ThuJunThu2017

སྤེལ་དུས་མཐའ་མ།11:49:25 AM GMT

རྩོམ་གསར།:

༢༠༡༤ལོའི་བེ་རི་འཇིགས་མེད་ཀྱི་སྙན་ཚོམ།

ཤེས་རབ་འོད་ཀྱི་སྣང་བ་གང་སར་འབྱེད༎ ལོག་རྟོག་དྲི་མ་མཐའ་དག་སྦྱོང་བར་བྱེད༎

སྙན་ངག་ལེའུ་བར་བའི་རྒྱན་འགའ་ཞིག་གི་དཔེ་བརྗོད།
སྤྱི་ལོ ༢༠༡༢ ལོའི་དབུ་མ་ལོ་རིམ་བཞི་པའི་སློབ་མ་ཚོར་སྙན་ངག་ཟུར་ཁྲིད་སྐབས་དཀར་པང་ཐོག་བྲིས་པའི་ཐོལ་བྱུང་གི་གོ་དོན་དང་དཔེར་བརྗོད་འགའ་ཞིག།
[2012/10/17—2013/4/29]
དོན་རྒྱན་གྱི་གོ་དོན་ནི། སྒྲ་དོན་གཉིས་ལས་དོན་རྒྱན་གྱི་ཉམས་གཙོ་བོ་སྟོན་པའི་རྒྱན། དབྱེ་བ་སུམ་ཅུ་སོ་ལྔ་ཡོད།
དོན་རྒྱན་དང་པོ་རང་བཞིན་བརྗོད་པའི་རྒྱན།
སྐབས་བབ་ཀྱི་བརྗོད་དོན་གང་ཞིག་གཟུང་པ་དེའི་ཆ་ལ་རང་བཞིན་དྲང་པོར་བརྗོད་པའི་ཚིག་རྒྱན།
རིགས་རང་བཞིན་བརྗོད་པ།    གཙོ་བོ་རིགས་ཀྱི་ཆ་ལ་རང་བཞིན་དྲང་པོར་བརྗོད་པའི་ཚིག་རྒྱན།

ལུས་ཀྱི་ཁ་དོག་ཕལ་ཆེར་སེར་པོ་ལ༎
སྣ་རྩེ་རྣོ་ཞིང་མིག་འབྲས་སྔོན་པོ་ཅན༎
སྐྲ་ལོ་སེར་ལ་བློ་རིག་བཀྲ་བ་ཡི༎
ཕྱི་གླིང་འདི་ཚོ་དྲན་རྒྱུ་གཞན་ལས་རྒོད༎
༢.   བྱ་བ་རང་བཞིན་བརྗོད་པ། གཙོ་བོ་བྱ་བའི་ཆ་ལ་རང་བཞིན་དྲང་པོར་བརྗོད་པའི་ཚིག་རྒྱན།
མཚན་དཔེ་སྐུ་སྐྱེ་མདོ་ཁམས་སྒང་དུ་བཞེངས༎
ཐོས་བསམ་སློབ་གཉེར་གངས་ཅན་བོད་དུ་གནང་༎
འཕྲིན་ལས་བཟང་པོས་འཛམ་གླིང་ཡོངས་སུ་སྐྱོང་༎
ཕྱག་ན་པད་མོས་འགྲོ་རྣམས་ཡང་དག་གཟིགས༎
༣.   ཡོན་ཏན་རང་བཞིན་བརྗོད་པ། གཙོ་བོ་ཡོན་ཏན་གྱི་ཆ་ལ་རང་བཞིན་དྲང་པོར་བརྗོད་པའི་ཚིག་རྒྱན།
ཡིད་འོང་ན་ཆུང་བུ་མོའི་སྐྲ་ལོ་དག །
རླུང་གིས་བསྐྱོད་པ་མཐོང་བས་ཕོ་གསར་འགའ༎
གོམ་པའི་སྟངས་སྟབས་རང་དབང་མེད་པར་འཆོར༎
ཁ་སུག་སློག་ནས་རིལ་བའི་ལྟད་མོ་མཐོང་༎   
༤.   རྫས་རང་བཞིན་བརྗོད་པ། གཙོ་བོ་རྫས་ཀྱི་ཆ་ལ་རང་བཞིན་དྲང་པོར་བརྗོད་པའི་ཚིག་རྒྱན།
ཟས་ཐུག་བསྐོལ་སའི་རྫ་ལུ་ཁ་ཆག་ཅིག །
ཟད་རྙིང་གྱུར་པའི་རས་གཟན་ཐབས་ཆག་གཉིས༎
བླ་མས་གནང་བའི་མན་ངག་ཤོག་དྲིལ་གསུམ༎
སྤྱོད་མཁས་མི་ལ་བཞད་པའི་རྡོ་རྗེ་ལགས༎

དོན་རྒྱན་གཉིས་པ་དཔེ་རྒྱན།

དཔེ་རྒྱན་གྱི་མཚན་ཉིད། མཚོན་བྱེད་དཔེ་དང་མཚོན་བྱ་དོན་གཉིས་དངོས་ཤུགས་ཅི་རིགས་པའི་སྒོ་ནས་མཚུངས་པའམ་འདྲ་བ་བསྟན་པའི་ཚིག་རྒྱན།
དབྱེ་བ། ༣༢
༡.  ཆོས་དཔེ།    དཔེ་དོན་གཉིས་ཀྱི་ཁྱད་ཆོས་མཚུངས་པ་དངོས་སུ་བསྟན་པའི་དཔེ།
ཁྱོད་ཀྱི་སྐུ་ནི་རྨ་བྱ་ཇི་བཞིན་མཛེས༎
ཁྱོད་ཀྱི་གསུང་ནི་ཁུ་བྱུག་བཞིན་དུ་སྙན༎
ཁྱོད་ཀྱི་ཐུགས་ཀྱི་གཡས་འཁྱིལ་དུང་བཞིན་དཀར༎
ཁྱོད་ནི་བསམ་འཕེལ་ཡིད་བཞིན་ནོར་ལྟར་ལྷག །
༢.   དངོས་པོའི་དཔེ། དཔེ་དོན་གཉིས་ཀྱི་ཁྱད་གཞི་མཚུངས་པ་དངོས་སུ་བསྟན་པའི་དཔེ།
གནས་མཆོག་དྲང་སོང་ལྷུང་བའི་ནགས་འདབས་འདི༎
ཡིད་འོང་དག་པ་ལྷ་ཡི་ཞིང་ཁམས་བཞིན༎
འདི་ན་འགྲིམས་པའི་སྐུ་ཞབས་རྣམ་པ་ཡང་༎
ཐུབ་པ་དངོས་ཀྱི་ཉན་ཐོས་འདྲ་བ་དྲན༎   
༣.   བཟློག་པའི་དཔེ། དཔེ་དཔེ་ཅན་གཉིས་འཇིག་རྟེན་གྲགས་ཚད་ལས་གོ་བཟློག་པའི་དཔེ༎
རྒྱ་གར་རྨ་བྱ་ཁྱོད་ཉིད་ཇི་བཞིན་མཛེས༎
རྒྱ་ནག་གླིང་བུ་ཁྱོད་ཀྱི་གསུང་བཞིན་སྙན༎
སོག་པོའི་རལ་གྲི་ཁྱོད་ཀྱི་བློ་ལྟར་རྣོ༎
ཀོང་ཇོ་ཁྱོད་ཉིད་ཇི་བཞིན་མཚན་སྙན་འབར༎
༤.   ཕན་ཚུན་གྱི་དཔེ། དཔེ་དང་དཔེ་ཅན་ཕན་ཚུན་འཇལ་རེས་བྱས་པའི་དཔེ།
ཝཱ་ཎའི་སྐུ་ཞབས་བཀྲ་ཤིས་འགྱུར་མེད་ལགས༎
ཤཱ་རི་བུ་བཞིན་ཀུན་སྤྱོད་ཧ་ཅང་འདུལ༎
ཐུབ་པའི་ཉན་ཐོས་ཤཱ་རིའི་བུ་ཉིད་ཀྱང་༎
སྐུ་ཞབས་ཁྱེད་བཞིན་ཚངས་སྤྱོད་ཁྲིམས་ལ་གནས༎
༥.   ངེས་པའི་དཔེ།    དཔེ་ཅན་དེ་དཔེ་དེ་མཚོན་པའི་དཔེ་དེ་ཁོ་ན་ཉིད་དུ་ངེས་ཤིང་དེ་ལས་གཞན་ཞིག་རྙེད་རྒྱུ་མེད་པ་ལྟར་བསྟནན་པའི་དཔེ།
བསྟན་འཛིན་སྐལ་བཟང་གྲགས་པའི་ཕོ་རྒོད་ཁོང་༎
མཚོན་པའི་དཔེ་ཟླ་རྒྱ་གར་ཁྲབ་སྟོན་པ༎
སྒྱུ་རྩལ་དབང་ཕྱུག་གྷོ་བི་ད་ཉིད་ལས༎
དཔེ་གཞན་སྲིད་པ་འདི་ན་རྙེད་ནུས་མིན༎
༦.  ངེས་མེད་ཀྱི་དཔེ། དཔེ་ཅན་དེ་མཚོན་པའི་དཔེ་གཅིག་ཁོ་ནར་མ་ངེས་པར་ཁྱད་ཆོས་དེ་ལྡན་པའི་དངོས་པོ་གཞན་ཡོད་ནའང་དེའི་དཔེ་རུ་རུང་བ་ལྟར་བསྟན་པ་ངེས་པ་མེད་པའི་དཔེ།
ཝཱ་ཎཱའི་མཛེས་མའི་ཡང་རྩེ་དཔལ་འཛོམས་ལགས༎
འཕགས་ཡུལ་མཛེས་མ་མ་རྡུ་རི་ཉིད་དང་༎
མཚུངས་མོད་ད་དུང་དེ་ཉིད་དང་འདྲ་བའི༎
མཛེས་མ་ཡོད་ནའང་ཁྱོད་ཀྱི་དཔེ་རུ་རུང་༎
༧.   བསྡུས་པའི་དཔེ། དཔེ་དང་དཔེ་ཅན་གིས་མཚུངས་ཆོས་གཅིག་ཙམ་མ་ཟད་མཚུངས་ཆོས་གཞན་ཞིག་ཀྱང་བསྡུས་ནས་མཚུངས་པར་བསྟན་པའི་དཔེ།
ཕྱག་ན་པདྨོ་ཉིན་བྱེད་གཞོན་ནུ་དང་༎
གཟི་བརྗིད་ཆེ་བ་ཙམ་གྱིས་མཚུངས་མིན་ཏེ༎
འཛམ་གླིང་ཤར་ནུབ་ཟླུམ་པོའི་འཇིག་རྟེན་འདིར༎
ཕན་བདེ་སྣང་བས་གསལ་བ་འདིས་ཀྱང་ངོ་༎
༨.   ཕུལ་བྱུང་གི་དཔེ། དཔེ་དཔེ་ཅན་གཉིས་མི་འདྲ་བའི་ཁྱད་པར་གཅིག་ཙམ་མ་གཏོགས་མེད་པར་ལྟར་བསྟན་པའི་དཔེ།
འཕགས་ཡུལ་འཁྲབ་སྟོན་མཁས་ཅན་ཤ་རུག་ཁཱན༎
ཝཱ་ཎཱ་ཕོ་གསར་རྫིག་ཤོས་སྨོན་ལམ་གཉིས༎
རྒྱུད་ལ་སྐྱབས་འགྲོའི་ལྡན་དང་མི་ལྡན་གྱི༎
དབྱེ་བ་ཙམ་ལས་གཞན་དུ་ཐ་མི་དད༎
༩.  རབ་བཏགས་ཀྱི་དཔེ། དཔེ་དང་པོ་ཡིས་དཔེ་ཅན་ལ་འགྲན་ནུས་སྙམ་པའི་ང་རྒྱལ་ཡོད་པ་ལྟར་སྒྲོ་བཏགས་ཏེ་དེ་ལྟར་མི་རིགས་པའི་རྒྱུ་མཚན་དུ་དཔེ་གཞན་ཞིག་བཀོད་པའི་དཔེ་རྒྱན།
གྷན་དྷི་ཇི་ཁྱོད་ཕྱག་ན་པདྨོ་ལ༎
འགྲན་པར་ནུས་སྙམ་སྙེམས་པ་མི་འཚལ་ཏེ༎
ཞི་བདེའི་དེད་དཔོན་ནཱན་སུན་མན་ཌ་ལའང་༎
གོང་ས་མཆོག་གི་དཔེ་རུ་རུང་བས་སོ༎
༡༠.  རྨད་བྱུང་གི་དཔེ། དཔེ་ལ་བརྟག་པ་མཐའ་བཟུང་གི་དབང་དུ་བྱས་ནས་ཁྱད་ཆོས་དེ་ལྡན་ན་ད་བཟོད་གཞི་ནས་དཔེ་ཅན་ལ་འགྲན་ནུས་པ་ལྟར་བསྟན་པའི་དཔེ།
འཛམ་གླིང་ས་གནས་ཀུན་ལས་ཆེས་སྤྲོ་བ༎
སུ་ཛ་ལཎྜིར་གྲགས་པའི་འཁོར་ཡུག་ན༎
རྩ་ཆེན་རྡོ་འཇོགས་མཆོད་རྟེན་འདི་ལྡན་ན༎
གནས་མཆོག་ཝཱ་ཎཱ་མཚོན་པའི་དཔེ་རུ་འོས༎
༡༡.   རྨོངས་པའི་དཔེ། དཔེ་དང་དཔེ་ཅན་གཉིས་འདྲ་ཆེས་དྲགས་པས་ཕན་ཚུན་མཐའ་གཅིག་ཏུ་འཁྲུལ་སོང་བ་ལྟར་བསྟན་པའི་དཔེ།
དཔལ་འཛོམས་ཤིང་ནགས་གསེབ་ཏུ་རྒྱུ་བ་ན༎
ཕོ་གསར་འགའ་ཡིས་རྨ་བྱ་ཉིད་དུ་མཐོང་༎
རྨ་བྱ་དངོས་ཀྱིས་སྒྲོ་གདུགས་ཕུབས་པ་ལ༎
ཕོ་གསར་དེ་ཚོས་དཔལ་འཛོམས་དངོས་ལ་འཁྲུལ༎
༡༢.   ཐེ་ཚོམ་གྱི་དཔེ། དཔེ་དང་དཔེ་ཅན་གཉིས་ཕན་ཚུན་གསལ་པོ་ཐག་མ་ཆོད་པ་ཐེ་ཚོམ་ཟ་བ་ལྟར་བསྟན་པའི་དཔེ།
བྱུ་རིའི་ནགས་ཚལ་རླུང་གིས་གཡོ་བའམ༎
གདན་སའི་གྲྭ་པ་སྟོང་གིས་ཆོས་གྲྭ་ན༎
ལུང་དང་རིགས་པའི་རྩོད་གྲྭ་ཚུགས་སམ་ཅི༎
བདག་གི་སེམས་ནི་ཐེ་ཚོམ་ཉིད་དུ་འགྱུར༎
༡༣.  གཏན་ལ་འབེབས་པའི་དཔེ། ཤིན་ཏུ་འདྲ་བའི་དཔེ་དང་དཔེ་ཅན་གཉིས་ཀྱི་ནང་ནས་རྒྱུ་མཚན་ཞིག་ལ་བརྟེན་ནས་དཔེ་ཅན་ཁོ་ནར་གཏན་ལ་འབེབས་པའི་དཔེ།
སྙན་འཇེབས་གསུང་གི་བདུད་རྩིར་སྨིན་པ་འདི༎
ཁུ་བྱུག་མྱོས་པའི་རྒྱང་གླུ་དང་འདྲ་ཡང་༎
ཟབ་རྒྱས་དོན་གྱི་སྙིང་པོ་ལྡན་པའི་ཕྱིར༎
བཤེས་གཉེར་མཁས་པའི་ལེགས་བཤད་ཉིད་དུ་ངེས༎
༡༤.   སྦྱར་བའི་དཔེ། སྒྲ་དོན་ཅི་རིགས་པའི་སྒོ་ནས་སྦྱར་ཆོས་གཉིས་ཡན་ཆད་ཅིག་དཔེ་དོན་གཉིས་ཀྱི་མཚུངས་ཆོས་ལ་ཐུན་མོང་དུ་སྦྱར་རུང་བའི་དཔེ་རྒྱན།
འཇིག་རྟེན་འདི་ན་ཤིན་ཏུ་རྙེད་དཀའ་ཞིང་༎ མཚུངས་ཆོས།
རྙེད་ན་རིན་ཐང་གཞན་ལས་ཆེ་བ་ཡིས༎ མཚུངས་ཆོས།
དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་འདི༎ དཔེ་ཅན།
ཡིད་བཞིན་བསམ་འཕེལ་ནོར་བུ་ཉིད་དང་མཚུངས༎  དཔེ།
༡༥.  མཉམ་ཉིད་ཀྱི་དཔེ། སྒྲ་གཅིག་བཅད་མཚམས་མི་འདྲ་བའི་དབང་གིས་དོན་མི་འདྲ་བ་གཉིས་ལ་མཉམ་པ་ཉིད་དུ་འཇུག་པའམ་ཡང་ན་མིང་གཅིག་དོན་མི་འདྲ་བ་གཉིས་ལ་མཉམ་པ་ཉིད་དུ་སྦྱར་རུང་བསྟན་པའི་དཔེ།
༡༥.  བྱམས་བརྩེའི་འཛུམ་མདངས་རྒོད་པའི་སྐྱེད་མ་ཁྱོད།།
[སྒྲ་གཅིག་བཅད་མཚམས་མི་འདྲ་བའི་དབང་གིས་དོན་མི་འདྲ་བ་གཉིས་ལ་མཉམ་པ་ཉིད་དུ་འཇུག་པའི་དཔེ]
གྲུབ་པའི་དབང་ཕྱུག་མ་གཅིག་ལབ་སྒྲོན་བཞིན།།
ཁྱོད་ནི་སྒྱུ་ལུས་སྐྱེད་བྱེད་མ་ལགས་ཀྱང་།།
སྡུག་ཀུན་སྲིད་པའི་རྩ་བ་གཅོད་མི་བྱེད།།
[མིང་གཅིག་དོན་མི་འདྲ་བ་གཉིས་ལ་མཉམ་པ་ཉིད་དུ་འཇུག་པའི་དཔེ།]
བདག་གི་ཚེ་རབས་དུ་མའི་ལྷག་པའི་ལྷ།།
རྒྱལ་ཀུན་ཡུམ་གཅིག་ཨརྱཱ་ཏཱ་རེ་མ།།
དཔལ་གྱིས་ཕྱུག་པའི་ནོར་རྒྱུན་ལྷ་མོ་བཞིན།།
གང་ཞིག་འདོད་པའི་དངོས་གྲུབ་སྩོལ་བར་མཛད།།
༡༦.  སྨད་པའི་དཔེ། དཔེ་ལ་སྨད་ར་བཏང་ནས་དེའི་ལེགས་པའི་ཆ་དང་དཔེ་ཅན་གཉིས་མཚུངས་པ་བསྟན་པའི་དཔེ།
ཉི་ཟླ་འོད་སྣང་གསལ་ཡང་གཞན་ཕན་བྲལ༎
རྒྱ་མཚོ་གཏིང་མཐའ་ཟབ་ཀྱང་བ་ཚྭས་རྙོགས༎
དེ་དག་ཉིད་དང་མཁས་པ་ཁྱོད་ཀྱི་ཐུགས༎
མཚུངས་པ་མ་ཟད་སྐྱོན་གྱི་ཆ་དག་དབེན༎
༡༧.  བསྔགས་པའི་དཔེ། དཔེ་ལ་བསྟོད་པ་བཏང་ནས་དེ་དང་དཔེ་ཅན་མཚུངས་པ་བསྟན་པའི་དཔེ།
ཨེ་ཥ་ཝཱརྱ་འཛམ་གླིང་མཛེས་མའི་ཏོག །
ཀ་རི་ན་ནི་སྒྱུ་རྩལ་གཞན་ལས་མཁས༎
དེ་དག་ཉིད་དང་བཙན་བྱོལ་བོད་རིགས་ཀྱི༎
མཛངས་མའི་མཆོག་གྱུར་ནོར་འཛོམས་ཁྱེད་ཉིད་མཚུངས༎
༡༨.  བརྗོད་འདོད་ཀྱི་དཔེ། མཚུངས་ཆོས་ལྡན་པའི་དཔེ་དོན་གཉིས་བརྗོད་འདོད་ཀྱི་སྒོ་ནས་མཚུངས་པ་བསྟན་པའི་དཔེ།
འབྲས་བུ་མེད་པས་སྨད་པར་འགྱུར་ཡང་སྲིད༎
ཕྲ་ཞིང་ལྡེམ་པས་བསྟོད་པར་འགྱུར་ཡང་རུང་༎
ཁྱོད་སྐུ་ཙཱ་རིའི་སྨྱུག་མ་གསར་པ་དང་༎
མཚུངས་པ་བརྗོད་འདོད་གི་སེམས་ན་གནས༎
༡༩.  འགལ་བའི་དཔེ། དཔེ་དང་དཔེ་ཅན་ཕན་ཚུན་རྣམ་པ་ཙམ་འགལ་ཡང་དོན་ལ་མཚུངས་པ་བསྟན་པའི་དཔེ།
ཉིན་མོར་གནམ་ལ་ཤར་བའི་འཇའ་ཚོན་དང་༎
ཐུན་གསུམ་རྨི་ལམ་ནང་གི་ལྟད་མོ་གཉིས༎
བསམ་མེད་བྱིས་པའི་སེམས་ཀྱི་སྟོང་བསམ་གསུམ༎
རྣམ་པ་འགལ་ཡང་དོན་ལ་ཅིས་མི་མཚུངས༎
༢༠.  དགག་པའི་དཔེ། རྒྱུ་མཚན་གང་ཞིག་ལ་བརྟེན་ནས་དཔེ་ཡིས་དཔེ་ཅན་ལ་འགྲན་ནུས་པ་དགག་ནས་ཤུགས་ལ་མཚུངས་པ་གོ་ནུས་པའི་དཔེ།
སྐྱག་ལངས་ཤོར་ནས་གང་སར་རྙོགས་དྲྭ་བསླངས༎
མི་གསོད་གྱོད་གཞི་ལྡན་པས་སལ་མཱན་ཁཱན༎
ང་ཚོའི་འཛིན་གྲྭའི་བསོད་ནམས་ཆོས་གྲགས་ལ༎
འགྲན་པའི་ནུས་པ་སྤུ་རྩེ་ཙམ་ཡང་མེད༎
༢༡.  མཛེས་པའམ་ངོ་བསྟོད་ཀྱི་དཔེ། མཆོག་དམན་ཆེ་བའི་དཔེ་དོན་གཉིས་ངོ་བསྟོད་ཀྱི་འགྲེལ་བརྗོད་སྙིང་རྗེ་མོ་ཞིག་གི་སྒོ་ནས་མཚུངས་པ་བསྟན་པའི་དཔེ།
དབྱངས་ཅན་ཕྱག་ན་བཻཌཱུའི་པི་ཝང་བསྣམས༎
གང་ཁྱོད་ཕྱག་ཏུ་ས་སྨྱུག་གོག་ཏོ་ཞིག །
དེ་ལྟ་ནའང་སྙན་པའི་ཚིག་སྦྱོར་གྱིས༎
གདུལ་བྱ་སྤྲོ་བ་སྐྱེད་ལ་ཁྱོད་ཉིད་བསྔགས༎
༢༢.  དེ་ཉིད་བརྗོད་པའི་དཔེ། དཔེ་དཔེ་ཅན་གཉིས་ནང་ནས་དཔེ་ཅན་ཁོ་ན་རྒྱུ་མཚན་མ་བགྲངས་པའི་སྒོ་ནས་ངོས་བཟུང་བའི་དཔེ།
ལྟ་ན་སྡུག་འདི་ཡིད་དགའ་ཆོས་འཛིན་དང་༎
འདྲ་ཡང་མ་ཡིན་ཝཱ་ཎཱའི་མཐོ་སློབ་སྟེ༎
ཉལ་ཁང་འདི་ཀོ་ཟངས་མདོག་དཔལ་རི་དང་༎
མཚུངས་ཀྱང་མ་ལགས་བུ་ཡི་ཉལ་ཁང་ཉིད༎
༢༣.  ཐུན་མོང་མིན་པའི་དཔེ། དཔེ་ཅན་མཚོན་པའི་དཔེ་གཞན་ཞིག་མེད་པས་རང་ཉིད་རང་གི་དཔེར་བཀོད་པའི་དཔེ།
རྗེ་བཙུན་སྒྲོལ་མ་སྐུ་དངོས་ཕེབས་ན་ཡང་༎
ཁྱོད་ཀྱི་དབུ་སྐྲ་ཉག་མ་གཅིག་ཙམ་གྱི༎
དཔེ་རུ་འོས་མིན་དེ་ཕྱིར་ཁྱོད་མཚོན་དཔེར༎
ཁྱོད་ཉིད་ཁོ་ནར་ངེས་སོ་ནོར་འཛོམས་ལགས༎
༢༤.  བྱུང་མིན་གྱི་དཔེ། སྔོན་ཆད་མ་བྱུང་ལ་ཕྱིས་ཀྱང་མི་འབྱུང་བའི་དཔེ་ཁྱད་པར་བ་ཞིག་བཀོད་ནས་དེ་དང་དཔེ་ཅན་མཚུངས་པ་བསྟན་པའི་དཔེ།
ཡ་གིའི་ནམ་མཁའ་སྔོན་པོ་འདི་ཡི་འོག །
མ་གིའི་དོག་མོ་ས་གཞི་འདི་ཡི་སྒང་༎
གད་སྙིག་ཡོད་ཚད་གཅིག་ཏུ་སྤུངས་པ་བཞིན༎
ཝཱ་ཎཱའི་ཁོར་ཡུག་འདི་ནི་བཙོག་པ་ལ༎
༢༥.  སྲིད་མིན་གྱི་དཔེ། ཁྱད་གཞི་དེ་ལས་ཁྱད་ཆོས་དེ་འདྲ་འབྱུང་བ་མི་སྲིད་པ་ཞིག་དཔེར་བཀོད་ནས་དེ་དང་དཔེ་ཅན་མཚུངས་པ་བསྟན་པའི་དཔེ།
ཁྭ་ཏའི་ཁ་ནས་མུ་ཏིག་སྐྱུགས་པ་དང་༎
ཕག་པའི་རྐུབ་ནས་རིན་ཆེན་རིལ་བུ་བཞིན༎
གང་ཡང་མ་བསླབ་ཅི་ཡང་མི་ཤེས་པའི༎
བླུན་པོའི་ཁ་ནས་ལེགས་བཤད་འབྱུང་དོགས་མེད༎
༢༦.  མང་བའི་དཔེ། མཚུངས་ཆོས་ཡོད་པའི་དཔེ་མང་པོ་ཞིག་བཀོད་ནས་དེ་དང་དཔེ་ཅན་མཚུངས་པ་བསྟན་པའི་དཔེ།
ཀླུ་སྒྲུབ་འཕགས་པ་ལྷ་དང་སངས་རྒྱས་བསྐྱངས༎
ཟླ་བ་གྲགས་པའི་དཔལ་བཞིན་བཤེས་གཉེན་ཁྱོད༎
རྟག་ཆད་མཐའ་བརྒྱད་བྲལ་བའི་དབུ་མའི་གཞུང་༎
མཁྱེན་པའི་རྣམ་དཔྱོད་གཞན་ལས་ཕུལ་དུ་བྱུང་༎
༢༧.  རྣམ་འགྱུར་གྱི་དཔེ། དཔེ་ཅན་དེ་ཉིད་དཔེའི་རྣམ་འགྱུར་ཙམ་མམ་དཔེ་ལས་ཕྱུང་བ་ལྟར་བསྟན་པའི་དཔེ།
གཙང་སྦྲ་འཕྲོད་བསྟན་མེད་པའི་ཕོ་སྐྱེས་འདི༎
གད་སྙིགས་ཕུང་པོའི་གསེབ་ནས་ཕྱུང་པའམ༎
སྐྱག་ཟན་ཕག་ཚང་ནང་ནས་འདོན་པ་བཞིན༎
མཐོང་ན་སྐྱུག་མེར་སློང་པའི་རྒྱུ་རུ་ཟད༎
༢༨.  ཕྲེང་བའི་དཔེ།    སྔ་ཕྱི་ལྟོས་པ་ཅན་གྱི་དཔེ་དོན་རྣམས་ཕྲེང་བ་ལྟར་འགྲིག་པའི་དཔེ་རྒྱན།
༡ ཆུ་འཛིན་སྔོན་པོས་སྤྲིན་གྱི་མེ་ཏོག་དང་༎
དེས་ཀྱང་འཛིན་མ་བརླན་ཞིང་ཞིང་ས་ཡིས༎
སྔོ་ལྗང་ལོ་འདབ་ཡོངས་སུ་རྒྱས་པ་བཞིན༎
མཁས་པའི་གསུང་གིས་ཁོ་བོའི་བློ་གྲོས་རྒྱས༎

༢ སྤྲིན་གྱིས་ཆར་བཞིན་སྦྲང་ཆར་ཟིལ་མ་ཡིས༎
ས་གཞི་བརླན་ལྟར་ཞིང་ས་གཤིན་པོ་ཡིས༎
སྔོ་ལྗང་སྨྱུ་གུའི་ལོ་འདབ་རྒྱས་པ་བཞིན༎
མཁས་པའི་གསུང་གིས་ཁོ་བོའི་བློ་གྲོས་རྒྱས༎
༢༩.  ངག་དོན་གྱི་དཔེ། དཔེ་དང་དཔེ་ཅན་གཉིས་ཀྱི་ཁྱད་གཞི་ཁྱད་ཆོས་རྣམས་ངག་དོན་ལྟར་སྦྱར་དུ་རུང་བའི་དཔེ།
༡ བཞིན་སྒྲ་གཅིག་པའི་དཔེ།
དབྱངས་ཅན་ཕྱག་སོར་རྩེ་ན་བེེ་ཌྱིར་ཡའི༎
རྒྱུད་མངས་འཁྲོལ་བའི་སྙན་པའི་སྒྲ་རླབས་ནི༎
དཔག་བསམ་ལྗོན་པའི་ཡལ་འདབ་གཡོ་བའི་རྩེར༎
ཁུ་བྱུག་མྱོས་པའི་གླུ་བཞིན་རྣ་བར་སྙན༎
༢ བཞིན་སྒྲ་དུ་མའི་དཔེ།
ཉི་མ་འདྲ་བའི་བཤེས་གཉེན་དམ་པ་ཡི༎
འོད་ཟེར་ཇི་བཞིན་འབབ་པའི་ལེགས་བཤད་དེས༎
བདག་བློ་པདྨོ་ཇི་བཞིན་རྒྱས་པས་ན༎
སློབ་ཚོགས་དག་ནི་བུང་བ་ཇི་བཞིན་འཁོར༎
༣༠.  ཟླ་བོ་དངོས་པོའི་དཔེ། དཔེ་ཅན་སྔོན་དུ་བཀོད་རྗེས་དེ་ཉིད་མཚོན་པའི་དཔེ་ཚིག་ཟླ་བོའི་ཚུལ་དུ་རྗེས་སུ་བཀོད་པའི་དཔེ།
འཇིག་རྟེན་འདི་ན་མཛེས་མ་ཆེས་མང་ཡང་༎
ཀུན་གྱི་ཡང་རྩེ་ཨེ་ཥ་ཝཱརྱ་ཙམ༎
མཁའ་ལ་སྐར་ཚོགས་གྲངས་ལས་འདས་ནའང་༎
ཉ་གང་བཅོ་ལྔའི་ཟླ་བ་གཅིག་ཉིད་ཙམ༎
༣༡.  མཚུངས་སྦྱོར་གྱི་དཔེ། མཆོག་དམན་ཆེ་བའི་དཔེ་དོན་གཉིས་བྱེད་ལས་ཀྱི་སྒོ་ནས་མཚུངས་པ་ཤུགས་ལ་བསྟན་པའི་དཔེ།
ཕྱག་ན་པདྨོས་བོད་སྤྱིའི་རིག་གཞུང་སྤེལ༎
ངེས་སྟོན་མཆོག་གིས་འདི་ན་ཆོས་རིག་སྐྱོང་༎
སྔ་མས་བོད་པ་སྤྱི་ཡི་བདེ་དོན་དང་༎
ཕྱི་མས་མཐོ་སློབ་འདི་ཉིད་ཚུལ་བཞིན་སྐྱོང་༎   
༣༢.  རྒྱུའི་དཔེ། རྒྱུ་མཚན་གང་ཞིག་ལ་བརྟེན་ནས་དཔེ་དོན་མཚུངས་པ་བསྟན་པའི་དཔེ།
དབུ་གོང་ལོ་རིམ་གཉིས་པའི་སློབ་ཕྲུག་ཚོ༎
ཤེས་རབ་བློ་གྲོས་གསལ་བས་ཉི་མ་དང་༎
གཞན་ཕན་འོད་སྣང་བསིལ་བས་ཟླ་བ་བཞིན༎
བརྩོན་འགྲུས་ཟབ་པས་རྒྱ་མཚོ་འདྲ་བ་དྲན༎
གསུམ་པ། དཔེའི་སྐྱོན་ཡོན།
1.  དཔེའི་སྐྱོན།  རྟགས་ཐ་དད། ཚིག་ཐ་དད། དཔེ་དོན་མཆོག་དམན་ཆེ་བ།
༡ ཅང་ཤེས་རྟ་ཕོ་འདི་ནི་བ་བཞིན་མགྱོགས༎
༢ ནམ་མཁའི་སྐར་ཚོགས་བསྲེ་རུ་རྭ་ཅོ་བཞིན༎
༣ ཁྱི་ལུད་རིན་ཆེན་གསེར་བཞིན་རིན་གོང་ཆེ༎
2.   དམིགས་བསལ་དཔེའི་ཡོན་ཏན།
༡ རྟག་ཐ་དད་ཀྱང་སྐྱོན་མེད་པ།༢ ཚིག་ཐ་དད་ཀྱང་སྐྱོན་མེད་པ།  ༣དཔེ་དོན་མཆོག་དམན་ཆེ་ཡང་སྐྱོན་མེད་པ།
༡ བུ་མོ་སྒྲོལ་དཀར་འཇོན་ཐང་བུ་བཞིན་ཆེ༎
༢ སློབ་མ་འདི་ཚོ་གསེར་བཞིན་རིན་གོང་མཐོ༎
༣ རྒྱལ་པོ་འབངས་ལ་སྤྲང་པོས་བུར་བཞིན་བྱམས༎
བཞི་པ།    མཚུངས་པ་གསལ་བྱེད་ཀྱི་སྒྲ
དཔེ་དོན་མཚུངས་པ་སྟོན་པའི་སྒྲ
དེ་ནི་མཚུངས་གསལ་བྱེད་པ་ཡིན༎
སྙན་གཞུང་ལས་བྱུང་རེ་ལྔ་དང་༎
བོད་ཀྱི་བྱས་པ་བཅུ་གཅིག་སྟེ༎
བསྡོམ་པས་བདུན་བཅུ་དོན་དྲུག་པོ༎
བཤད་པས་དུས་ཚོད་མི་འདུག་པས༎
སོ་སོས་རང་སྦྱོང་གནང་རོགས་གྱིས༎

དོན་རྒྱན་གསུམ་པ་གཟུགས་རྒྱན།

མཚན་ཉིད། དཔེ་ཅན་དཔེ་ཡིས་གཟུགས་སུ་བཀོད་པའམ་དཔེ་དང་དཔེ་ཅན་ངོ་བོ་གཅིག་ཏུ་གྲུབ་པ་ལྟར་བསྟན་པའི་རྒྱན། དབྱེ་བ། ཉི་ཤུ
༡.   བསྡུས་པའི་གཟུགས་རྒྱན། དཔེ་དཔེ་ཅན་གཉིས་ཀྱི་བར་དུ་རྣམ་དབྱེ་དྲུག་པའི་སྒྲ་བསྡུས་པའི་གཟུགས་རྒྱན།
ཕྲ་ལྡེམ་མཛེས་སྐུ་རྩྭ་རིའི་སྨྱུག་མ་ལ༎
ཡིད་འོང་ཞལ་རས་ཟླ་བ་དཀར་པོ་གསལ༎
བཅོས་མིན་བརྩེ་སེམས་འོད་སྣང་འཛུམ་པ་དེ༎
ནམ་ཡང་བརྗེད་ཐབས་མི་འདུག་སྙིང་སྡུག་མ༎
༢.  མ་བསྡུས་པའི་གཟུགས་རྒྱན། དཔེ་དཔེ་ཅན་བར་དུ་རྣམ་དབྱེ་དྲུག་སྒྲ་མ་བསྡུས་པའི་གཟུགས་རྒྱན།
ཡིད་འོང་སྐུ་ཡི་གསེར་རི་ལྷུན་པོ་མཛེས༎
ལེགས་བཤད་གསུང་གི་ལྷ་ཡི་རྔ་སྒྲ་སྙན༎
མཁྱེན་རབ་ཐུགས་ཀྱི་མ་དྲོས་རོལ་མཚོ་ཟབ༎
བཤེས་གཉེན་དམ་པའི་དཔག་བསམ་དབང་པོ་རྒྱལ༎
༣.  བསྡུས་ཤིང་མ་བསྡུས་པའི་གཟུགས་རྒྱན། དཔེ་དཔེ་ཅན་བར་དུ་རྣམ་དབྱེ་དྲུག་སྒྲ་བསྡུས་ཤིང་མ་བསྡུས་པའི་གཟུགས་རྒྱན།
ཁྱོད་ཞལ་ཟླ་བ་དཀར་པོའི་འཛུམ་མདངས་ལས༎
སྨིན་འཁྱོག་ཟུར་མིག་གཡོ་བའི་ལྐོག་མདའ་ཡིས༎
ཡ་ཆུང་སེམས་ཁམས་འབིགས་པའི་ན་ཟུག་འདི༎
སེལ་བའི་སྨན་ཞིག་གང་ནས་འཚོལ་དགོས་སམ༎
༤.  མཐའ་དག་གཟུགས་ཅན། དཔེ་ཅན་གྱི་ཁྱད་གཞི་ཁྱད་ཆོས་མཐའ་དག་གཟུགས་སུ་བཀོད་པ།
མང་དུ་ཐོས་པའི་རྩ་བ་རབ་བརྟན་ཅིང་༎
ཐོས་དོན་བསམ་པའི་ཡལ་འདབ་ལྷུག་པར་གྲོལ༎
སྒོམ་པའི་འབྲས་བུ་གཡུར་དུ་ཟ་བ་ཡི༎
བཤེས་གཉེན་དཔག་བསམ་ལྗོན་པ་ཁྱོད་ལ་འདུད༎
༡༡.  ཁྱད་པར་གྱི་གཟུགས་ཅན། དཔེ་ཅན་གྱི་ཆ་ཤས་དམན་ཤོས་ཤིག་དཔེ་ཁྱད་པར་བ་ཞིག་གི་གཟུགས་སུ་བཀོད་ནས་དེ་ལས་བྱེད་ལས་ཁྱད་པར་བ་ཞིག་བྱུང་བ་བསྟན་པའི་གཟུགས་རྒྱན།
གངས་ཅན་སྔགས་འཆང་བྱེ་བའི་གཙུག་གི་རྒྱན༎
ས་ཆེན་གོང་མའི་གསང་ཆབ་བདུད་རྩིའི་རྒྱུས༎
ཐིགས་པ་ཅིག་ཙམ་ལྕེ་ཐོག་བླངས་པ་ནས༎
གདོན་བགེགས་འབྱུང་པོའི་འཚེ་བ་ལྷག་མེད་ཞི༎
༡༢.   འགལ་བའི་གཟུགས་ཅན། དཔེ་དཔེ་ཅན་གཉིས་ཀྱི་ཁྱད་ཆོས་དང་བྱེད་ལས་འགལ་བ་བསྟན་པའི་གཟུགས་རྒྱན།
དབང་ཕྱུག་རལ་བའི་ཀློང་ནས་མ་འབབ་ཅིང་༎
གངས་དཀར་ཏི་སི་ཕང་ལས་མ་བརྒྱུད་པར༎
ལེགས་བཤད་གསུང་གི་གངྒའི་ཆུ་རྒྱུན་འདིས༎
བདག་བློའི་ཤེས་རབ་མེ་སྤུངས་ལྷག་པར་བརྟས༎
༡༣.  རྒྱུའི་གཟུགས་རྒྱན། རྒྱུ་མཚན་གང་ཞིག་ལ་བརྟེན་ནས་སམ་རྒྱུ་མཚན་དངོས་སུ་བརྗོད་པའི་སྒོ་ནས་དཔེ་ཅན་དཔེའི་གཟུགས་སུ་བཀོད་པ།
ཞལ་རས་མཛེས་པས་སྟོན་ཀའི་རི་བོང་འཛིན༎
སྐུ་གཟུགས་ཕྲ་བས་རྩྭ་རིའི་སྨྱུག་མ་སྟེ༎
ཐུགས་སེམས་ནག་པས་ཉེར་དགུའི་མཚན་ལྗོངས་དང་༎
ཡིད་བརྟོན་མེད་པས་དབྱར་ཁའི་གནམ་གྱི་གཤིས༎
༡༤.  སྦྱར་བའི་གཟུགས་རྒྱན། དཔེ་དང་དཔེ་ཅན་གཉིས་ཀར་སྦྱར་ཆོས་ཐུན་མོང་དུ་ཡོད་པའི་གཟུགས་རྒྱན།
ཆོས་གྲོགས་དམ་པའི་མཚར་གཏམ་གསེར་མིག་ཉ༎
གཉིས་སྐྱེས་དག་གིས་ཅི་དགར་སྤྱད་བྱས་ཏེ༎[གྲྭ་པ་དང་ཆུ་བྱ]
དཀར་གསལ་བདེ་འཁྱུག་རྩེན་པའི་ངང་ཚུལ་དེ༎
དྲན་གསོ་གཏོང་ནས་སླར་ཡང་གད་མོ་ཤོར༎
[ཡང་ན།]
བདེ་གཤེགས་གསུང་གི་པདྨའི་དགའ་ཚལ་ཆེ༎
འཇིག་རྟེན་མིག་གིས་རྣམ་པར་འབྱེད་པ་ལས༎[ལོ་ཙཱ་བ་དང་ཉི་མ]
ཡངས་པའི་འཇིག་རྟེན་ཟླུམ་པོའི་རྭ་བ་འདིར༎
དགེ་ལེགས་དཔལ་གྱི་ཤིས་པས་མཛེས་པར་གྱུར༎
༡༥.   དཔེའི་གཟུགས་རྒྱན། དཔེ་ཅན་དཔེའི་གཟུགས་སུ་བཀོད་རྗེས་སླར་ཡང་དཔེ་དེ་ཉིད་དང་འདྲ་བ་ལྟར་བསྟན་པའི་གཟུགས་རྒྱན།
ལྟ་ན་མིག་གི་ལོངས་སྤྱོད་ཆེས་མཛེས་ཀྱང་༎
རེག་ན་ལག་པ་ཁྲག་གིས་སྦག་པའི་རྒྱུ༎
ཁྱོད་ལུས་རྒྱ་སེར་མེ་ཏོག་གསར་བ་འདི༎
ལྡུམ་རྭའི་མཛེས་རྒྱན་མེ་ཏོག་དངོས་འདྲ་དྲན༎
༡༦.  ལྡོག་པ་ཅན་གྱི་གཟུགས་ཅན། གཙོ་བོ་དཔེ་དང་ཕལ་བ་དཔེ་ཅན་གཉིས་གཙོ་ཕལ་ཕན་ཚུན་གོ་ལྡོག་ནས་དབྱེ་བར་འབྱེད་པའི་གཟུགས་རྒྱན།
ཆང་རྒྱག་དག་གིས་ཝིས་ཀི་ཨ་རག་བཏུང་༎
བདག་གིས་ཁྱོད་ཀྱི་འགྲམ་ཆང་མངར་མོ་གཞིབ༎
འདི་ཀོར་ཆང་གི་ཕབ་རྩི་མི་ལྡན་ཡང་༎
འཐུང་བ་ཙམ་གྱིས་བཟི་བའི་ཁྱད་ཆོས་ལྡན༎
༡༧.  འགོག་པའི་གཟུགས་ཅན། དཔེ་ཅན་དཔེའི་གཟུགས་སུ་བཀོད་རྗེས་སླར་དགག་བྱ་གང་ཞིག་ལ་བརྟེན་ནས་དཔེ་ཅན་དཔེའི་གཟུགས་སུ་བཀོད་མི་རུང་བ་ལྟར་བསྟན་པའི་གཟུགས་རྒྱན།
རྣམ་འདྲེན་བཞི་པའི་གསུང་གི་བདུད་རྩི་ཡིས༎
མུ་སྟེགས་སྟོན་པའི་སྲོག་གི་རྒྱུ་བ་ལ༎
བཞི་ཤད་འཐེན་པའི་ངང་ཚུལ་སྐྱུར་མོ་འདིས༎
བདུད་རྩི་ཉིད་དུ་བརྗོད་པ་ཇི་ལྟར་རིགས༎
༡༨.  མཉམ་འཇོག་གཟུགས་ཅན། ཡུལ་གང་ཞིག་གི་གཟུགས་སུ་བཀོད་པ་དེ་ལས་དོན་སྐྱོན་གང་ཞིག་འབྱུང་བ་དེ་ཉིད་ཡུལ་ཡུལ་ཅན་གཉིས་ཀྱི་    སྐྱོན་མཉམ་པ་ཉིད་ལྟར་བསྟན་པའི་གཟུགས་རྒྱན།
སློབ་དཔོན་མཁས་པའི་ཁ་ཏའི་སྨན་སྦྱོར་གྱིས༎
སློབ་མ་འགའ་ལ་སྙིང་ནད་བཟོས་འདི་ཅི༎
ཆུང་ངུའི་དུས་ནས་གཅེས་ལངས་ལ་ཤོར་བའི༎
གོམས་པའི་བག་ཆགས་ཉིད་ཀྱི་སྐྱོན་ཡང་ལགས༎
༡༩.  གཟུགས་ཅན་གྱི་གཟུགས་ཅན། གཟུགས་ཕར་མ་བཀོད་པའི་རྒྱན།
ཁྱོད་ཞལ་ཟླ་བ་གཞོན་ནུའི་མེ་ལོང་ངོས༎
འདྲེན་བྱེད་རི་དྭགས་མཚན་དཔེའི་གཟུགས་བརྙན་དེར༎
བདག་སེམས་མཚོ་རླབས་དཔྱིད་ཀྱི་ངང་མོ་ནི༎
འགོག་རྒྱུ་མེད་པར་ནམ་མཁའི་མཐའ་ན་རྩེན༎
[ཡང་ན]
གང་སྐུ་གསེར་རིའི་ཁྲི་ཤིང་ཁོར་ལག་ཡངས༎
གང་གསུང་དབྱར་རྔའི་ཀ་ལ་པིང་ཀ་སྙན༎
གང་ཐུགས་ནམ་མཁའི་མཐའ་ཡི་རྒྱ་མཚོ་ཟབ༎
བཤེས་མཆོག་བསམ་ཕེལ་ནོར་བུའི་གངས་རི་དཀར༎
༢༠.  བསྙོན་དོར་གཟུགས་ཅན། དོན་དངོས་ལ་དངོས་མིན་ཞེས་བསྙོན་འདོར་པའི་གཟུགས་རྒྱན།
ཡིད་འོང་ཕྲ་ཞིང་ལྡེམ་ལ་སྐྱེན་པ་འདི༎
ཁྱོད་སྐུ་མ་ལགས་རྩྭ་རིའི་སྨྱུག་མ་སྟེ༎
སྙན་འཇེབས་རྣ་བའི་བདུད་རྩི་འཇོ་འདི་ཡང་༎
ཁྱོད་གསུང་མ་ཡིན་ཁུ་བྱུག་མྱོས་པའི་གླུ༎

དོན་རྒྱན་བཞི་པ་གསལ་བྱེད་ཀྱི་རྒྱན།

གོ་དོན། གསལ་བྱེད་ཚིག་གཅིག་བཀོད་པ་དེས་ཚིགས་བཅད་དེའི་བརྗོད་དོན་ཀུན་གསལ་བར་བྱེད་ནུས་པའི་དོན་རྒྱན། དབྱེ་བ། དངོས་བསྟན་བཅུ་གཉིས་དང་ཤུགས་བསྟན་བཞི་བཅས་མཁྱོན་བསྡོམས་བཅུ་དྲུག་ཡོད།
༡.  རིགས་བརྗོད་པ་ཐོག་མའི་གསལ་བྱེད་ཀྱི་རྒྱན། རིགས་བརྗོད་པའི་ཚིག་འབྲུ་ཞིག་ཐོག་མར་བཀོད་ནས་དེས་ཚིགས་བཅད་དེའི་བརྗོད་གཞི་ཀུན་གསལ་བར་བྱེད་པའི་རྒྱན།
ཨ་ཁུ་བསྟན་པས་དབང་ཆེན་དཔོན་པོ་ཚོའི༎
ཁེངས་པའི་ང་རྒྱལ་ས་ལ་བསྙིལ་བར་བྱས༎
ལང་ཚོའི་མེ་ཏོག་ཕེལ་ཁ་དར་བ་ཡི༎
ཨ་ནི་མང་པོའི་སྡོམ་པ་རྡོ་ལ་བརྡབ༎
༢.  བྱ་བ་བརྗོད་པ་ཐོག་མའི་གསལ་བྱེད་ཀྱི་རྒྱན། བྱ་ཚིག་གཅིག་སྔོན་དུ་བཀོད་པ་དེས་ཚིག་སྦྱོར་དེའི་བརྗོད་གཞི་ཡོངས་རྫོགས་གསལ་བར་བྱེད་པའི་རྒྱན༎
བསམ་པར་བྱེད་དོ་བཙན་བྱོལ་བོད་མི་ཚོས༎
རྨི་ལམ་ན་ཡང་ཨ་རིའི་ཞིང་ཁམས་ཏེ༎
གཞིས་ལུས་བོད་ཀྱི་དཔའ་བོ་དཔའ་མོ་ཚོས༎
མེ་ལྕེའི་ཁྲོད་དུའང་རང་བཙན་གཙང་མ་ཉིད༎
༣.  ཡོན་ཏན་བརྗོད་པ་ཐོག་མའི་གསལ་བྱེད་ཀྱི་རྒྱན། ཡོན་ཏན་བརྗོད་པའི་ཚིག་གཅིག་སྔོན་དུ་བཀོད་ནས་དེས་ཚིགས་བཅད་དེའི་བརྗོད་གཞི་ཀུན་གསལ་བར་བྱེད་པའི་རྒྱན།
ཤིན་ཏུ་དཀར་རོ་གནམ་མཐོངས་ཟླ་གཞོན་མདངས༎
བོད་ཀྱི་ཁོར་ཡུག་ཏི་སེ་གངས་ཀྱི་རི༎
མ་དྲོས་མཚོ་ན་གཡས་འཁྱིལ་དུང་གི་མདོག །
མཛེས་མའི་ཁྲོད་ན་ཁྱོད་ཀྱི་ཞལ་རས་ཀྱང་༎
༤.  རྫས་བརྗོད་པ་ཐོག་མའི་གསལ་བྱེད་ཀྱི་རྒྱན། རྫས་བརྗོད་པའི་ཚིག་འབྲུ་ཞིག་ཐོག་མར་བཀོད་ནས་དེས་ཚིགས་བཅད་དེའི་བརྗོད་གཞི་ཀུན་གསལ་བར་བྱེད་པའི་རྒྱན།
འཇམ་མགོན་ཕྱག་ན་གནས་པའི་རལ་གྲི་ཡིས༎
མི་ཤེས་རྨོངས་པའི་དྲ་བ་མཐའ་དག་གཅོད༎
ཤེས་རབ་འོད་ཀྱི་སྣང་བ་གང་སར་འབྱེད༎
ལོག་རྟོག་དྲི་མ་མཐའ་དག་སྦྱོང་བར་བྱེད༎
༥.  རིགས་བརྗོད་བར་གྱི་གསལ་བྱེད་ཀྱི་རྒྱན། རིགས་བརྗོད་པའི་ཚིག་འབྲུ་ཞིག་ཚིགས་བཅད་དེའི་བར་དུ་བཀོད་ནས་དེས་ཚིགས་བཅད་དེའི་བརྗོད་གཞི་ཀུན་གསལ་བར་བྱེད་པའི་རྒྱན།
འབུམ་རམས་ཆེན་མོའི་ལག་ཁྱེར་སྔར་ནས་བླངས༎
ཝཱ་ཎ་མཐོ་སློབ་ཁང་གི་ངེས་སྟོན་པ༎
པདྨ་ཤྲིའི་མཚན་གྱི་སྙན་པ་འཆང་༎
རྨད་བྱུང་མཛད་འཕྲིན་ཤར་ནུབ་ཡོངས་ལ་ཁྱབ༎
༦.  བྱ་བ་བརྗོད་པ་བར་གྱི་གསལ་བྱེད་ཀྱི་རྒྱན། བྱ་ཚིག་གཅིག་ཚིགས་བཅད་དེའི་བར་དུ་བཀོད་ནས་དེས་ཚིགས་བཅད་དེའི་བརྗོད་གཞི་ཀུན་གསལ་བར་བྱེད་པའི་རྒྱན།
བླ་རྒན་རྣམ་པས་རྒྱ་ནག་ཤིང་གི་ཇ༎
བོད་པ་རྒན་པས་ཆང་དང་ཨ་རག་དག །
འཐུང་བར་བྱེད་དོ་དེང་རབས་གཞོན་སྐྱེས་ཚོས༎
རོ་དྲུག་འདུས་པའི་སྦི་རག་མངར་མོ་རྣམས༎
༧.  ཡོན་ཏན་བརྗོད་པ་བར་དུ་གསལ་བྱེད་ཀྱི་རྒྱན། ཡོན་ཏན་བརྗོད་པའི་ཚིག་འབྲུ་ཞིག་ཚིག་སྦྱོར་དེའི་བར་དུ་བཀོད་ནས་དེས་ཚིགས་བཅད་དེའི་བརྗོད་གཞི་ཀུན་གསལ་བར་བྱེད་པའི་རྒྱན།
ར་ལུག་ཕག་གསུམ་གསོད་མཁན་བཤན་པའི་ལག།
སླུ་བྲིད་མཁས་པའི་སྨད་ཚོང་བུ་མོའི་ཁ།།
དམར་པོ་ཉིད་དོ་ལྗོན་པའི་ཡལ་འདབས་ལ།།
མི་གཙང་འདོར་མཁན་སྤྲེ་འུའི་རྐུབ་ཀྱང་ངོ་།།
༨.  རྫས་བརྗོད་པ་བར་དུ་གསལ་བྱེད་ཀྱི་རྒྱན། རྫས་བརྗོད་པའི་ཚིག་འབྲུ་ཞིག་ཚིག་སྦྱོར་དེའི་བར་དུ་བཀོད་ནས་དེས་ཚིགས་བཅད་དེའི་བརྗོད་གཞི་ཀུན་གསལ་བར་བྱེད་པའི་རྒྱན།
གྲོང་ཁྱེར་མི་བུའི་ངོ་གདོང་ཁྲུད་པའི་རྫས།།
འབྲོག་རྒན་བླུན་པོའི་ཁ་ལ་བརྫང་བྱེད་པའི།།
དག་བྱེད་ཡིས་རྩི་འདི་ཀོ་ཚོང་ཁང་གི།
འགྲིམས་སྒོ་གཞན་ལས་ཆེ་བའི་ཚོང་རྫས་ཡིན།།
༩.  རིགས་བརྗོད་པ་མཐའི་གསལ་བྱེད་ཀྱི་རྒྱན། རིགས་བརྗོད་པའི་ཚིག་འབྲུ་ཞིག་ཚིག་སྦྱོར་དེའི་མཐའ་རུ་བཀོད་ནས་དེས་ཚིགས་བཅད་ཀུན་གསལ་བར་བྱེད་པའི་རྒྱན།
མཚན་དཔེའི་མེ་ཏོག་གངས་ཅན་བོད་དུ་བཞད༎
མཛད་པ་འཕྲིན་ལས་འཕགས་པའི་ཡུལ་དུ་རྒྱས༎
སྙན་པའི་གྲགས་པ་འཛམ་གླིང་ཡོངས་ལ་ཁྱབ༎
ཞི་བདེ་དེད་དཔོན་བསྟན་འཛིན་རྒྱ་མཚོ་ཆེ༎
༡༠.  བྱ་བ་བརྗོད་པ་མཐའ་མའི་གསལ་བྱེད་ཀྱི་རྒྱན། བྱ་བ་བརྗོད་པའི་ཚིག་འབྲུ་ཞིག་ཚིག་སྦྱོར་དེའི་མཐའ་རུ་བཀོད་ནས་དེས་ཚིགས་བཅད་དེའི་བརྗོད་གཞི་ཀུན་གསལ་བར་བྱེད་པའི་རྒྱན།
རྐུན་ཇག་ཁྲམ་པ་ཤིང་ནགས་འཐུག་པོའི་ཁྲོད༎
གདན་སའི་གྲྭ་པ་བཤད་གྲྭའི་ཆོས་གྲྭ་ལ༎
ན་གཞོན་ཕོ་མོ་དེང་རབས་ཞབས་བྲོ་ཁང་༎
ང་ཅག་འཛིན་ཁང་ནང་ལ་མཉམ་དུ་འགྲོ །
༡༡.  ཡོན་ཏན་བརྗོད་པ་མཐའ་མའི་གསལ་བྱེད་ཀྱི་རྒྱན། ཡོན་ཏན་བརྗོད་པའི་ཚིག་འབྲུ་ཞིག་ཚིག་སྦྱོར་དེའི་མཐའ་རུ་བཀོད་ནས་དེས་ཚིགས་བཅད་དེའི་ཀུན་གསལ་བར་བྱེད་པའི་རྒྱན།
ཤར་ཕྱོགས་ཙི་ན་མཛེས་མའི་སྐྲ་ལོ་དང་།།
ནུབ་གླིང་སྐྲ་སེར་སྤྲེའུའི་རིགས་ཀྱི་སྣ།།
མི་རིགས་ནག་པོའི་སྐྱེས་པ་ཕོ་ཡི་རྟགས།།
མཚན་གཉིས་མ་ནིང་རིགས་ཀྱི་ཟེའུ་འབྲུ་རིང་།།
༡༢.  རྫས་བརྗོད་པ་མཐའ་མའི་གསལ་བྱེད་ཀྱི་རྒྱན། རྫས་བརྗོད་པའི་ཚིག་འབྲུ་ཞིག་ཚིག་སྦྱོར་དེའི་མཐའ་རུ་བཀོད་ནས་དེས་ཚིགས་བཅད་དེའི་ཀུན་གསལ་བར་བྱེད་པའི་རྒྱན།
ལྷིང་འཇགས་དུས་སུ་ཚོ་ཤ་ཟ་སྤྱད་ལ་རྣོ།།
དམག་སའི་ཁྲོད་ན་དགྲ་བོའི་སྲོག་ལ་རྔམས།།
ཆང་གིས་བཟི་ན་བཟའ་ཟླའི་སྣ་ལ་གཟན།།
ཨ་རེ་ཁམས་པའི་ལག་གི་རལ་གྲི་ཉིད།།
༡༣.  ཕྲེང་བའི་གསལ་བྱེད། གསལ་བྱེད་ཀྱི་སྒྲ་གཅིག་གིས་སྔ་ཕྱི་ལྟོས་པ་ཅན་གྱི་ཆོས་འགའི་དོན་གསལ་བར་བྱེད་པའི་རྒྱན།
སྦི་ལ་ཏི་ཡིས་སྟོབས་ཆེན་ཨ་རིའི་ཡུལ༎
དེ་ཡིས་ཁ་ཆེའི་རྒྱལ་ཁབ་ཨི་རག་སྟེ༎
ཨི་རག་དམག་གིས་འཛམ་གླིང་སྣུམ་མཛོད་གཏེར༎
ཀུ་ཝེར་རྒྱལ་ཁབ་བཅོམ་པའི་ལོ་རྒྱུས་སྙན༎
༡༤.  འགལ་བ་གསལ་བྱེད། གསལ་བྱེད་ཚིག་འབྲུ་གཅིག་གི་གསལ་བྱ་འགལ་བ་ཅན་གྱི་ཆོས་དུ་མ་གསལ་བར་བྱེད་པའི་རྒྱན།
རེབ་སྐོང་དགེ་ཆོས་སྨྱོན་པའི་བཟི་གཏམ་གྱིས༎
མཐོན་པོའི་སྐུ་དྲག་སྙིང་ལ་ན་ཚ་སློང་༎
དཔྱོད་ལྡན་མཁས་པའི་བློ་ལ་དགའ་བ་སྐྱེད༎
ན་གཞོན་ཕལ་བའི་འདོད་པའི་བག་ཆགས་སྐྲོག །
༡༥.  དོན་གཅིག་གསལ་བྱེད། གསལ་བྱེད་ཚིག་འབྲུ་དེས་ཚིག་སྦྱོར་སྣ་ཚོགས་པའི་བརྗོད་དོན་གཅིག་ཁོ་ནར་གསལ་བར་བྱེད་པའི་རྒྱན།
དམར་པོའི་ཉིན་བྱེད་ཆུ་ལྷའི་མལ་དུ་བྲོས༎
དཀར་གསལ་ཟླ་བ་སྤྲིན་པའི་གསེབ་ཏུ་འཚང་༎
སྐར་ཚོགས་ཐར་ཐོར་མུན་པའི་རུམ་ན་ཡིབས༎
སྲིན་བྱའི་ཅ་ཅོ་འབྱིན་པ་མཚན་མོའི་དུས༎
༡༦.  སྦྱར་བའི་གསལ་བྱེད། གསལ་བྱེད་ཀྱི་སྒྲ་དེས་གསལ་བྱ་སྦྱར་ཆོས་ཐུན་མོང་དུ་ཡོད་པའི་སྦྱར་གཞི་གཉིས་ཀྱི་དོན་གལས་བར་བྱེད་པའི་རྒྱན།
ལྟ་ན་མིག་ལ་མཛེས་པའི་དགའ་སྟོན་སྐྲུན༎
ཐུག་ན་ལུས་ལ་འཇམ་པའི་རེག་བྱ་ཅན༎
འདབ་ལྡན་པད་དཀར་ལྡུམ་རྭའི་ནང་ན་མཛེས༎
སྙིང་སྡུག་ཁྱོད་ནི་མི་ཚོགས་ཁྲོན་ནའོ༎

དོན་རྒྱན་ལྔ་པ་བསྐོར་བ་ཅན་གྱི་རྒྱན།

སྐོར་བའི་རྒྱན་གྱི་གོ་དོན། ཚིག་དོན་གཉིས་ཀའམ་ཡང་ན་གང་རུང་ཞིག་ཡང་ཡང་བསྐོར་བའི་ཚིག་རྒྱན༎
དབྱེ་བ། ༣
དོན་བསྐོར་ཚིག་བསྐོར་གཉིས་ན་བསྐོར༎
༡.  དོན་བསྐོར་བའི་རྒྱན། གསལ་བྱེད་ཀྱི་ཚིག་མི་གཅིག་ཀྱང་གསལ་བྱ་དོན་གཅིག་པ་ཞིག་ཡང་ཡང་བསྐོར་བའི་རྒྱན༎
འདོད་པའི་རྩེད་དགར་འདོད་པའི་གཞོན་ནུ་རྣམས༎
མཚན་དུས་ཁ་སྦྱོར་ཞབས་བྲོ་ཁང་དུ་འཛོམས༎
ཤེས་བྱའི་གནས་ལ་དགའ་བའི་སློབ་ཕྲུག་ཚོ༎
མཐོ་རིམ་སློབ་གྲྭའི་འཛིན་ཁང་ནང་དུ་ཚོགས༎
༢.  ཚིག་བསྐོར་བའི་རྒྱན། གསལ་བྱ་བརྗོད་དོན་མི་འདྲ་བ་འགའ་ཞིག་ལ་གསལ་བྱེད་ཚིག་འདྲ་བ་ཞིག་གིས་ཡང་ཡང་བསྐོར་བའི་རྒྱན།
རི་བོ་ཆེན་པོ་རླུང་གིས་སྤུར་ཡང་རུང་༎
རྒྱ་མཚོ་ཆེན་པོ་མེ་ཡིས་ཚིགས་ཀྱང་རུང་༎
ཉི་ཟླ་སྐར་གསུམ་ཐང་ལ་ལྷུང་ཡང་རུང་༎
བདེན་པའི་སྙིང་སྟོབས་ནམ་ཡང་འདོར་མི་རུང་༎
༣.  ཚིག་དོན་གཉིས་ཀ་བསྐོར་བའི་རྒྱན། གསལ་བྱེད་ཚིག་དང་གསལ་བྱའི་དོན་གཉིས་ཀ་བསྐོར་ཡང་བཟློས་སྐྱོན་དུ་མི་འགྱུར་བའི་རྒྱན།
ཉིན་བྱེད་དམར་པོས་ནུབ་རི་བརྒལ་བའི་དུས༎
ཟླ་འོད་སབ་སིབ་རླུང་གིས་གཏོར་བའི་དུས༎
སྲིན་བྱ་རྒོད་ནས་ལྷིངས་འཇགས་དཀྲོགས་པའི་དུས༎
རྨི་ལམ་མགྲོན་པོ་རུམ་དུ་བསུ་བའི་དུས༎

དོན་རྒྱན་དྲུག་པ་འགོག་པའི་རྒྱན།

མཚན་ཉིད། དགག་བྱ་གང་ཞིག་གཟུང་བ་དེའི་འགོག་བྱེད་དགག་ཚིག་དངོས་སམ་དོད་ཅི་རིགས་ཀྱིས་ནི་འགོག་པའི་ཚིག་རྒྱན།
དབྱེ་བ། བྱུང་བ་མངོན་གྱུར་འབྱུང་འགྱུར་ཆོས། ཉེར་གསུམ།
༡.  བྱུང་བ་འགོག་པ། བྱུང་ཟིན་པའི་གནས་ཚུལ་ཞིག་ལ་དེ་འདྲ་འབྱུང་སྲིད་དམ་སྙམ་པའི་བློ་དེ་དགག་བྱར་བཟུང་ནས་དེ་ཉིད་དངོས་སུ་དགག་པའི་རྒྱན།
ཨ་རི་རྡུལ་ཕྲན་མཚོན་ཆ་རྐང་གཅིག་གིས༎
རི་པིན་རྒྱལ་ས་རྩ་བརླགས་བྱས་པ་རྫུན༎
འོན་ཀྱང་མཚན་རིག་མཁས་པའི་ལག་རྩལ་ཚོད༎
གཞལ་ནུས་མིན་པས་བདེན་པ་ཡིན་ཡང་སྲིད༎
༢.  མངོན་གྱུར་འགོག་པ། ད་ལྟར་མངོན་གྱུར་དུ་ཡོད་པའི་ཆོས་ཤིག་དགག་བྱར་བཟུང་ནས་དེ་ཉིད་དངོས་སུ་འགོག་པའི་རྒྱན།
ཡིད་འོངས་མ་ཁྱོད་འཛུམ་པའི་མཆུ་སྒྲོས་ལ༎
བཅོས་མའི་མཚོན་རྩི་བྱུགས་པས་ཅི་ཞིག་བྱ༎
འཇིབས་པ་ཙམ་གྱིས་མྱོས་པའི་བྲོ་བ་ལ༎
དམར་སྣུམས་མདངས་ཀྱི་རང་ཆས་གསལ་མིན་ནམ༎
༣. འབྱུང་འགྱུར་འགོག་པ། མ་འོངས་པར་འབྱུང་སྲིད་པའི་དོན་རྐྱེན་ཞིག་དགག་བྱར་བཟུང་ནས་དེ་ཉིད་འགོག་པར་བྱེད་པའི་རྒྱན།
གྲོགས་ཁྱོད་འཛིན་གྲྭ་ཚོགས་དུས་ཉལ་ཁང་ནང་༎
རྨི་ལམ་འགྲོན་པོ་རུམ་ནས་ཉལ་དྲགས་ན༎
རིང་མིན་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་སྐབས༎
སྒོ་ངའི་གསལ་སྟོན་གཤམ་དུས་ཕྱིས་དྲགས་འོང་༎
༤.  ཆོས་འགོག་པ། བརྗོད་གཞི་དེའི་ཆོས་དང་ཆོས་ཅན་གཉིས་ལས་ཆོས་གང་ཡང་རུང་བ་ཞིག་དགག་བྱར་བཟུང་ནས་དེ་ཉིད་འགོག་པར་བྱེད་པའི་རྒྱན།
འཛམ་གླིང་མཛེས་མ་ཨེ་ཤེ་ཝ་རི་ཡི༎
མཛེས་པའི་ཉམས་ཀྱིས་ཀུན་ཡིད་དགའ་བ་རྫུན༎
བདེན་ན་ས་མ་ཁ་ཡི་སེམས་ངོགས་ན༎
དྲག་ཐབས་མེད་པའི་ན་ཚ་བྱས་འདི་ཅི༎
༥.  ཆོས་ཅན་འགོག་པ། ཆོས་དང་ཆོས་ཅན་གཉིས་ལས་ཆོས་ཅན་ཁོ་ན་འགོག་པའི་རྒྱན།
ཤ་རུ་ཁན་ཞེས་གྲགས་པའི་ཕོ་གཞོན་དེ༎
རྫིག་དང་མ་རྫིག་དཔག་པར་མི་ནུས་ཏེ༎
པར་དང་གློག་བརྙན་འགའ་ཞིག་ཙམ་མ་གཏོགས༎
ད་ལྟ་བར་དུ་སྐུ་དངོས་མཇལ་མྱོང་མེད༎
༦.  རྒྱུ་འགོག་པ། འབྲས་བུ་དེ་འགྲུབ་བྱེད་ཀྱི་རྒྱུ་འགོག་པའི་རྒྱན།
ཁྱོད་ཀྱིས་ངུས་ནས་གནམ་ས་དབྲལ་ཡང་རུང་༎
ཁྱོད་ཀྱི་མིག་ཆུས་བྲང་ངོས་བརླན་ཀྱང་རུང་༎
བདག་གིས་ཚུལ་མིན་བྱ་ངན་མ་སྤེལ་པས༎
བདག་ནི་ཁྱོད་ལ་ནམ་ཡང་འཇིགས་དོན་མེད༎
༧.  འབྲས་བུ་འགོག་པ། རྒྱུ་རྐྱེན་སྔོན་དུ་སོང་ཡང་འབྲས་བུ་རྗེས་ལ་བྱུང་བ་དེ་ཉིད་དགག་བྱར་བཟུང་ནས་དེ་འགོག་པར་བྱེད་པའི་རྒྱན།
མདུན་ནས་སྐྲ་ནག་མཛེས་པས་ཟུར་མིག་འཕེན༎
རྒྱབ་ནས་སྐྲ་སེར་བུ་མོས་གཅེར་བྲོ་འཁྲབ༎
ངོ་ཚའི་གདོང་འབག་བྲལ་བའི་ཕྱི་གླིང་ནས༎
སྡོམ་པའི་མགོ་བོ་མ་ཤོར་འདི་ཅི་ཞིག །
༨.  རྗེས་གནང་འགོག་པ། དགག་བྱ་དེ་ཉིད་རྗེས་སུ་གནང་བའམ་དམིགས་བསལ་སྤྲོད་པ་ལྟ་བུའི་ཤུགས་ལ་འགོག་པར་བྱེད་པའི་རྒྱན།
རྣམ་པ་ལྷ་ལས་མཛེས་པའི་ཨ་ནི་ལགས༎
ཕོ་གཞོན་དར་མའི་རུམ་དུ་འཛུལ་འདོད་ན༎
དེ་བཞིན་མཛོད་ཅིག་ལྟོ་བ་འབུར་ན་ཡང་༎
སྲབ་འཇམ་ཀུར་ཏ་གོས་ཀྱིས་སྒྲིབ་ན་ཆོག །
༩.  དབང་གིས་འགོག་པ། དགག་བྱ་དེ་ཉིད་འགོག་བྱེད་ཀྱི་རྒྱུ་མཚན་གཞན་ཅི་ཡང་མ་བགྲངས་པར་མ་ཟད་སྒྲུབ་ཕྱོགས་ཀྱང་འགའ་ཞིག་བསྟན་རྗེས་དབང་ཆ་ཙམ་ལ་བརྟེན་ནས་འགོག་པའི་རྒྱན།
བུ་ཁྱོད་བོད་སོག་ལས་ཁུངས་བརྒྱུད་བྱས་ཏེ༎
ཐེ་ཝན་སོང་ན་ལས་ཀ་རག་པ་དང་༎
དངུལ་དང་དངོས་པོས་ཁྱིམ་འདིར་ཕན་ངེས་ཀྱང་༎
ཅིས་ཀྱང་མ་ཕེབས་ཕ་མའི་གམ་ན་བཞུགས༎
༡༠.  མ་གུས་པས་འགོག་པ། དགག་བྱ་གང་ཞིག་བཟུང་བ་དེ་ཉིད་འགོག་བྱེད་མ་གུས་པའི་ཟོལ་གྱིས་ཤུགས་ལ་འགོག་པའི་རྒྱན།
ཁྱིམ་རྒྱུད་ལོ་རྒྱུས་གཙང་མ་གལ་ཆེ་མོད༎
གནས་སྐབས་དངུལ་དངོས་རག་པ་གལ་ཆེ་མིན༎
བོད་སོག་ལས་ཁུངས་བརྒྱུད་པའི་ལྐོག་རྔན་རྣམས༎
ལེན་དང་མི་ལེན་ཁྱེད་རང་འདོད་པ་གྱིས༎
༡༡.  ཤིས་བརྗོད་ཀྱིས་འགོག་པ། དགག་བྱ་དེ་ཉིད་ཚིག་གི་ངོ་གདོང་ནས་མ་བཀག་པར་མ་ཟད་དེ་ཉིད་འགྲུབ་པའི་སྨོན་ལམ་བཏབ་པའི་ཟོལ་གྱིས་དོན་ལ་འགོག་པར་བྱེད་པའི་རྒྱན།
གྲོགས་ཁྱོད་སྐྲ་སེར་བུ་མོའི་ལང་ཚོ་ལ༎
སྤྱོད་པར་འདོད་ན་དེ་བཞིན་འགྲུབ་གྱུར་ཅིག །
ཕྱིས་ནས་ཨེ་ཚི་ན་ཚས་གྲོངས་པའི་སྐབས༎
དག་པའི་ཞིང་དུ་སྐྱེ་བའི་སྨོན་ལམ་ཞུ༎
༡༡.  རྩུབ་མོས་འགོག་པ། དགག་བྱ་དེ་ཉིད་འགོག་བྱེད་རྩུབ་མོའི་ཚིག་གཅིག་ལ་བརྟེན་ནས་ཤུགས་ལ་འགོག་པའི་རྒྱན།
བཟང་ངན་མི་འབྱེད་སློབ་མའི་ཐ་ཤལ་ཁྱོད༎
ཤེས་ཡོན་སློབ་པའི་དགེ་རྒན་གཞན་ཞིག་འཚོལ༎
ཁྱོད་ཀྱི་ཁ་ནས་འཐུལ་བའི་ཆང་དྲི་འདིས༎
ཞེན་པའི་འཆིང་ཐག་ཆད་སོང་སློབ་མ་ལགས༎
༡༣.  གྲོགས་ཀྱིས་འགོག་པ། དགག་བྱ་དེ་ཉིད་འགོག་རྒྱུ་བཞག་ནས་ད་དུང་དེ་ཉིད་སྒྲུབ་པ་ལ་གྲོགས་བྱེད་པའི་ཟོལ་གྱིས་དོན་ལ་འགོག་པའི་རྒྱན།
ཧིན་སྒོར་འབུམ་ཕྲག་སྤྲོད་ནས་ཨ་རི་ལ༎
ཕེབས་པར་འདོད་ན་གང་མགྱོགས་ལྡི་ལིར་སོང་༎
ཕྱིས་ནས་མི་ཚོང་རྒྱག་མཁན་ཉེན་རྟོག་པས༎
བཟུང་ན་ཁྱོད་ཀྱི་རེ་བ་བརླག་པར་ངེས༎
༡༤.   འབད་པས་འགོག་པ། དགག་བྱ་དེ་ཉིད་མི་འགོག་པའི་ཐབས་ལ་བརྩོན་པར་བྱས་ཀྱང་རང་དབང་མེད་པ་འགོག་བྱེད་ཁ་ནས་ཤོར་སོང་བ་ལྟར་བསྟན་པའི་རྒྱན།
འཛིན་གྲྭ་ཚོགས་དུས་ཉལ་ནས་བཞུགས་མཛོད་ཅེས༎
སྐུ་ཉིད་དགའ་བའི་གཏམ་འདི་སྨྲ་དགོས་མོད༎
ཡིག་ཚད་ཧྥེ་ལི་དོན་ན་ངོ་ཚ་ཞེས༎
སྙན་པོ་མེད་པའི་གཏམ་འདི་ཁ་ནས་ཤོར༎
༡༥.  གཞན་དབང་གིས་འགོག་པ། དགག་བྱ་དེ་ཉིད་རང་ངོས་ནས་འགོག་པར་མི་འདོད་ཀྱང་གཞན་དབང་གིས་དགག་པའི་ཟོལ་གྱིས་དོན་ལ་འགོག་པར་བྱེད་པའི་རྒྱན།
ཡུན་རིང་མཉམ་གཤིབ་བྱས་པའི་སློབ་གྲོགས་ལགས༎
སྐུ་ཉིད་ཆང་དང་ཨ་རག་བཏུང་འདོད་ན༎
མཐོ་སློབ་ཆེན་མོའི་སྒྲིག་གཞི་ཡིག་ཆའི་ནང་༎
དམིགས་བསལ་ཡོད་ན་ངས་ཀྱང་དེ་བཞིན་བྱེད༎
༡༦.  ཐབས་ཀྱིས་འགོག་པ། སྒྲུབ་དཀའ་བའམ་འགྲུབ་ཐབས་མེད་པའི་འགོག་བྱེད་ཅིག་བཀོད་ནས་དེས་དགག་བྱ་དེ་ཉིད་ཤུགས་ལ་འགོག་པར་བྱེད་པའི་རྒྱན།
མཛའ་བའི་གསེར་ཐག་ནམ་ཡང་མི་གློད་པའི༎
སྙིང་སྡུག་ཁྱོད་ཉིད་གཞན་དུ་ཕེབས་བཞེད་ན༎
སྔོན་པོ་ལྕགས་ལས་གྲུབ་པའི་སྐྲ་གྲི་འདིས༎
ཁོ་མོའི་སྐེ་རྩ་སྔོན་ལ་གཏུབ་པར་མཛོད༎
༡༧.  ཁྲོ་བོས་འགོག་པ། དགག་བྱ་གང་ཞིག་བཟུང་བ་དེ་འགོག་བྱེད་ཁྲོ་བོའི་ཟོལ་གྱིས་ཤུགས་ལ་འགོག་པའི་རྒྱན།
ཟ་ཉལ་གཏོང་གསུམ་འཁོར་ལོ་བསྐོར་བྱས་ཏེ༎
འཛིན་གྲྭ་རྩ་བཞིན་སྤངས་ནས་ལོ་ཕྱེད་ཕྱིན༎
ད་ཀོ་རྒྱུགས་སྤྲོད་སང་ཉིན་སླེབས་ཉེ་སྐབས༎
བརྩོན་པས་བསླབས་དང་མ་བསླབས་ཁྱད་པར་ཅི༎
༡༨.  མྱ་ངན་གྱིས་འགོག་པ། སྒྲུབ་འོས་པའི་བྱ་བ་ཞིག་ཡིད་སྐྱོ་དགོས་པའི་གནས་བབ་གང་ཞིག་གི་འོག་ནས་བསྒྲུབ་རྒྱུའི་གོ་སྐབས་བྱུང་བ་དགག་བྱ་བྱས་ནས་དེ་ཉིད་མྱ་ངན་གྱི་ཟོལ་གྱིས་འགོག་པའི་རྒྱན།
སྙིང་སྡུག་མཛའ་བོས་སློང་ཆང་མ་གཏོང་གོང་༎
གཉེན་སྒྲིག་རྟེན་འབྲེལ་མཛད་སྒོ་མ་བྱས་གོང་༎
ལྷོད་མེད་བརྩེ་དུང་ཟབ་པའི་ན་ཆུང་དེ༎
བརྩེ་མེད་ཇག་པས་བཙན་གཡེམས་བྱས་འདི་སྐྱོ༎
༡༩.  འགྱོད་པས་འགོག་པ། བྱེད་འོས་པའི་བྱ་བ་ཞིག་བྱེད་རྒྱུ་བྱུང་བ་དགག་བྱ་བྱས་ནས་དེ་ཉིད་འགྱོད་པའི་ཟོལ་གྱིས་འགོག་པའི་རྒྱན།
འཛིན་གྲྭ་ཚོགས་དུས་སློབ་ཁྲིད་མ་ཉན་ཞིང་༎
རང་སྦྱོང་དུས་སུ་སློབ་ཚན་མ་བསླབ་པར༎
ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་ལ༎
སྒོ་ངའི་གསོལ་སྟོན་གཤོམ་དུས་གཞི་ནས་འགྱོད༎
༢༠.  ཐེ་ཚོམ་གྱིས་འགོག་པ། ཐེ་ཚོམ་པའི་གཞི་གཉིས་ལས་གཅིག་ཤོས་དགག་བྱ་བཟུང་ནས་དེ་ཉིད་རྒྱུ་མཚན་གང་ཡང་རུང་བ་ཞིག་གིས་འགོག་པར་བྱེད་པའི་རྒྱན།
ཅི་འདི་ནོར་འཛོམས་མཛེས་མའི་རྣམ་འགྱུར་རམ༎
ཡང་ན་ཀ་ཏི་རེ་ནའི་སྒེག་ཉམས་ཏེ༎
སྲབ་འཇམ་བོད་ཀྱི་ཕྱུ་པ་གྱོན་པའི་ཕྱིར༎
གློག་བརྙན་ནང་གི་ཀ་ཏི་རི་ན་མིན༎
༢༡.  སྦྱར་བས་འགོག་པ། སྦྱར་ཆོས་ཐུན་མོང་དུ་ཡོད་པའི་སྦྱར་གཞི་གཉིས་ལས་གཅིག་ཤོས་འགོག་པར་བྱེད་པའི་རྒྱན།
ཟ་ལ་དགའ་ཞིང་ཉལ་ལ་སྤྲོ་བ་དང་༎
སྐུ་གཟུགས་རྒྱག་ཅིང་སྐུ་ཤ་དཀར་བ་ཡི༎
སྙིང་སྡུག་གསོ་ཕག་དཀར་མོ་འདི་ཡོད་བཞིན༎
གསང་མདོའི་ཕག་འཁྱམ་འཚོལ་ནས་ཅི་ཞིག་བྱ༎
༢༢.  དོན་གཞན་འགོག་པ། དགག་བྱ་དེ་ཉིད་འགོག་བྱེད་དོན་གཞན་སྒྲུབ་བྱེད་ནུས་པ་ཅན་ཞིག་བཀོད་པའི་རྒྱན།
གྲོགས་ཁྱོད་ཟ་འཐུང་ཉལ་བའི་བྱ་སྤྱོད་ལ༎
ཚིམ་པ་མེད་པའི་ཚུལ་འདི་ཅི་ཞིག་ལགས༎
འོན་ཀྱང་གསོ་ཕག་རྒྱག་པ་འདི་ཉིད་ཀྱང་༎
ཟ་འཐུང་ཉལ་བའི་སྤྱོད་པ་སྐྱོང་འདིར་ལྟོས༎
༢༣.  རྒྱུས་འགོག་པ། བསྟོད་སྨད་ཅི་རིགས་པའི་བྱ་སྤྱོད་ཅིག་དགག་བྱར་བཟུང་ནས་དེ་ཉིད་རང་དང་འཚམ་པའི་རྒྱུ་མཚན་ཞིག་ལ་བརྟེན་ནས་འགོག་པའི་རྒྱན།
ཁྱོད་ཀྱི་བརྩེ་བའི་སྤྱན་ཞགས་ཁོ་བོ་ལ༎
འཕེན་གནང་མཛད་པར་ཐུགས་ཆེ་མི་ཞུ་སྟེ༎
བདག་གི་མཚན་སྙན་བསླབ་སྡོམ་བཅས་པ་ཀུན༎
བློས་བཏང་བྱས་པའི་འབྲས་བུ་ཡིན་པའི་ཕྱིར༎


སྙན་ངག་ལེའུ་བར་བའི་རྒྱན་འགའ་ཞིག་གི་དཔེ་བརྗོད་འདི་ནི། སྤྱི་ལོ ༢༠༡༢ ལོའི་དབུ་མ་ལོ་རིམ་བཞི་པའི་སློབ་མ་ཚོར་[2012/10/17—2013/4/29]སྙན་ངག་ཟུར་ཁྲིད་སྐབས་དཀར་པང་ཐོག་བྲིས་པའི་ཐོལ་བྱུང་གི་གོ་དོན་དང་དཔེར་བརྗོད་འགའ་ཞིག་སློབ་མ་རྣམས་ཀྱི་འབྲི་དེབ་ལས་རེ་རེ་བཞིན། ཁོ་བོའི་ལས་དྲུང་སྐད་ཡིག་བཞི་ལྡན་གྱི་ལོ་ཙྪ་བ་ཟླ་བ་ལྷ་སས་གློག་ཀླད་དུ་འཇུག་གནང་མཛད་པ་འདི་བཞིན། དུས་དེབ་ཐོག་འགོད་ན་དེ་གའི་སློབ་མ་དང་ཡང་སློབ་ཚོར་ཕན་ཐོག་ཅུང་ཟད་ཡོང་རེ་བྱས་ནས་ཕུལ་བ་ཡིན། ད་དུང་ཡང་བསྐྱར་ཞུ་དག་གནང་རོགས། འདི་ནས་གློག་ཡིག་ཙམ་ལ་ཞུ་དག་སོང་བ་ལས། ཤོག་ཐོག་ཕབ་ནས་ཞུ་དག་བྱེད་ལོང་མ་བྱུང་བས་དེ་ལུགས་མཁྱེན། དགེ་མིང་ཟུར་ཙམ་འདྲེན་པ་བེ་རི་འཇིགས་མེད་ཀྱིས་གནས་མཆོག་དྲང་སྲོང་ལྷུང་བའི་ནགས་འདབས་ཝཱ་ར་ཎཱ་སི་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་རང་ཤག་ནས་ཕུལ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།