SatAugSat2017

སྤེལ་དུས་མཐའ་མ།05:18:50 AM GMT

རྩོམ་གསར།:

༢༠༡༤ལོའི་རྩེ་སྨིན་གྲོལ་གྱི་སྙན་ཚོམ།

མིག་འོད་ཁྱོད་ལ་ཕྱོགས་པ། ། བཙུན་པའི་གསང་བ་མིན་འགྲོ།།

རྒྱང་འབོད།

གནས་རྒྱང་རིང་ལྷོ་མཐའི་རི་སུལ་དེར། །
བྱམས་སྙིང་རྗེ་ཅན་གྱི་བླ་མ་བཞུགས། །
ཡུལ་ཕ་ཁྱིམ་དཀར་བོ་ཞལ་གྱེས་ནས།།
ལོ་ལྔ་བཅུ་རྩ་གྲངས་འདས་ཏེ་ཐལ། །


དབུའི་སྐྲ་ལོ་དུང་ལྟར་དཀར་སིང་ངེ་། །
གསུང་མ་འགག་འགྲོ་དོན་གླེང་ཞོར་དུ།།
ཐུགས་སྐུ་ལུས་བདེ་བའི་ངང་ཚུལ་དེ། །
ངས་གསར་ལམ་ཁག་ཏུ་མཐོང་ན་དྲན།།

རྒྱ་དཀར་ནག་གཉིས་ཀྱི་འདྲེས་མཚམས་ན།།
ཁྱེད་མཇལ་འདོད་གཞིས་པ་ས་ཡ་དྲུག །
ཕྱི་ལུས་སེམས་ཤ་ཟད་རུས་ཐུག་ཀྱང་། །
མིག་མཆི་མ་ཤལ་ལེར་བསྒུགས་ནས་ཡོད། །

ལུས་མ་རྒས་གསུང་སྙན་མ་འགག་ཅིང་། །
ཐུགས་གསལ་བའི་ངང་དུ་མྱུར་བྱོན་ཞུ། །
ངེད་འགྲོ་བའི་ཕྱི་རབས་གཞོན་སྐྱེས་ཚོས། །
རེ་ཁྱེད་ལ་བཅོལ་ཏེ་འཕག་གིན་ཡོད། །

དགོས་ངོ་མ་གངས་ཅན་ཕྱི་རབས་པའི། །
སེམས་ལུས་ངག་གཏད་ས་ཁྱེད་རང་ཡིན།།
རྗེ་བླ་མའི་སྐུ་གཟུགས་མཇལ་བ་དང་། །
གསུང་ཐོས་ཏེ་བྱམས་བརྩེ་མྱང་ན་བསམ།།

རི་གངས་ཅན་པ་ཡི་རེ་བཞག་ཀུན།། །
དེར་འཚོགས་པ་ཀུན་གྱི་ཁ་བཤད་མིན།།
དོན་སྙིང་བོ་ཁྱེད་ཞལ་མྱུར་མཇལ་ཏེ། །
འཆི་ཐུབ་པའི་སྨོན་ལམ་དེ་ཀ་ཙམ། །

ངར་མི་དགོས་རང་བཙན་རྩོད་ཉོག་ཅན། །
ངར་མི་དགོས་ལམ་ལུགས་འགྲེལ་བཤད་ཅན།།
ངར་དགོས་པ་ལྷན་འཛོམས་བདེ་སྐྱིད་ཡིན།།
ངར་དགོས་པ་མགོན་ཁྱེད་ཞབས་བརྟན་ཡིན།།

བོད་བཙན་པོས་དགྲ་ལ་འཐབ་ཚུལ་ནས། །
རྒྱ་བོད་སོག་ཁེར་མགོ་ཡིན་ཚུལ་སོགས། །
སྐད་འགག་རེག་བར་དུ་བཤད་ན་ཡང་། །
དོན་དམ་པར་སོག་པོས་གཅིག་གྱུར་བྱས།།

ལོ་འཁོར་ནས་དུས་ཚོད་འགྱངས་པ་དང་།།
མདོ་མེད་ཚོའི་ཁ་འཁྲུག་དེ་ཙམ་པས། །
ཚིག་ཤོར་བའི་ལོ་རྒྱུས་བསྒྱུར་དཀའ་བས།།
ངའི་བླ་མའི་བྱང་སེམས་གཤོག་རུ་རྐྱོངས། །

འདིར་ཉམ་ཐག་རྒན་རྒོན་མིག་མཐའི་ཆུ། །
ལྷོ་གང་གའི་གཞུང་ལ་འདྲེས་ནས་ཡོད། །
ཐུགས་བྱམས་བརྩེ་ཅན་གྱི་བླ་མ་ལགས། །
ཐབས་ཤེས་རབ་རྩལ་གྱིས་མྱུར་དུ་བྱོན། །

ཁ་བཤད་པ་མཁན་ཚོར་གསན་པ་ལས། །
སེམས་དད་པ་ཅན་ཚོར་གཟིགས་རན་འདུག།
བོད་ཕྱོགས་ཁ་གསུམ་པོའི་ལས་དབང་འདི།།
ཕར་ཆ་རྐྱེན་བཏོན་ནས་སྐྱོབ་ཐུབ་དཀའ། །

དོན་དེ་ཕྱིར་བླ་སྤྲུལ་འཁོར་དང་བཅས། །
ལྷོ་སྤྲིན་དཀར་གདན་དུ་བྱས་ཏེ་ཕེབས། །
ངེད་རྒྱ་བོད་སོག་གསུམ་དད་ལྡན་རྣམས། །
བྲང་གློ་སྙིང་ཁྱེད་ལ་བཅོལ་ནས་ཡོད། །

གངས་མཐོན་པོ་ཤེལ་གྱི་མཆོད་རྟེན་ཡོད།།
མཚོ་དམའ་མོ་གཡུ་ཡི་མེ་ལོང་ཡོད། །
སྤང་སེར་བོ་གསེར་གྱི་མཎ་ཌལ་ཡོད། །
ཆུ་གཙང་བོ་དངུལ་དཀར་པ་ཏྲ་ཡོད། །

རྫ་བྲག་དམར་མཆོང་གི་གུར་ཁང་ཡོད། །
ནགས་ལྗོན་ཚལ་དྲི་བསུང་འཐུལ་བ་ཡོད།།
གསེར་རིན་ཆེན་རང་བྱུང་གཏེར་ཁ་ཡོད། །
ཟོག་གཅན་གཟན་རི་དྭཊ་གཡུང་དྭཊ་ཡོད།།

ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས།།
གནས་འདི་ན་ཁྱེད་ཀྱི་གདུལ་བྱ་ཡོད། །
བྱམས་བརྩེ་བ་སྒོམ་པའི་དུས་ལ་བབ། །
ཞལ་མྱུར་དུ་མཇལ་བའི་སྨོན་ལམ་འདེབས།།
༢༠༡༤།༠༧།༠༦ ཉིན་མདོ་སྟོད་ལི་ཐང་གི་སའི་ཆར་བྲིས།

གནམ་གྱི་དགུ་ཚིགས་ཉུལ་བ།

དེ་རིང་གནམ་ངོ་འཐིབས་པས་འཕུར་ལམ་མེད་ཟེར།།
ཡི་དྭགས་ཟས་ཀྱི་མགྲོན་བསུ་སྐྱོ་བོ་སླེབས་བྱུང་། །
ཟླ་བའི་གཙང་ངོགས་འགྲིམ་པའི་དོ་ནུབ་འདི་ལ། །
རྒྱང་མགྲོན་གང་མང་སུན་པས་བཟི་བོ་ཆགས་འདུག།

སྤྲིན་དཀར་དུམ་བུར་རལ་བའི་གདན་གྱི་སྟེང་དུ། །
ལྡིང་སྐོར་རྒྱག་པའི་སེམས་ཀྱི་འཇིགས་སྣང་ཚ་བོ།།
མི་མངོན་དབྱིངས་སུ་བཀག་པའི་གོ་སྐབས་དེ་ནི། །
དོ་ནུབ་མཚན་འགྲུལ་ངོཊ་ནས་ཕར་ལ་བསྐྱལ་བ།།

སྤྲིན་གྱི་མཛེས་པ་བྲལ་བའི་གནམ་མཐའི་སྐར་རྒྱན།།
སྒོར་མོར་འཁྱིལ་བའི་ཤེལ་མིག་དག་ལས་མཐོང་ན།།
འཁོར་འདས་རི་སུལ་འགྲིམ་པའི་འགྲོ་བ་ཡོངས་ལ།།
གསང་མིག་ཅེར་བའི་སྣང་ཚུལ་ཡི་གར་འོང་ངོ། །

ལན་རེར་སྨུག་སྤྲིན་འཕྱུར་བའི་ལྡིང་ཀ་མཛེས་པོ། །
རི་རྩེར་ལྷུང་བར་དོགས་ཏེ་གང་སར་འཕུར་འདྲ། །
གནམ་ས་གླལ་བའི་ཁྱོན་གྱི་བར་སྣང་དོག་པོ། །
རྒྱང་གི་འཇིག་རྟེན་དེ་ནས་ཚུར་ལ་འཚེར་ཡོང་། །

འཁྲིས་ཀྱི་སྒེའུ་ཁུང་ཟུར་ལས་ཅི་ཡང་མཐོང་བའི།།
གནམ་གྱི་འཕུར་སྟངས་དེས་ནི་ཞེད་སྣང་སྟེར་མོད།།
དེ་རིང་མཚན་སྨག་འཕྱུར་བའི་ཁུགས་སོ་དག་ཏུ། །
ཐར་ཐོར་སྤྲིན་ཕུང་ལས་ནི་སྐར་ཕྲན་མཐོང་ཙམ།།

སྐྱོ་དང་གདུང་བ་འཐབ་པའི་འཚོ་བར་ཞེན་པའི། །
ཙི་ནའི་མི་རིགས་མང་བའི་འཁོར་སྒམ་ཧྲིལ་བོར།།
བྱུར་དམར་ཕྲ་རྒྱན་ལྟ་བུའི་བཙུན་པ་ཁེར་འགྲོ། །
ཡུད་ཙམ་ངག་རིག་དཔལ་ལ་དུངས་ཀ་འདི་ཙམ།།

རིགས་དྲུག་རྣམ་པར་དབྱེ་བའི་སྤྱི་གཙུག་འཁོར་ལོ།།
རྐང་སེན་གདན་དུ་ལེན་པའི་ཉམས་དང་སྣང་བས། །
གནམ་གྱི་དགུ་ཚིགས་བརྒྱུད་པའི་ཡུལ་སྐོར་འདི་ལ།།
རེ་བའི་དོན་སྙིང་མ་མཐོང་ངལ་བ་དགུ་བརྩེགས། །

སྐར་ཚོགས་ས་ལ་འཐོར་འདྲའི་ཟི་ལིང་གྲོང་ཁྱེར།།
མཛེས་དགུའི་ཕུད་དུ་སེམས་པའི་ལྡིང་སྐོར་དེ་ཡང་།།
རྨི་ལམ་གཞུང་གི་ནམ་དཀྱིལ་རལ་བོའི་ཁྲོད་ནས།།
སུན་སྣང་ཟོས་སུ་སྤྱད་པའི་གདུང་གླུ་སྐྱུར་བོ། །

རྨི་ལམ་དྲུང་ནས་སླེབས་པའི་མགྲོན་པོ་འདི་དག།
སྐྱིད་སྡུག་སྣོལ་མར་འཐབ་པ་འཁོར་བའི་རྒྱ་མཚོ།།
ཆགས་ཐོགས་ཞེན་པ་ཀུན་བྲལ་མྱི་ཆེན་ཁེར་འགྲོ།།
བརྩེ་བའི་རི་ལུང་འགྲིམ་བཞིན་ཁྱེད་ལ་འཁྲེང་ཡོད། །
༢༠༡༤ ༨ ༢༨ ཉིན།

ཞོགས་མགུར།

ནངས་སྔ་མོར་མཐོ་བའི་སྒེའུ་ཁུང་ལས། །
སེམས་མི་དལ་རྒྱང་ལ་གཟིགས་པའི་ཚེ། །
ལྷོ་རི་ཆེན་མཛེས་པའི་མགུལ་བ་དེར། །
སྤྲིན་དཀར་བོའི་དར་ཐག་དཀྲིས་ནས་ཡོད།།

ཤར་ཉི་གཞོན་འོད་ཀྱིས་རང་བྱུང་ཁམས། །
དྲོད་སེར་བོས་ཁྱབ་ཚུལ་མིག་ལ་ཐོགས། །
མདང་མཚན་ལ་བབས་པའི་ཆར་ཤུལ་གྱི།།
ནགས་གཡུ་ལོའི་མཛེས་པ་གང་སར་འཕྱུར། །

མཐོ་རི་ལྗོངས་མཛེས་པའི་སུལ་དག་ཏུ། །
བྱ་འདབ་ཆགས་མང་བོའི་གྲེ་འགྱུར་སྙན། །
ཆབ་ཆུ་བོ་འབབ་པའི་འགྲམ་ངོགས་ན། །
ལམ་སྐྱ་བོ་འདེད་པའི་མི་ཚོགས་འཁྲིགས།།

སེམས་ཚོར་ཤེས་འགྱུ་བའི་སྐད་ཅིག་མར། །
རིའི་ཤོད་ན་མཛེས་པའི་སྤྲིན་དཀར་དེས། །
ཆར་ཟིལ་མ་འཐོར་བའི་བརྩེ་འདང་བཅས། །
ངའི་མཐོང་ལམ་བཅད་དེ་མཁའ་ལ་འཕུར། །

ཕྱི་སྣོད་ཀྱི་འཇིག་རྟེན་ཡངས་ཤིང་ཆེ། །
ནང་བཅུད་ཀྱི་འགྲོ་ཀུན་ཉམ་ངས་མནར། །
ཡིད་ཆགས་སྡང་འཕེལ་བའི་ཁོར་ཡུག་དེ།།
ངའི་ཁ་དང་མིག་ལ་འཚངས་ནས་འོངས། །

ཆོས་རྟེན་འབྲེལ་རིག་པར་བློ་སྦྱངས་པའི། །
སྒོམ་རྟོགས་པ་མེད་པའི་མགོ་རེག་བདག །
སེམས་རྒྱང་ལ་ཤོར་བའི་བར་གསེང་ནས། །
རྗེ་བླ་མའི་མཛད་བཟང་ཡང་ཡང་དྲན། །

ཆོས་ཐམས་ཅད་ངོ་བོས་སྟོང་ན་ཡང་། །
མིང་བྱ་བྱེད་རྣམ་གཞག་ཚད་མས་གྲུབ། །
རྗེ་བླ་མ་མཆོག་གི་ལུགས་བཟང་འདིར། །
སེམས་གདེང་སྤོབས་ཆེ་བའི་མོས་གུས་མཐོ།།

མདང་ཆར་ཟིལ་འཛུམ་པའི་ལྗོན་ཚལ་དེས། །
རླུང་བསིལ་བ་སྟེར་བའི་ཉམས་སྣང་ཁྲོད། །
སེམས་ཏིང་འཛིན་ངང་ལ་སྙོམས་ཞུགས་ན།།
ངའི་དམིགས་མེད་བརྩེ་བ་ཕ་མཐའ་ཡས། །

གདོན་སྙིང་ལ་བབས་པའི་ལོག་རྟོག་དེས། །
ཆོས་སྟོང་བའི་དབྱིངས་ལ་ཁྲེལ་རྒོད་ཤོར། །
ཕྱི་སྣོད་བཅུད་འཁོར་འདས་རིག་པའི་ཆོས།།
གསལ་གྱི་ལེར་ཤར་འདིས་རང་སེམས་བསླུས།།

ལོ་ཟླ་བར་སྦྲེལ་ཏེ་འབད་འབུངས་བརྒྱས། །
མཐའ་འགྲུབ་ཐབས་མེད་པའི་སྲིད་པ་འདིར།།
དུས་སྙིགས་མ་ཟེར་བའི་འཕྲུལ་འཁོར་དེས། །
ལས་ཉོན་མོངས་དཀྲིགས་པར་ཨ་ཐང་ཆད། །

སེམས་འགོང་བོ་གདུག་པའི་ཁ་རླངས་ཅན།།
དུས་སྐད་ཅིག་ཙམ་ལའང་སྡོད་དཀའ་བར། །
གནས་ངེས་མེད་འཁོར་བའི་ཕུན་ཚོགས་ལ། །
ཞེ་འཁྲེངས་པའི་ཚུལ་འདིར་སྐྱོ་སྣང་འཕེལ། །

ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །
ཐུགས་བརྩེ་བ་དམ་པའི་ཆར་ཟིལ་གྱིས། །
གདོན་སྙིང་ལ་ཞུགས་པའི་འགྲོ་རྣམས་ཀྱི། །
རྒྱུད་རྟག་ཏུ་བརླན་པའི་སྨོན་ལམ་འདེབས། །
མི་ཉག་ཏུ་བྲིས།

རླུང་བུ།

རླུང་བུ་སིལ་སིལ་དཀྲོལ་བས། །
སེམས་པའི་རི་བོ་འགུལ་ཡོང་། །
འཛུམ་དཀར་ཞགས་པའི་སྣེ་ན། །
དབྱངས་ཀྱི་རི་མོ་འཁྱིལ་ཡོད། །

ཁྱོད་ལ་བརྩེ་བའི་དུངས་ཀ །
སྤྲིན་པ་ལྷོ་འཕུར་ཞིག་རེད། །
ལོ་དང་ན་ཚོད་རྒས་པས། །
རྒྱང་མཐའི་རི་ལམ་མི་སྙོག །

སེམས་དཀར་ངོམ་པའི་བུ་མོ།།
སྡུག་གི་གདོང་འཛུམ་མ་སྟོན། །
རྒྱང་གི་ཨ་ཇོའི་དྲན་གདུང་། །
ཁྱོད་ཀྱིས་སྣོན་པ་ཐེབས་ཡོང་།།

ཁ་དང་ལག་པ་འདར་བའི། །
བརྩེ་བའི་སྣང་བ་སབ་སིབ། །
མིག་འོད་ཁྱོད་ལ་ཕྱོགས་པ། །
བཙུན་པའི་གསང་བ་མིན་འགྲོ།།
༢༠༡༤།༠༥།༢༨ལ།


དངོས་མིང་དགེ་འདུན་ཚུལ་ཁྲིམས། སྨྱུག་མིང་ལ། རྩེ་སྨིན་གྲོལ་དང་འབྲོང་སྤྲུལ་འཆི་མེད་རིག་འཛིན་རྡོ་རྗེ། ཕ་ཡུལ། རྩེ་ཁོག

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།