར་དལ་བྲེལ་དང་གཡོ་ཟོལ་མེད་པར་ཤར་ཡོང་།
ཏག་ཏག་ཉིན་གུང་ཞིག་ལ།
ང་རང་གནའ་མཁར་ཟི་ལིང་ནས་མེ་འཁོར་ལ་བསྡད་དེ་ལྷ་སར་ཆས།
ངའི་གཡས་གཡོན་གྱི་རི་ར་བ་ཁང་ཁྱིམ་དག་ནི།
གཙང་པོ་གཉིས་ཀྱི་ཟོལ་གྱིས་ངའི་རྒྱབ་ཕྱོགས་སུ་བཞུར།
ང་ནི་གཙང་པོ་དེ་གཉིས་ཀྱི་འགོ་ཁུངས་འཚོལ་མཁན་ཞིག་དང་འདྲ་བར།
རེ་བ་ཆེན་པོ་ཞིག་གིས་མདུན་ཕྱོགས་ཁོ་ན་བསྙེགས་ནས་བརྒྱུག


མདུན་ཕྱོགས་ན་ཅི་ཞིག་ཡོད་དམ།
གདོད་མའི་ནགས་ཚལ་ཆེན་པོ་ཞིག་ཏུ།
སྲིད་པའི་མེ་ཆེན་སྦར་བའི་སྐྱེས་ཆེན་ཞིག་གམ།
ཡང་ན། དཀའ་ཐུབ་ནགས་ལ་གནས་པའི་སྤྲེའུ་ཞིག་ཡོད་དམ།
རང་སེམས་ནང་ལ་བསྐོར་ཏེ་ཕྱི་འདང་རེ་བརྒྱབ་ན།
ང་རང་ཕྱིར་ལོག་དུས་ཀྱང་འདི་ལྟར་ཡིན་ནམ།

 

༡ ལྷ་ས།

རྡོ་བ་ལེབ་མོ་དག་ཕན་ཚུན་འབྱར་ནས་གྲོང་ཁྱེར་འདི་གྲུབ།
སྲ་མཁྲེགས་ཀྱི་རྡོ་ལ་སྐྱོ་བའི་མིག་ཆུ་འདུག
མིག་ཆུས་སྐྱིད་ཆུ་ཟེར་བའི་ཀོ་གྲུ་གཏོང་སའི་གཙང་པོ་འདི་གྲུབ།
ང་གཙང་འགྲམ་ལ་ཐོན་དུས།
ཕོ་བྲང་ཕོ་ཏ་ལའི་བརྗིད་ཉམས་མཐོང་བྱུང་།
རྡོ་མཁར་རིང་མོ་འདིའི་དུས་གསུམ་གྱི་ཡིག་ཚངས་མཐོང་བྱུང་།
བརྙན་གཤེར་གཤེར་གྱི་ངོ་གདོང་མཐོང་བྱུང་།
རྡོ་བ་ལེབ་མོ་དག་གི་ངོས་སུ་ཕབས་པའི།
མི་རྣམས་ཀྱི་ཐོད་པའི་ཁ་ཡིག་མཐོང་བྱུང་།
ལྷ་ས་ནི་རྡོ་ཡི་གྲོང་ཁྱེར་ཞིག་སྟེ།
རྡོ་ཡི་ཨུ་ཚུགས་དང་རྡོ་ཡི་གཉོམ་ཆུང་གི་གཤིས་ཀ་མཐོང་བྱུང་།
དུས་ཚོད་ལྟར་རླུང་གིས་ཟད་ཀྱིན་པའི་དར་ལྕོག་དང་དེའི་ངོས་ཀྱི་ཡི་གེ
བཙན་པོའི་སྐབས་ཀྱི་རྡོ་རིང་དང་དེའི་ངོས་ཀྱི་ཡི་གེ
ད་དུང་ངའི་སྙན་ངག་དང་ངའི་ཡིག་འབྲུ་དེ་ཚོ།

༢ ཕོ་བྲང་ཕོ་ཏ་ལ།

མི་རྣམས་ཀྱི་རྔུལ་ཁྲག་དང་ལྷ་འདྲེ་ཡི་ཆོ་འཕྲུལ་གྱིས་བརྩིགས་རྗེས།
བཙན་པོ་སུ་ཞིག་གིས་ཆེས་ཐོག་མར་འདི་ནས་དབང་ཆ་སྤྱད་དེ།
བཙུན་མོ་ཚོའི་ངོ་གདོང་གི་གཡེར་བག་འཚོས་ཤིང་།
དམག་རྟ་ཧྲག་སྒྲིག་གིས་དཔུང་ཆེན་བཏེགས་ཏེ།
མཐའ་བཞིའི་རྒྱལ་ཕྲན་དག་དབང་དུ་བསྡུས།
ཀི་བཏབ། ཁྲག་དམར་བཞུར། ལྷ་རྒྱལ་འཐེན།
དུས་དང་དུས་སུ།
གསེར་གྱི་རྒྱ་ཕིབས་དབྱིངས་ན་གཡོ་ཞིང་།
དུས་དང་དུས་སུ།
དུང་ཆེན་གྱི་སྒྲ་དབྱངས་སྦོམ་པོར་གྲག
ཕྱི་ནང་གསང་གསུམ་གྱི་ལོ་རྒྱུས་ཟབ་ལོར་གཏོགས་པའི་པོ་ཏ་ལ།
ཆོས་སྲིད་ཀྱི་མངའ་ཐང་དགུང་ནས་དར་བའི་པོ་ཏ་ལ།
ང་རྒྱལ་གྱི་དབུ་འཕངས་མཐོ་བ་ཁྱེད་རང་ཡིན་ལ།
ང་ཚོའི་སེམས་ཀྱི་གཞོམ་གཞིག་བྲལ་བའི་རི་རབ་དེའང་ཁྱོད་རང་ཡིན།
དུས་ཚོད་ཀྱི་བར་གསེང་ཞིག་ནས།
པོ་ཏ་ལའི་ཡང་རྩེ་ན་དར་ལྕོག་དམར་པོ་ཞིག་རླུང་གིས་སྐྱོད།
པོ་ཏ་ལས་བྲེལ་འཚུབ་ཀྱིས་མདུན་ཕྱོགས་ཀྱི་སྐྱིད་ཆུར་གཟིགས་དུས།
མེ་ལོང་ལྟ་བུའི་སྐྱིད་ཆུ་གཞི་ནས་འཁྱག་ལ་འབྱར་ཚར།

༣ ཇོ་ཁང་།

ཇོ་ཁང་གི་མདུན་དུ་སེར་སྐྱ་ཕོ་མོ་མང་པོས།
བརྐྱངས་ཕྱག་གྱང་འགྱེལ་བ་ལྟར་འཚལ་ཏེ།
ཚེ་ཚེ་རབས་རབས་སུ་བསགས་པའི་ལན་ཆགས་ཀྱི་ཉེས་སྒྲིབ་ཀུན།
རྡོ་གཅལ་རིང་མོ་འདི་བརྒྱུད་ནས་ཇོ་བོར་སྙན་ས་འབུལ།
ཇོ་བོའི་གསེར་ཞལ་ན་འཛུམ་ཙམ་ཡང་མེད་པར་ཧ་ཅང་གཟབ་ནན་གྱིས་བཞུགས།
མར་མེ་སེར་པོའི་ཚོགས་ཀྱི་འོད་ངོགས་ན།
རིགས་དྲུག་གི་རྣམ་ཤེས་གངྒའི་ཀླུང་གི་ཕྱེ་མའི་རྡུལ་དང་མཉམ།
གསོལ་འདེབས་དང་ཡིག་དྲུག་གི་སྒྲ་དབྱངས་སྙན་མོས།
འགྲོ་བ་འདི་དག་རེ་རེ་བཞིན་བདེ་བ་ནས་བདེ་བའི་ལམ་དུ་དྲངས།
ལྷ་སའི་ཇོ་ཁང་ལ་འཁོར་བའི་རྣམ་ཤེས་འདི་དག
ཧ་ཅང་ཕྱུག་པོ་ཕྱུག་པོ་ཡིན་འོས་ཏེ།
ཀྲུང་གོའི་དངུལ་ཁང་ཆུང་བ་འདིར།
དངུལ་ལོར་ནམ་ཡང་ཆར་ལྟར་འབབ་པ་རྒྱུན་ལྡན་ཡིན།
ཇོ་ཁང་གི་རྡོ་གཅལ་རིང་མོ་འདིར།
མི་རྣམས་ཀྱི་དད་འདུན་དང་སྙིང་སྟོབས་བརྐོས་ཡོད།
རྒྱུ་དང་འབྱོར་བ་བརྐོས་ཡོད།
ཚེ་རབས་རྗེས་མའི་ལས་སྐལ་དང་རང་གི་ཐོད་པའི་ཁ་ཡིག་བརྐོས་ཡོད།
ད་དུང་། ལན་ཆགས་ཀྱི་བུ་ལོན་བརྐོས་ཡོད།

༤ བར་སྐོར།

བར་སྐོར་ནི་འཚུབ་ཆ་ཆེ་བའི་གྲོང་ཁྱེར་གྱི་དཀྱིལ་དབུས་ཏེ།
འཚུབ་ཆ་ཆེ་བའི་རྐྱེན་གྱིས་ཧ་ཅང་དོགས་པར་གྱུར།
ངས་སྲང་ལག་འདི་དག་རྒྱུ་མ་འདེད་འདེད་བྱས་ཏེ་མཐའ་རུ་བསྐྱལ་མོད།
གཡུང་དྲུང་གི་རིས་སུ་ཕབ་པའི་སྲང་ལམ་འདི་དག་ལ་ད་དུང་གོ་བ་མ་ལོན།
འཁྲུག་ཆ་དོད་པའི་བར་སྐོར་གྱི་ཚོང་ར་དང་མི་ཡི་རྒྱུ་འགྲུལ།
འདོད་རྔམ་དང་ཆགས་སྲེད་ཀྱིས་འབར་བའི་ངོ་གདོང་དེ་དག
དད་པ་ན་ཟུག་ཅན་གྱི་ཐག་རིང་གི་ཆོས་མཇལ་བ་དེ་དག
དེ་དག་རེ་རེ་བཞིན་བར་སྐོར་ལ་འདུས་ནས་འཚང་རྒྱག་བྱེད།
མྱུར་དུ་ཕྱུག་པོར་འགྱུར་འདོད་པའི་ཚོང་བ་དག་དང་།
མྱུར་དུ་འཚང་རྒྱ་བར་འདོད་པའི་དད་ལྡན་པ་དག
བར་སྐོར་ན་མགོ་བོ་འགལ་མེ་བཞིན་དུ་འཁོར།
ངས་མ་སྐྱེས་ཨ་མའི་ཆང་ཁང་ནས་ལྷོད་བག་གིས་་ཆང་སེར་ཞིག་འཐུང་བཞིན།
ཚངས་དབྱངས་རྒྱ་མཚོ་སོང་མྱོང་བའི་གཞིས་ཀ་དག་དང་།
དགེ་འདུན་ཆོས་འཕེལ་བཟི་མྱོང་བའི་ཆང་ཁང་དག་ལ།
གནས་ལུགས་མེད་པའི་སྡོམ་ཚིག་གསར་བ་འཇོག་འདོད་བྱུང་།
བར་སྐོར། མར་དྲི་དང་བསང་དྲི་འཐུལ་བའི་ལྷ་སའི་བར་སྐོར།
བར་སྐོར་ལ་ཐོན་དུས། མི་རྣམས་ཀྱི་གོམ་སྟབས་ཀྱང་རང་ཤུགས་ཀྱིས་ཇེ་མགྱོགས་སུ་བུད་འགྲོ་བ་ཅི་ཡིན་ནམ།
ངལ་གསོ་ཏོག་ཙམ་གནོང་དང་། རོགས་གཅེས་ཚོ།
མཐོ་རིས་ཀྱི་ལྷ་རྣམས་ཀྱང་བར་སྐོར་ལ་འཛོམས་ནས།
ཁྱོད་ཚོ་ལ་ཡིད་ཆེས་དང་མཉེས་པོ་གནང་གིན་འདུག
༥ ནོར་བུ་གླིང་ག

ནོར་བུ་གླིང་ག་ནི་གསང་བའི་ཐ་སྙད་ཅིག་ཡིན།
ཁྱོད་ཀྱིས་འདི་ནས་ཅི་ཞིག་བཙལ་ཡང་ཅི་ཡང་རྙེད་པར་མི་འགྱུར།
ལོ་ངོ་དུ་མར་སྦས་པའི་གླེགས་བམ་དག་ལས་ཀྱང་།
ཁྱོད་ཀྱིས་གསར་བ་གསར་རྐྱང་ཞིག་རྙེད་པར་མི་འགྱུར།
བཞུགས་ཁྲི་སྟོང་བ་དག་ཀྱང་ཁྱོད་ལ་བསྐྱུར་བ་མིན་པས།
ཁྱོད་ཀྱིས་འདི་ནས་ངལ་གསོ་ཙམ་ཡང་བྱེད་མི་ཐུབ།
དད་པ་དང་དག་སྣང་གིས། རེ་ཆད་དང་ཡི་མུག་གིས།
ཁྱོད་ཀྱིས་ག་ལེར་གྱེས་ཕྱག་ཕུལ་ཏེ་སོང་ན་འགྲིག
ནོར་བུ་གླིང་ག་ནི་ཁྱོད་དང་འུ་གཉིས་ཀྱི་སྤྲོ་གསེང་གཏོང་ས་དེ་མ་ཡིན་ནོ།

༦ སེ་ར།

བྱུར་དམར་ཚོམ་བུ་རྡོག་ཅིག་ལྷ་སའི་བྱང་རྒྱབ་ཏུ་འཐོར།
ཡི་གེ་དང་གླེགས་བམ་གྱི་གསེབ་ཏུ་འཐོར།
རྡོ་རྗེ་ཕུར་བའི་ཕྱག་དབང་གིས།
སྡིག་སྒྲིབ་ཟེར་བའི་སྟོབས་ཆེན་དེའི་མགོ་ལ་ཐོ་བ་གཞུས།
སྐུ་མཁྱེན་སྐུ་མཁྱེན་ཟེར་བའི་སྤྲང་པོ་དག་དང་།
གང་སར་རོ་ལྟར་ཉལ་བའི་ཁྱི་གུ་དག་གིས།
དུས་ཚོད་དང་རིན་ཐང་ཤེས་ཀྱིན་མི་འདུག
འདུ་ཁང་གི་ནང་རོལ་ནས་མཆེད་པའི།
ཆོས་སྒྲ་ཟབ་མོ་དེའང་ཐོས་ཀྱིན་མི་འདུག
སྤྲང་བོ་ཚོས་ལག་པ་ཅི་ལྟར་བསྲིངས་རུང་།
ལག་མཐིལ་ལ་རང་གི་མི་ཚེ་མ་བབས།
ནམ་རྒྱུན་ཉི་མར་ལྡེ་བའི་ཁྱི་གུ་དག
ཉི་འོད་དང་བར་ཐག་ཧ་ཅང་རིང་པོར་བྱིན་ཚར།
ལྷ་ཚོགས་ལ་སྐྱབས་སུ་འོངས་པའི་མཇལ་བ་འདི་དག
ཁྱོད་ཚོ་སྐྱོབས་པའི་དཔུང་དང་གཉེན་དེ་མིན་པས།
དུས་ཚོད་ལྟར་ཕྱིར་ཕ་ཡུལ་ཟེར་བའི་རང་གི་དུར་ས་དེར་ལོག་འགྲོ
ཉི་མ་རེ་རེ་བཞིན་ཞི་འཇམ་གྱི་ཉི་འོད་དེ།
སེ་ར་དགོན་པའི་རྒྱ་ཕིབས་སྟེང་འཕྲོས་ཡོང་ལ།
དུས་དང་དུས་སུ་དུང་ཆེན་གྱི་སྒྲ་དབྱངས་སྙན་མོས།
ཁྱོད་རང་ད་དུང་ཤི་མེད་པའི་གོ་བརྡ་སྤྲད་ཡོང་།

༧ འབྲས་སྤུངས།

དཔལ་ལྡན་འབྲས་དཀར་སྤུངས་པའི་སྡེ།
ས་རུ་བབས་པའི་སྐར་ཚོགས་དུམ་བུ་ཞིག་དང་འདྲ་བར།
འོད་ཀྲིག་ཀྲིག་གིས་གནའ་སྔ་མོའི་གཏམ་རྒྱུད་ཅིག་འཆད།
སྐྱེས་ཆེན་ཚོའི་འཆད་རྩོད་རྩོམ་གསུམ་དང་།
མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་གླེང་།
ཤོག་དཀར་ངོས་ཀྱི་ནག་ཐིག་རེ་རེ།
ཡི་གེ་རེ་རེ་ཡིན་པའི་ངེས་ཤེས་རྙེད་པ་ནས།
ལོ་རྒྱུས་ཡང་བསྐྱར་འགོ་ནས་འབྲི་འགོ་བརྩམས།
ལས་འབྲས་དང་དགེ་སྡིག་ལ་བླང་དོར་ཤེས་པ་ནས།
མི་རྣམས་ནི་ཕྱི་གསལ་ནང་གསལ་གྱི་ཤེལ་སྒོང་ཞིག་དང་འདྲ་བར།
འབྲས་སྤུངས་དགོན་ལ་ཐོན་དུས་འོད་དུ་འཚེར།

༨ དགའ་ལྡན།

ངེད་ཚང་གི་བན་ཕྲུག་དེ་དྲན་འཕྲུལ་རྒོད་པའི་བཙུན་པ་ཞིག་ཡིན་འདུག
ཨ་མདོ་ནས་ལྷ་སར་སོང་སྟེ་རང་གི་འདོད་པ་ལྟར་གྱི་མི་ཞིག་བྱས།
དགའ་ལྡན་ནི་ཁོང་གི་རྩེ་ར་ཆུང་ཆུང་ཞིག་ཡིན་འདུག
མི་རྣམས་ཀྱིས་ཙོང་ཁ་བ་ཞེས་ངོ་སོ་ཆེ་རུ་བསྟོད་སྐད།
ངེད་ཚང་གི་བན་ཕྲུག་དེ་ཁྲེལ་གཞུང་མེད་པའི་ཨ་མདོ་བ་དེ་ཡིན་སྐད།
མི་ཚེ་གང་པོར་ང་ཚོས་གོ་རྒྱུ་མེད་པའི་རྟེན་འབྲེལ་ཟེར་བ་ཞིག་ལབ་སྟེ།
ཡུམ་ཆེན་གྲོངས་ཁར་ངོ་ཡང་ཐུག་མ་ཐུབ།
ཞལ་ཐང་ཞིག་བསྐུར་བའང་ཡུམ་ཆེན་གྱི་ཕྱག་ལ་འབྱོར་དུས་རྫུན་མར་གྱུར།
དགའ་ལྡན་ནི་གོ་བ་ཧ་ཅང་ཟབ་པའི་མིང་ཚིག་ཞིག་སྟེ།
མིང་ཚིག་འདིས་ཆོས་ཉིད་དང་བདེན་པ་ཟེར་བའི།
དོན་དམ་གྱི་དངོས་པོ་དེ་ཁུར་ཡོད།
དངོས་པོ་དེ་ནི་འུ་ཚང་གི་བན་ཕྲུག་དེའི་རྩེ་སྤྱད་ཡིན་འདུག
ཡུམ་ཆེན་གྱི་དྲན་གདུང་གི་མིག་ཆུ་རེ་རེ།
དྲོད་ལམ་ལམ་གྱིས་ཁོང་གི་ཕྱག་མཐིལ་ལ་ལྷུང་རུང་།
ཁོང་ལ་ས་འགུལ་ལྟ་བུའི་ཚོར་བ་འཁྲུག་པ་ཙམ་ལས།
དགའ་ལྡན་ཟེར་བའི་རང་ཉིད་ཀྱི་བཙོན་ར་འདི་ལས་འདའ་མ་ཐུབ།

༩ རྩེད་ཐང་།

ང་ཚོའི་མེས་པོ་རྣམས་བྱིས་པ་ཡིན་དུས་འདི་ནས་ནར་སོན།
འདི་ནས་རྩེ་ཞོར་དགོད་ཞོར་དུ་རང་གི་རིགས་རྒྱུད་དང་མངའ་ཐང་སྤེལ།
སྲིད་པའི་རབ་བྱེད་དག་རྩེད་ཐང་མགོན་པོ་རི་ལ་བབས་ཏེ།
སྒྲུང་ལྡེའུ་བོན་གསུམ་གྱིས་ཆབ་སྲིད་བསྐྱངས།
མི་ལ་བཙན་གཉོམ་ཤོར། ཞིང་ལ་ཆེ་ཆུང་ཤོར།
ཕྱུགས་ལ་མང་ཉུང་ཤོར།
རྩེད་ཐང་ནི་སྐྱེས་ཆེན་སུ་ཞིག་གི་དཀྱེལ་ཡངས་ཀྱི་བློ་གཤོག་དེ་དང་འདྲ་བར།
ས་ཆེན་འདིའི་སྟེང་གི་མི་རྣམས་བསྐྱངས་ཤིང་།
བཙན་པོའི་རྒྱལ་རབས་ཟེར་བའི་རྡོ་རིང་ཞིག་བཙུགས།
དེ་ནས་བཟུང་ས་ཆེན་འདིའི་སྟེང་གི་མི་རྣམས་ལ་ཁོམ་ལོང་མ་བྱུང་།
དེ་ནས་བཟུང་རྩེད་ཐང་གི་བྱིས་པ་བསམ་མེད་དེ་ཚོ།
ལོ་རྒྱུས་ཀྱི་ལྟེབ་གཉེར་བར་ནས་རྒས་འགོ་བརྩམས།

༡༠ ཡུམ་བུ་བླ་མཁར།

བུ་སྐྱེས་ཀྱི་དང་པོ་ཡིན་ཞེས་མཁར་ཞིག་བརྩིགས།
མཁར་ལ་སྔ་བ་ཡུམ་བུ་བླ་མཁར་བརྩིགས།
མཁར་སྟེང་ནས་ཀི་རིང་ལན་གསུམ་བཏབ་སྟེ།
ས་ཆེན་ལ་རང་གི་མངའ་ཐང་གོ་བར་བྱས།
རླུང་དང་ཁ་བའི་ཁྲོད་དུ་ཁེར་རྐྱང་གི་འགྲེང་ཚུགས་དེས།
ཁེར་རྐྱང་གི་རུ་སྡེ་མང་པོ་གཅིག་ཏུ་བསྡུས།
གྲོས་འགོ་གཅིག་ལ་བཞག གྲོས་རྟིང་གནའ་ཡིས་མནན།
ལོ་རྒྱུས་དེ་ལྟར་འགོ་བཙུགས་པ་ནས་འཇིག་པའི་བར་དུ།
བླ་མཁར་འདིས་ནམ་ཡང་མགོ་བོ་མཐོན་པོར་བཏེགས་ཏེ།
ཚེ་ཚེ་རབས་རབས་སུ།
རང་གི་བདག་པོའི་མངའ་ཐང་སྲུང་ཡོད།

༡༡ ཁྲ་འབྲུག་དགོན་པ།

མུ་ཏིག་ཞལ་ཐང་མཐོང་དུས།
གཞི་ནས་ཁྲ་འབྲུག་དགོན་པར་འབྱོར་བ་ཚོར།
དད་པ་དང་དག་སྣང་ཟེར་རྒྱུ་ཧ་ཅང་དཀའ་བའི་ཚོད་དུ་འདུག
གདོད་མ་ནས་རང་རྒྱུད་ལ་གོམས་པའི་འདོད་སྲེད་དེའི་དབང་གིས།
དྲན་པའི་ཟབ་སར་བརྐོས་པའི་སྙིང་སྡུག་དེ་དྲན།
མུ་ཏིག་ཞལ་ཐང་མཐོང་དུས་ལྷག་ཏུ་དྲན།
རྗེ་བཙུན་མ། ངས་ཅི་ཞིག་ལབ་སོང་།

༡༢ བསམ་ཡས།

བསམ་ཡས་བྱ་ཕོ་དཀར་པོས་སླར་ཡང་གཉིད་ལས་བསླངས།
མདངས་ནུབ་ཀྱི་རྨི་ལམ་དེ་བསམ་ཡས་བྱ་ཕོ་དཀར་པོས་དཀྲོགས།
རྨི་ལམ་དུ་ངས་ཧས་པོ་རིའི་རྩེ་ནས་ལབ་བཙས་ཤིག་བསྟད་པར།
བདུད་བློན་རྣམས་ཀྱིས་དབྱེན་དབྱེན་ཧས་ཧས་བྱས།
ངས་དེ་ཚོར་སྣང་དོགས་ཙམ་ཡང་མ་བྱས།
ངས་དེ་ཚོར་སྣང་དོགས་ཙམ་ཡང་མི་བྱེད་དོན་ནི།
མཁན་སློབ་ཆོས་གསུམ་དངོས་སུ་བཞུགས་པས་ཡིན་ལ།
སྒྲ་སྒྱུར་གླིང་ན་ལོ་ཙྭ་བ་རྣམས་ཕྱག་ལས་ལ་བྲེལ་བས་ཡིན།
ཡིན་ནའང་། ངའི་རྨི་ལམ་དེ་བསམ་ཡས་བྱ་ཕོ་དཀར་པོས་དཀྲོགས་སོང་།

༡༣ ཐུབ་བསྟན་རྡོ་རྗེ་བྲག

ཕུར་བུ་བྲག་ལ་བརྡབ་ཚེ་བྲག་ཀྱང་ཉིལ།
གནམ་ས་ཆ་ལང་རྡེབ།
ལྷ་ཚོགས་ཀྱང་ཤིག་ཤིག་འདར།
ཡིན་ནའང་། གདོན་འདྲེ་ཁ་དར་བས།
ཀླ་ཀློའི་ཚོགས་ཀྱི་བ་སྤུ་ཙམ་ཡང་སྒུལ་བར་མ་ནུས།

༡༤ གོང་དཀར་ཆོས་སྡེ།

གངས་དཀར་སེམས་ལ་ནག་ནོག་གི་དྲི་མ་བྲལ་བས།
ཕན་ཚུན་སེམས་ངོ་འཕྲོད་པར་གྱུར།
དད་པ་རང་ལ་ཡོད་ན།
ཕྱི་མའི་ལམ་སྣེ་རང་གི་མདུན་ན་ཡོད།
གར་འགྲོ་རང་དབང་ཡིན་པ།
རང་སེམས་ནང་ལ་བསྐོར་ན་མཁྱེན་ངེས་ཡིན།

༡༥ དགའ་ལྡན་ཆོས་འཁོར་ཡང་བརྩེ་དགོན།


དད་པ་དག་སྣང་གིས་ཕྱག་གསུམ་འཚལ་དུས།
ཕུགས་ཀྱི་འདུན་མ་རྡོ་ཐོག་གི་རི་མོར་བབས།
ལན་ཆགས་ཀྱི་ཁུར་བོ་ལྗིད་དྲག་པས།
དག་ཞིང་གི་ལྷ་ཚོགས་ཤའི་མིག་གིས་མ་མཐོང་།
སེམས་ཅན་ཐམས་ཅད་ཅེས་སྐྱབས་འཇུག་ཞུས་རུང་།
དོན་ངོ་མར་རང་ཉིད་ཀྱི་སེམས་ལ་བརྣག་པའི།
བདག་འཛིན་གྱི་འགོང་བོ་དེ་ལས་འདའ་མ་ཐུབ།
སེམས་ཅན་ཐམས་ཅད་ཟེར་བ་དེ།
མཐར་གཏུགས་ན་རང་ཉིད་གཅིག་པུ་ཡིན་འདུག
ཡིན་ནའང་། དམ་རྫུ་གྲགས་པ་རྒྱལ་མཚན་དང་བསྡུར་ན།
ང་ནི་སངས་རྒྱས་སོ།

༡༦ ས་སྐྱ་དགོན།

དཔལ་ས་སྐྱའི་གཙུག་ལག་ཁང་ནས།
གླེགས་བམ་གྱི་རི་རབ་མཐོང་བྱུང་།
པོ་ཏི་ལྕགས་ལུང་མ་མཐོང་བྱུང་།
མི་རིགས་ཤིག་གི་སྙིང་སྟོབས་མཐོང་བྱུང་།
དུས་དང་དུས་སུ།
ཆོས་དུང་དཀར་པོ་རྒྱང་གྲགས་མ་ལྷང་ལྷང་གྲགས་དུས།
མི་རིགས་ཤིག་གི་རེ་བ་དང་འབྱུང་འགྱུར་གྱི་འབོད་པ་ཐོས་བྱུང་།

༡༧ གདོང་དགའ་ཆོས་སྡེ་དགོན།

ཡལ་ལག་ལྔ་ག་ས་ལ་བཙུགས་ནས་ཕྱག་གསུམ་ཕུལ་བ་དེ།
ང་རང་གི་གུས་ལུགས་ཤིག་ཡིན།
གསེར་རྐོང་མར་ཁུས་བཀང་ནས་ཕུལ་བ་དེ།
ང་རང་གི་ཚོགས་བསགས་ཤིག་ཡིན།
བརྗོད་འདོད་པའི་སྐད་ཆ་ཚང་མ།
སྒྲ་དང་དབྱངས་འགྲོས་ཤིག་གི་ཚུལ་གྱིས།
ཁྱོད་ཀྱི་ནམ་མཁའ་ལྟ་བུའི་ཐུགས་སྟོབས་ལ་ཞུས་ཡོད།

༡༨  གཙང་བཀྲ་ཤིས་ལྷུན་པོ།

དུས་ཚོད་ཀྱི་གཙང་པོའི་ངོགས་ནས་འཇིག་རྟེན་ལ་དགེ་སྡུག་གི་མཐའ་གཉིས་བྱུང་།
གདུལ་བྱ་རྟག་འཛིན་ཅན་རྣམས་འདུལ་བའི་ཆེད་དུ།
སྐྱེས་ཆེན་སུ་ཞིག་གིས་དགོངས་པ་གཞན་དུ་གཏད་དུས།
ས་ཆེན་ལ་སྐྱོ་གདུང་གི་མྱ་ངན་འཁོར་ཡང་།
རྒོད་པོའི་ཚོགས་ཀྱི་རྩལ་ལྡན་གྱི་གཤོག་རྩལ་མ་ལྷོད།
མིག་ཆུ་སེམས་ལ་རུམ་ནས་གནམ་འཕང་བསྟད།
རླུང་ལ་ཚོད་བགམ་བྱས། གཤོག་རྩེ་རླུང་ལ་བརྡར།
ཁྲག་ཐིགས་ཁ་ཤས་སྤྲིན་གསེབ་ལ་ལྷུང་།
བཀྲ་ཤིས་ལྷུན་པོའི་གསེར་ཏོག་གི་གྲིབ་སོ་ས་ལ་ལྷུང་།
གངས་རིའི་མུ་ཁྱུད་ཀྱིས་བསྐོར་བའི་ས་ཆེན་ལ།
ཡིག་དྲུག་གི་སྒྲ་དབྱངས་ངུས་ནས་བཞུར།
སེམས་དང་སེམས་ཀྱི་བར་ལ།
དགུན་ཁའི་རྡོ་འཁྱག་ལེབ་མོ་དག་འབྱར།

༡༩ ཞྭ་ལུ་དགོན་པ།

ཞ་ལུ་ལོ་ཙཱ་བས་གསུང་རབ་བསྒྱུར་དུས།
ཡི་གེ་ཐམས་ཅད་འོད་དུ་ཞུ་ནས།
དགོན་པའི་གསེར་ཏོག་དང་རྒྱ་ཕིབས་ཀྱི་ཡང་སྟེང་དུ་བབས།
མི་རྣམས་ཀློག་ལ་བྱང་བས།
ཚང་མས་ཚགས་སྡུར་བྱས་ནས་ཀློག་ཐུབ་སོང་།

༢༠ རྒྱལ་རྩེ་དཔལ་འཁོར་ཆོས་སྡེ།

ལྷིང་འཇགས་ཀྱི་ཀློང་ནས་ཕྱི་རོལ་གྱི་གོམ་སྒྲ་ལ་ཉན་དགོས་བྱུང་།
དཔའ་བོའི་བཙན་རྫོང་ནས་མཆེད་པའི་མེ་མདའི་སྐད་སྒྲར་ཉན་ཞོར།
རང་གི་བདག་པོ་རྣམས་རེ་རེ་བཞིན་སྡོང་རྒན་ལྟར་འགྱེལ་ཚུལ་ལ་བལྟས་ཤིང་།
སྐྱོ་ངལ་རིང་མོ་ཞིག་དང་ལྷན་དུ་ཨམ་གཙིགས་བསྡམས།
དཔའ་བོའི་ཟུངས་ཁྲག་ཡིག་དྲུག་གི་གདངས་ལ་འདྲེས་ནས་བཞུར།
བུད་མེད་ཚོའི་མིག་ཆུ་ཁྱོ་བོ་ཆ་མེད་དག་གི་རུམ་ལ་ལྷུང་།
བརྩེ་དུང་མེད་ཀྱང་བྱིས་པ་མགོ་སེར་མང་པོ་སྐྱེས།
སྡུག་བསྔལ་གྱི་གོ་རིམ་འདི་དག་ལ།
ཆོས་སྡེ་འདིས་སྤྱན་གཟིགས་ཙམ་ལས་སྐྱོབ་ཐབས་མ་བྱུང་།
ལོ་ངོ་མང་པོ་ཞིག་གི་རྗེས་སུ།
ཆོས་སྡེ་འདིར་སླར་ཡང་བདག་པོ་གསར་བ་དག་ཐོན།
པར་ཆས་ཁུར་བའི་མགྲོན་པོའང་མང་པོ་ཐོན།

༢༡ གཉན་ཆེན་གངས་བཟང་།

གཉན་ཆེན་པོ། གངས་རིའི་ཕོ་བྲང་ན་བཞུགས།
དུས་བཞིར་ཁ་བའི་གོས་དཀར་མནབས་ནས།
ས་ཆེན་འདིའི་གཙུག་རྒྱན་ང་ཡིན་ཟེར།
འགྲོ་དུས་ཁ་ཆར་དང་བུ་ཡུག་བསྡུས་ནས་འགྲོ་ཞིང་ །
ཕེབས་འོང་དུས་ཀྱང་ཁ་ཆར་དང་བུ་ཡུག་བསྡུས་ནས་ཕེབས་འོང་།
གཉན་ཆེན་པོ། དུག་གི་སྡོང་བོ་ཞིག་སྟེ།
ཁྲོས་དུས་གངས་རིའང་མེ་རུ་འབར་ཡོང་།

༢༢ ཡར་འབྲོག་གཡུ་མཚོ།

ནམ་མཁའི་ལྷ་དང་ལྷ་མོ་རྩེ་དགར་རོལ་བའི་དུས་ཤིག་ལ།
ལྷ་མོ་ཞིག་གི་གཙུག་གཡུ་མི་ཡུལ་ལ་བོར།
དེ་ནས་བཟུང་ང་ཚོའི་འཇིག་རྟེན་ལ།
སྲིད་པའི་མེ་ལོང་འདི་བྱུང་ཞིང་།
མཚན་ལ་ཡར་འབྲོག་གཡུ་མཚོར་གསོལ།
༼ང་གཉིས་གཉིས་པོའི་ལས་དེ།།
ངང་བ་སེར་པོའི་ལས་རེད།།
ཟ་རྒྱུ་འདམ་ལས་མེད་ཀྱང་།།
མཉམ་ཟ་མཉམ་འཐུང་བྱས་ཆོག།༽
ཡར་འབྲོག་གཡུ་མཚོའི་འགྲམ་ནས།
འཇིག་རྟེན་ལ་བརྩེ་གླུ་འདི་ཁྱབ་ཡོང་།
ངས༼ང་ནི་ཡར་འབྲོག་གཡུ་མཚོའི་ནང་གི་ཉ་ཞིག་ཡིན༽ཞེས་པའི།
སྒྲུང་འབྲིང་ཞིག་ལ་བལྟ་བཞིན།
ལྷ་མོ་དེའི་ལས་སྐལ་ལ་གཞི་ནས་སེམས་ཁུར་བྱེད་འགོ་བརྩམས།

༢༣ གསང་སྔགས་དགོན།

གསང་བ་སྔགས་ལ་བྱས་པས།
གྲུབ་པ་རང་སར་གྲོལ།
ཆོས་ཉིད་ཀྱི་བདེན་པ་མཐོང་ན།
དོན་དམ་གྱི་རང་ཞལ་མཐོང་ཡོང་།

༢༤ བྲག་ཡེར་བ།

གནས་འདི་ནས་མི་རྣམས་ཀྱི་སྨྲ་བརྗོད་འགག་སོང་།
ཡུལ་དུས་ཀྱང་ཁེགས་པར་གྱུར་བས།
བྲག་ཡེར་བས་ལྷིང་འཇགས་ཧྲིལ་བོ་ཞིག་གོས་སུ་གྱོན་ཡོད།
སྒོམ་སྒྲུབ་བྱེད་སའི་བྲག་ཁུང་རེ་རེ་ནི།
ཉམས་རྟོགས་རིགས་ཤིག་གི་དཔའ་གདེངས་དང་འདྲ་བར།
ཁེར་རྐྱང་གི་དུད་པས་བསྒོས་ཡོད།

༢༥ མཇུག་བྱང་།

ཚོར་བའི་ཡི་གེ་འདི་དག
ངས་ལྷ་སའི་བར་སྣང་ལ་བྲིས་ཡོད།
ཉི་ཟླ་དང་བར་ཐག་ཉེ་སར་བྲིས་ཡོད།
ཚོར་བའི་ཡི་གེ་འདི་དག
ངས་ལྷ་སའི་བར་སྐོར་ལ་བྲིས་ཡོད།
བར་སྐོར་གྱི་ཁྲོམ་གཟིགས་སྒང་ལ་བྲིས་ཡོད།
ངས་ཡི་གེ་འདི་དག་འབྲི་དོན་ནི།
འཕྱོངས་རྒྱས་ཟླ་བ་སྒྲོལ་མ།
གཡུ་ཐོག་ཟམ་པ་བརྒྱུད་ནས་བུད་སོང་བས་ཡིན།
རིག་འཛིན་ཚངས་དབྱངས་རྒྱ་མཚོས།
ཞབས་རྗེས་གངས་ལ་བཞག་ནས་བུད་སོང་བས་ཡིན།
ངས་ཡི་གེ་འདི་དག་འབྲི་དོན་ནི།
ང་རང་ལྷ་སར་ཐེངས་ཤིག་ཡོང་མྱོང་བས་ཡིན།

༢༠༡༧.༡.༡༩-༢༩ཉིན་བར།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།