WedJunWed2020

སྤེལ་དུས་མཐའ་མ།03:57:53 AM GMT

རྩོམ་གསར།:

༢༠༡༤ལོའི་སྒོ་དམར་བསྟན་འཛིན་གྱི་སྙན་ཚོམ།

མཁའ་ན་སྤྲིན་དཀར་ལང་ལོང་།། ས་ན་ཉི་འོད་ལམ་ལམ།།

གློ་རྡེག་ལ་ཁ་རུ་ཁ་ཐུག་ཏུ་སོང་།

མདང་ནུབ་ཆར་ཞིག་བབས་ཏེ་རི་བོར་ཁྲུས་ཤིག་གནངས་འདུག།
སྤྲིན་པ་ཉི་མར་འཁྱུད་དེ་ནམ་མཁའི་མཐོངས་ན་གཡོ་འདུག།
ས་གཞིར་ཉི་འོད་འཁྱིལ་ཞིང་གེ་སར་འཛུམ་མདངས་གྲོལ་བས།།
ད་ནི་འཛིན་མའི་ལང་ཚོ་སྟེང་ཕྱོགས་དཔལ་ལ་འགྲན་བྱུང་།།


རང་གིས་བཙལ་བ་མིན་རུང་ལས་ཀྱིས་བསྐོས་པ་ཡིན་འགྲོ།
ལས་ཀྱིས་བསྐོས་པ་མིན་རུང་སྟེས་པའི་དབང་གིས་ཡིན་སོང་།།
ལྷ་ཡི་སྲས་ལས་ལྷག་ཅིང་ཀླུ་ཡུལ་ཀླུ་ལས་མཛེས་པ།།
ཨེ་མ་དེ་རིང་འདི་ནས་ཁ་རུ་ཁ་ཐུག་རེད་སོང་།།

སྙིང་ལ་བརྐོས་པ་མ་ཡིན་ག་ལེར་སིམ་པ་ཡིན་སོང་།།
དུངས་སེམས་བཏང་བ་མ་ཡིན་དབང་མེད་ཤོར་བ་ཡིན་སོང་།།
འདོད་པའི་ཁམས་སུ་སྐྱེས་ན་འདོད་པ་གཤིས་སུ་གྲུབ་པ།།
ལྷ་ཡིས་གསུངས་པ་ཡིན་ལ་རང་གི་མྱོང་བས་གྲུབ་སོང་།།

མཐོ་བ་དཔོན་ཆེན་དག་དང་དམའ་བ་སྤྲང་བོ་ཐམས་ཅད།།
འདོད་པའི་སླད་དུ་རྒྱུག་ལ་འདོད་པ་དང་དུ་བླངས་ཡོད།།
འོན་ཏེ་སེམས་གཤིས་དབང་གིས་འདོད་པ་མ་འདྲ་ཙམ་ལས།།
ཀུན་ཀྱང་འདོད་པ་རེད་ལ་ཐམས་ཅད་འདོད་པའི་དོན་རེད།།

རྨི་ལམ་གཏོང་སྟངས་མིན་ལ་མངོན་སུམ་མཇལ་ཚུལ་རེད་བཞག།
གཟས་ཏེ་བཙལ་བ་མིན་ལ་འགྲོ་བའི་ལམ་ཁ་རེད་བཞག།
ཤེས་ལ་མ་ཤེས་བར་ནས་འདི་ལྟར་མཇལ་རྒྱུ་བྱུང་ན།།
དྲང་སྲོང་རྒན་པོ་ཡིན་ཡང་ཏིང་འཛིན་ཅུང་ཙམ་ལོས་སྐྱོམ།།

ཨེ་མ་སྐལ་བཟང་ཟེར་བ་འདི་འདྲར་ཟེར་བ་མིན་ནམ།།
ཨེ་མ་ལས་འཕྲོ་ཟེར་བ་འདི་འདྲར་ཟེར་བ་མིན་ནམ།།
རྨི་ལམ་བཞིན་དུ་ཡིན་ཡང་རྨི་ལམ་ཉིད་ལས་འགོངས་པ།།
མངོན་སུམ་ཉིད་དུ་གྲུབ་ཀྱང་མངོན་སུམ་ཡིན་པར་མ་མཐོང་།།

འདི་ནི་ཆོས་ཉིད་ཡིན་ལ་འདི་ནི་བདེན་པ་རེད་འདུག།
བརྒྱ་ལ་སྨོད་པ་བྱས་ཤིང་གང་འདོད་རྒོལ་བ་བྱས་ན།།
དོན་དུ་སྨྱོན་པ་རེད་ལ་ལོག་རྟོག་སྐྱེས་པ་རེད་བཞག།
བརྒྱ་ལ་སྨྱོན་པ་མིན་ཡང་མགོ་ཡུ་འཁོར་བ་རེད་བཞག།

མཚམས་སྤྲིན་རི་བོར་དཀྲིས་ཏེ་མུན་པ་འཐིབ་ལ་ཁད་ཅིག།
ལྗོན་ལོར་ཟིལ་ཐིགས་ཕོག་སྟེ་ཟིལ་བ་ལྷུང་ལ་ཁད་ཅིག།
ཁྲོམ་ཆེན་མི་ཚོགས་འཁྲིགས་ཏེ་ཁྲོམ་པ་དགད་ལ་ཁད་ཅིག།
མི་མོ་སེམས་ལ་སྒོམ་སྟེ་ཁེར་རྐྱང་ལོག་ལ་ཁད་ཅིག།
༢༠༡༤/༦/༡༦ལ།

རེབ་གོང་གི་ས་སྲོད།

ཉི་འོད་མཁའ་མཐའི་རི་ལ་བསྙེས།།
གྲིབ་ནག་ས་གཞིར་ཁེབས་པར་བྱས།།
ལྷུང་ལྷུང་བཞུར་བའི་དགུ་ཆུ་དེས།།
ང་ལ་དལ་གྱིས་གདངས་ཤིག་དཀྲོལ།།

༼རྨུ་ཐག་ཇ་ཁང་༽དབྱིངས་སུ་འཁྱིལ།།
རེབ་གོང་སྟོད་སྨད་ཕང་བར་ཟིན།།
ལྷགས་རླུང་ལྡང་བའི་སོ་ཁ་ན།།
ང་རང་འདར་གྱིན་ཇ་ཞིག་བཏུངས།།

ལྗོན་ཤིང་དག་དང་བླ་བྲེའི་ཚོགས།།
དབང་མེད་བྲོ་གར་སྣ་ཚོགས་འཁྲོབ།།
མགོ་སེར་བ་དང་དགྱ་ནག་པ།།
ཁོ་བོའི་གམ་དུ་འཚང་ནས་གདའ།།

ཨ་ལ་དེ་རིང་སྐྱིད་པ་ལ།།
ཨ་ལ་དེ་རིང་སྐྱོ་བ་ལ།།
ཕ་ཡུལ་རེབ་གོང་མཐོངས་ཀ་ནས།།
དགའ་སྐྱོ་གཉིས་ཀྱི་གཏམ་རྒྱུད་བཏུས།།

རོང་བོ་དགོན་ཆེན་སེར་ལམ་ལམ།།
དགུ་འདུས་ཆུ་བོའི་རླབས་འཁྱུག་འཁྱུག།
བྱ་ཁྱུང་རྫ་རི་སྨུག་སེ་སྨུག།
བརྩེ་དུངས་ཟམ་ཆེན་ཀྲིག་སེ་ཀྲིག།

སྟག་ལུང་རི་བོའི་ཉེ་འདབས་ནས།།
ང་ཡིས་རྨི་ལམ་སྣ་ཚོགས་རྨིས།།
རྨི་ལམ་མང་བོའི་བར་ཀློང་ནས།།
རེབ་གོང་ཡུལ་ལ་བྲང་ཁ་གླན།།
ཧོར་ཟླ་དྲུག་པའི་ཟླ་སྨད་ཅིག་ལ་ཕ་ཡུལ་རེབ་གོང་དུ།

དཔྱིད་མགོ་མ་ཚེས་དུས།

དབྱར་ཟླ་བཞི་བ་ཚེས་ནས།།
ཆར་བ་ཤག་ཤག་འཇོ་བ།།
མཁའ་ན་སྤྲིན་དཀར་ལང་ལོང་།།
ས་ན་ཉི་འོད་ལམ་ལམ།།

དབྱར་ཟླ་མགོ་མ་འདི་ལ།།
སྐྱིད་ཅིག་ཨེ་ཡོང་བསམས་ཡོད།།
སྐྱིད་ཅིག་ག་ནས་ག་ནས།།
སྡུག་གི་འབྲུག་སྒྲ་སྒྲོག་གི།

འཇིག་རྟེན་ཁམས་ནི་སྡུག་རེད།།
དབྱར་ཟླ་ཚེས་ནའང་སྡུག་རེད།།
སྡུག་གི་མཚོ་མོའི་དཀྱིལ་ན།།
མེ་ཏོག་རྐང་གཅིག་གཡོ་བ།།

ཉི་མ་ཤར་ཏེ་ནུབ་པ།།
ཟླ་བ་མངོན་ནས་ཡིབ་པ།།
ཉིན་མཚན་གྲངས་མེད་བར་ན།།
མེ་ཏོག་འཛུམ་ཞིང་འཛུམ་པ།།

དཔྱིད་མགོར་མེ་ཏོག་མང་བ།།
ཁ་མདོག་སྣ་ཚོགས་བཀྲ་བ།།
མུན་པའི་ཀློང་གི་མེ་ོཏོག།
ང་ལ་བལྟས་ནས་དགོད་པ།།

ལྗང་མྱུག་ས་གཞིར་ཁེབས་པ།།
བདེ་དགའ་དཔག་མེད་མངོན་པ།།
རྨི་ལམ་ནང་གི་མེ་ཏོག།
ང་ཡི་གཤེད་དུ་ལངས་པ།།

མེ་ཏོག་བསྒུགས་ཤིང་སྒུག་པ།།
སེམས་མདུད་དམ་དུ་ཕྱིན་པ།།
ཁངས་ཆར་འདྲེས་མའི་ཀློང་ན།།
མེ་ཏོག་རྙིད་ནས་སྡོད་པ།།

ཁ་བ་བབས་ན་གཅིག་རེད།།
མུན་པ་འཐིབས་ན་གཉིས་རེད།།
རླུང་ནག་འཚུབས་ན་གསུམ་རེད།།
སྡུག་བསྔལ་མང་ནས་མང་རེད།།

མེ་ཏོག་དགོད་ཅིང་དགོད་པ།།
རྨི་ལམ་ཁོང་ན་དགོད་པ།།
ཡུན་རིང་དགོད་ཀྱིན་དགོད་ཀྱིན།།
སེམས་ཀྱི་གཏིང་ལ་བརྐོས་པ།།
༢༠༡༤/༥/༡ལ།

བླ་བྲང་གི་ནུབ་མཐའ་ན།

བླ་བྲང་གི་ནུབ་མཐའ་ན།
ཉི་ཟེར་མཚམས་སྤྲིན་དང་བསྡོངས་ཏེ་འཚེར།
སྐར་མའི་ཚོགས་ཀྱིས་འཇམ་ཅག་གེར་མུན་པ་ཞིག་འཁྱེར་ཏེ།
ངའི་རྨི་ལམ་ཡང་དང་བསྐྱར་དུ་བསྒྲིབས།
ནུབ་མཁའི་རི་བོར་འཁྱུད་པའི་ཉི་ཟེར་དེས།
ང་དང་ངའི་ཨ་མའི་སེམས་པ་དཀྲོག་གིན་གདའ།

བླ་བྲང་གི་མྱི་ཚོགས་དེས།
བླ་བྲང་དགོན་པའི་ལྷིང་འཇགས་རྒུམ་ཞིང་།
བླ་བྲང་གི་བཙུན་པ་ཚོའི་ཏིང་འཛིན་དཀྲོགས།
བླ་བྲང་གི་མྱི་ཚོགས་དེས།
དུས་རྒྱུན་གླིང་བསྐོར་ལ་ཕེབས་པའི་རྨོ་མོ་དེའི།
བགྲོད་ལམ་བཀག་ཅིང་། བགྲོད་ལམ་འཕྲོགས།

རྔམ་བརྗིད་གྱིས་འགྱིང་བའི་ཚོགས་ཆེན་འདུ་ཁང་།
སྐད་རིགས་འདྲ་མིན་གྱི་ཀློང་དུ།
འཇམ་ཅག་གེར། ཁུ་སིམ་མེར།
འགྲོན་པོ་རེ་རེའི་མིག་མདངས་ལ་ཅེར་བཞིན།
ཁ་རླངས་སྣ་ཚོགས་ལ་བཟོད་ཐབས་བྲལ་ཏེ་བཞུགས།
དེ་དུས་སུ།
དེ་དུས་སུ་ངུར་སྨྲིག་གོས་ཀྱིས་བཀླུབས་པའི་རྡོ་གཅལ་ཐང་།
དུས་ད་ལྟར་བསིལ་གདུགས་སྣ་ཚོགས་ཀྱི་ཁ་མདོག་ངོམ་པའི་སྟེགས་བུ་ཞིག

བཙུན་པ་བགྲེས་པོ་ཞིག་གི་རྨི་ལམ་དེ།
ཡང་ན་སེམས་པ་དེ།
བླ་བྲང་དགོན་པའི་ནུབ་མཐའ་ན་འཕྱོ་ཞིང་།
རྒན་པོ་ལོ་ལོན་དག་གི་རྐང་རྗེས་དེ་དག
བླ་བྲང་དགོན་པའི་བསྐོར་ལམ་ན་མག་མོག་ཏུ་གྱུར་འདུག

དགོན་པའི་བསྐོར་མཐའ་ཡི་མ་ཎིའི་འཁོར་ལོ་དག
བསམ་བཞིན་དང་བསམ་བཞིན་མ་ཡིན་པར་གཡོན་དུ་འཁོར་ཞིང་།
གུང་ཐང་མཆོད་རྟེན་གྱི་བང་རིམ་རེ་རེ་ན།
གནག་སྣུམ་གྱི་སྐྲ་ལོའི་ལན་བུ་རེ་རེ་རླུང་གིས་བསྐྱོད།
ཧ་ཅང་མཛེས་པའི་བླ་བྲང་གི་མདུན་རིའི་ངོས་སུ།
ང་དང་མིང་སྲིང་ཚོའི་རྨི་ལམ་འཕུར་ཞིང་།
ག་ནས་སླེབས་པ་མི་ཤེས་པའི་ཕོ་མོ་དག་གི་དགོད་སྒྲ་དེས།
ང་དང་ཨ་མ་ལགས་ཀྱི་སྨོན་ལམ་ལ་ཞེད་སྣང་བསྐུར།
ཨ་ཨ། བླ་བྲང་། གཡས་སུ་འཁྱིལ་བའི་ཆོས་སྡེ་ཆེན་པོ་ཡ།
ཧོར་ཟླ་བདུན་པར་བླ་བྲང་ནས་སེམས་སུ་སྦྲུམ་ཞིང་ཕྱིས་སུ་ཡི་གེར་ཕབ།


དངོས་མིང་། དགེ་འདུན་བསྟན་འཛིན། སྨྱུག་མིང་། སྒོ་དམར་བསྟན་འཛིན། ཕ་ཡུལ། རེབ་གོང་།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།