SatSepSat2020

སྤེལ་དུས་མཐའ་མ།04:00:00 PM GMT

རྩོམ་གསར།:

༢༠༡༤ལོའི་ཤེད་བུའི་འབེལ་རྩོམ་གསར་མ།

གཙོ་བོ་རང་གི་བླ་སྲོག་རང་ཉིད་ཀྱིས་བསྐྲུན་ན་འོས། །

ཟླ་འོད་ཀྱིས་འཐག་པ།

ཁ་བ་གངས་ལ་བབས་པའི་ཉིན་དེར་ཁེར་རྐྱང་དུ་ལམ་ལ་ཆས། །
ཆུ་བོ་གྱེན་དུ་འཕྱོ་བའི་སྐབས་ཀྱང་ཁེར་རྐྱང་གིས་ལམ་དུ་བཞུད། །
ང་རང་ནམ་གསོན་གྱི་བར་དུ་བླ་སྲོག་ལ་བཞེངས་པའི་གངས་རི། །
ཁྱེད་ཁོ་ན་བདག་གི་དད་པའི་གཞུ་མོ་ནང་དུ་འགུག་ས་ཡིན། །
ང་རང་ནམ་གསོན་གྱི་བར་ཏུ་འཕྱོ་ཤུགས་ཆེ་བའི་སེམས་སྒྲ་ལ། །
ཉན་བཞིན་ཉན་བཞིན་ལམ་རིང་འདི་སྤོབས་པས་འདེད་ཀྱིན་སོང་བ་ན། །
སྨག་ཤིན་ཏུ་གནག་དུས་འོད་ཤེད་ཀྱིས་མཆེད་པ་ནི་ཁྱེད་ཡིན་ཏེ། །
སྐྱོ་ངལ་གྱི་ཞེན་ཐག་ཆོད་པའི་སྐྱེས་བུ་དམ་པ་ཁྱེད་ཉིད་དོ། །

གསེར་གྱི་ལོ་མ་འོད་དུ་འཚེར་བ་དེ་སུ་ཡི་རེ་བ་ཡིན། །
སྨོན་ལམ་གྱི་ཕྲེང་ཁུགས་ན་བདག་གི་མིང་བྱང་འཁྱིལ་བའི་དམ་པ། །
ལས་ལམ་དཀར་པོ་ཡིན་ལ་ཁྲ་བོ་ཡང་ཡིན་པ་ཁོ་བོ་ཡི། །
བརྗོད་པར་མི་བཏུབ་པའི་མྱ་ངན་གྱི་སྐད་ཆ་ཞིག་གིས་ཅི་བྱ། །

ཐག་རིང་གི་རྣ་བར་འབྱོན་པ་རླུང་བུ་ཡར་གཡུག་མར་གཡུག་རེད། །
རླུང་བུ་ཡར་འགྲོ་ཞིག་གིས་ནང་སེམས་ཀྱི་དཔྱིད་དཔལ་བསུས་ན་ཡང་། །
རླུང་བུ་མར་འགྲོ་ཞིག་གིས་བདག་གི་བསྔོ་ཡིག་ཁུར་ཡོད་ཚོད་ན། །
ཐག་རིང་ནས་ཀྱང་ཁྱེད་ཀྱི་ཐུགས་སེམས་དཀྲུག་པ་མང་ཚོད་ཡིན་ངེས། །

ཁྱེད་དང་བྲལ་དུས་གདུང་བ་རྫོགས་མཐའ་མེད་པ་ཡི་བདག་ལ་ནི། །
ཁྱེད་དང་མཇལ་དུས་བརྗོད་པ་མཛད་མཐའ་མེད་པ་ཅི་ཡང་མེད་པར། །
ཐག་རིང་གི་རི་བོ་ཡོམ་ཡོམ་འགུལ་བའི་སྣང་ཚུལ་ཞིག་ཡིན་ཚོད། །
ལག་པ་བྲང་ཁར་བཙུམ་པ་ཉིད་མཐར་ཐུག་གི་བྱ་སྤྱོད་ཅིག་གོ །

ཟླ་འོད་ལྟ་བུའི་མཚན་མོ་འདི་ལན་གྲངས་བརྒྱ་ཕྲག་ལ་ཕེབས་ཤིག །
ཟླ་བ་ཚེས་པ་ནི་གཞན་དོན་བྱེད་སྟངས་བླ་མེད་ཅིག་ཡིན་ཚོད། །
ས་དང་གསེར་དང་བྱེ་མའི་ངང་ཚུལ་གྱིས་ང་རང་གཞོམ་པར་མཛོད། །
སེམས་ལྗོངས་བརླན་པའི་ཟླ་འོད་ཀྱིས་ང་རང་བྱེ་མར་འཐག་པར་མཛོད། །

བོད་རྒྱལ་ལོ་ ༢༠༤༡ ལོའི་ཟླ་ ༠༡ ཚེས་ ༠༣ ཉིན། ཆུ་ཚོད་ 0:15ལ།

 

འོད་ཟེར་གྱི་ལྕེབ་ཐག

____ཕུ་བོ་བཀའ་དྲིན་ཅན་ལ་ཕུལ་བ།


ཡིག་ངོ་ཆོད་པ་ནས་ད་བར་གྱི་བདག་གི་ལམ་མཁན། །
མྱི་རུ་གྱུར་པ་ནས་ད་བར་གྱི་རྒྱབ་རི་སྨུག་པོ། །
ཤ་ཁྲག་གིས་སྦྲེལ་བའི་གསེར་གྱི་མཆོད་མེ་སེར་པོ་ཁྱེད། །
གཟིམ་པ་མེད་པར་བདག་གི་རྡོག་ལམ་ཁོ་ནར་འཕྲོས་སོང་། །

གཞན་ལ་མི་ཆེ་ཡང་ང་ལ་ཆེས་ཆེ་བའི་ནོར་བུ། །
རྩ་ཆེ་བའི་གསེར་ནག་གི་ཕྲེང་བ་ཞིག་དང་འདྲ་བར། །
བདག་གི་བརྩེ་སེམས་ཀྱི་ཀ་བ་རུ་གྱུར་བ་ནས་བཟུང་། །
ཁྱེད་ཀྱིས་གཡང་ན་འཕྱོ་བའི་རྦབ་རྡོ་ཞིག་བཟུང་ནས་ཡོད། །

གཡང་ངོས་གཟར་བོ་ནས་ནགས་ཚལ་རྫོབ་པོ་རུ་འཕྱོ་བའི། །
རྦབ་རྡོ་དེ་ལ་གསེར་གྱི་གཤོག་པ་ཞིག་བཙུགས་ན་ཡང་། །
ཉི་ཟླའི་འཆར་ནུབ་ལ་བརྐྱངས་པའི་གསེར་གྱི་གཤོག་པ་རུ། །
སེམས་ཀྱི་གདོང་ག་རུ་གཏག་པའི་མིག་ཆུ་འཛར་གྱིན་ཡོད། །

རི་བོ་ཞིག་གི་གདོས་ཚད་ཁུར་བའི་ཕུ་བོ་ལགས་བསམས་ན། །
ད་དུང་སྤྲིན་པས་བཟུང་བའི་ནམ་མཁའ་འདི་ཉིད་བསམས་ན། །
ངས་སྔར་བཞིན་གཡང་གཟར་མང་པོའི་མི་ཚེ་འགྲིམ་པ་ལ། །
ཞུམ་པ་མེད་པའི་སྤོབས་པ་ཡོད་ལ་ང་རྒྱལ་ཡང་ཡོད། །

གནའ་གནའ་ཞིག་ལ་ཕ་ཡུལ་གྱི་ལམ་ཕྲན་དེ་བརྒྱུད་དུས། །
ཁྱེད་ཀྱིས་བདག་ལ་མ་འོངས་པ་ཡི་ལམ་སྣེ་བསྟན་སོང་། །
དེ་ནི་གསེར་འོད་འཕྱུར་བའི་གནས་ཤིག་ལ་གཏུག་འདུག་མོད། །
ལམ་དེར་ངའི་རྣམ་རིག་གི་མེ་རི་འཕྱུར་ཚད་ཐལ་སོང་། །

རི་བོ་དཔངས་ཚད་ཀྱི་མགོ་བོ་དེ་ཧ་ཅང་མཐོ་བས། །
གསེར་ཁང་གི་ཡ་ཕུག་ནས་ཀྱང་ཡང་ཡང་ཁྲག་ལ་བརྫིས། །
ཁྲག་ལ་བརྫིས་པའི་མགོ་བོ་འདི་ཡང་ཡང་ཁྱེད་ཀྱིས་སྐྱོར། །
ཁྱེད་ནི་བདག་གན་རྒྱལ་དུ་ཉལ་སའི་གངས་རི་དེ་ཡིན། །

ཤ་ཁྲག་གིས་སྦྲེལ་བའི་མིང་སྲིང་བཅུ་སྐོར་གོ་གྲལ་ནས། །
ཐོད་པའི་ཁ་ཡིག་ས་མཐར་བྲིས་པ་ཁྱེད་དང་ང་ཡིན། །
ས་མཐའ་ནས་ཀྱང་བསམ་བཞིན་ཆར་རླུང་འགྲིམ་མཁན་ང་ལ། །
ཁྱེད་ཁོ་ནས་ཚ་སོབ་སོབ་ཀྱི་ཉི་འོད་སེར་པོ་དྲངས། །

སྐྱེས་དུས་ཀྱི་ཉི་མའང་གསལ་བོ་མེད་པའི་ང་ལ་ནི། །
ཕ་མའི་གཅེས་ཕྲུག་ཅེས་འབོད་པར་སོམ་ཉི་ལོས་ཡོད་ཀྱང་། །
གནམ་ཁོ་ནར་གསལ་བའི་བདག་གི་ལས་དབང་འདི་ལ་ནི། །
དྲིན་ཆེན་གྱི་ཕ་མས་ལེབ་གོར་གང་དུའང་བཟོ་ཐུབ་མེད། །


བླུན་པོ་ནོར་འདིར་ཅི་བྱ་སྙམ་ཏེ་ཐུགས་འཚབ་མྱོང་བའི། །
ཕ་ལོ་དྲིན་པོ་ཆེ་ཡི་བཟོད་སྒོམ་གཏོར་མཁན་ང་ལ། །
བརྗེད་པར་མི་འོས་པ་ཁྱེད་ཀྱི་ཕྲེང་ལྕག་དང་ཐལ་ལྕག །
རྐྱ་འཐབ་པའི་གསེར་གྱི་ཀ་ཁ་ག་ང་དེ་རེད་འདུག །

ཁྱེད་ཀྱིས་ངོ་གདོང་དཀར་པོ་དང་དམར་པོ་ནག་པོ་བཅས། །
བདག་ལ་བསྟན་ཞིང་བདག་གི་མ་འོངས་པར་འོད་ཟེར་དྲངས། །
ང་ཡི་མི་ཚེ་ལ་འོད་ཟེར་དེས་ཁ་ཟས་སྦྱིན་ཞིང་། །
ལམ་ཆེན་བསྐྲུན་པས་ང་ནི་འོད་ཟེར་དེའི་ལྕེབ་ཐག་ལ་དྲངས། །

ཁྱེད་ངོ་གདོང་དཀར་དམར་སྣ་ཚོགས་ཨུ་ཚུགས་ཀྱིས་འཚོས་ནས། །
ང་ཡི་ཆུང་མ་བུ་ཕྲུག་ཚུན་ཆད་ལ་འཚོ་ཐབས་བཙལ། །
ཕུ་བོ་ཡིན་ལ་ཕ་མ་ཡང་ཡིན་པའི་ཁྱེད་ཡོད་པས། །
ང་ནི་ནམ་དུའང་བསམ་མེད་ཀྱི་བྱིས་པ་ལྟར་འཚོ་ཡོད། །


བསྐལ་བར་བསླངས་པའི་གསེར་གྱི་རྡོ་རིང་མཐོན་པོ།


ང་ཁྱེད་ཀྱི་འདྲ་པར་ལ་ཅེར་ནས་སེམས་པ་འགུལ་ཐུབ་ཀྱི་མི་འདུག །
ངས་ཁྱེད་ཀྱི་གད་རྒྱངས་ལ་ཉན་ཏེ་རང་སེམས་འདུལ་ཐུབ་ཀྱི་མི་འདུག
ཀྱེ་ཆོས་ཀྱི་མཛའ་གྲོགས་བསྐལ་བར་བསླངས་པའི་གསེར་གྱི་རྡོ་རིང་མཐོན་པོ། །
སུ་ཞིག་གིས་ཁྱེད་ཀྱི་གློ་སྙིང་ལ་རྣོ་ལྕགས་ཀྱི་ལྷན་པ་གནང་སོང་ངམ། །

འཁྱག་རུམ་གྱིས་བཟུང་བའི་ཁ་བ་ཅན་དུ་ང་ཚོ་ལྷན་དུ་གྲང་ཞིང་། །
སེམས་སྐྱེད་ཀྱི་མེ་ཏོག་སེར་བོ་དག་ཀྱང་ང་ཚོས་མཉམ་དུ་བཏུས་མོད། །
ཁྱེད་གཅིག་བུས་སེམས་བསྐྱེད་ཀྱི་གསེར་ཁྲབ་སེར་བོ་དེ་ཧྲག་སེ་མནབས་སོང་། །
ཁྱེད་ཁོ་ནས་ས་ཆེན་ལ་དྲོད་ཀྱི་འཕྲུལ་འཁོར་ཞིག་བསྐོར་ཏེ་ཕེབས་སོང་། །

ངས་རང་གི་སྲོག་དབུགས་ལ་བསྙབས་པའི་ཡིག་འབྲུ་རེ་རེ་ཡི་ནང་དུ། །
ཁྱེད་ཀྱི་སེམས་སྐྱེད་དང་ཁྲག་གི་གངས་རི་ཞིག་བཞེངས་པར་འདོད་མོད་ཀྱང་། །
ངའི་དོན་ལྔ་སྣོད་དྲུག་གོ་རྐྱ་ལ་བཏབ་པའི་མདུད་པ་དཀྲོལ་དཀའ་བས།
དོན་དངོས་ཁྱེད་ཀྱི་མཚན་སྔགས་བཟླ་བའི་ནེ་ཙོ་ང་ཅི་ཞིག་ཡིན་ཨང་། །

བཙན་གཉན་གཡུ་རལ་རྩེ་མོ་གནམ་དུ་གཟེངས་པའི་ལོ་རྒྱུས་ཀྱང་མི་གླེང་། །
རེབ་གོང་གསེར་མོ་ལྗོངས་ནི་གྲུབ་སྔགས་རིག་པ་འཛིན་པའི་ཡུལ་དངོས་སྟེ། །
རྣོ་ལྕགས་གཡའ་མ་བསྒོང་ནས་བུད་ཤིང་དུ་བྱས་རབས་ཀྱང་ཤིན་ཏུ་མོད། །
འོན་ཏེ་ཁྱེད་ཁོ་ནས་ས་ཆེན་འོད་ཀྱིས་གཡོགས་པའི་སྒྲོན་མེ་སྦར་ཡོད། །

བྱ་རི་དྭགས་གྲོགས་སུ་འགུག་པའི་རྣལ་འབྱོར་གྱི་གླུ་བ་ཞིག་ཕེབས་ནས། །
རེབ་གོང་ཁོག་ཆོས་ཕུག་སྤྲང་ལ་གཏད་པའི་རྣལ་འབྱོར་བས་བཀང་མོད་ཀྱང། །
ཚེ་སྲོག་བུད་ཤིང་དུ་བསྟབས་ནས་དྲང་བདེན་གྱི་མེ་ཕུང་བསྒོང་མཁན་ལ། །
རང་སྲེལ་གཞན་དོན་དུ་གཏོར་བའི་ཁྱེད་ཉིད་ཀུན་གྱི་དང་པོར་བྱོན་སོང་། །

མགོ་བོ་ཟམ་པའི་རུ་ཐུར་ལ་དཔྱངས་མྱོང་བའི་རེབ་གོང་གི་མེས་པོས། །
ལས་དབང་བསིལ་འཇམ་གྱི་འོད་ཟེར་དཀར་པོ་ཞིག་ལ་གཏད་མྱོང་མེད་ཀྱང། །
དཔའ་སྙིང་དགྲ་དང་གྲི་ལ་གཏམས་པའི་བྱུང་བ་རྫོགས་མཐའ་མེད་པ་བཞིན། །
གྲོགས་མཆོག་ཁྱེད་ཀྱིས་མེས་པོའི་རུས་རྐང་ལ་གསེར་གྱི་ཁྲ་རྒྱན་སྤྲས་སོང་། །

ང་ནི་ཁྱེད་ལ་ཆོས་སྲིད་ཀྱི་མིག་ཤེལ་ལས་ལྟ་བའི་བློ་སྤོབས་མེད། །
འོན་ཏེ་ཐེག་པ་ཆེན་པོའི་ལྟ་གྲུབ་ནང་དུ་མཛད་ཚུལ་དེ་འདྲ་འདུག །
མཚན་ཉིད་རིག་པའི་སྙིང་དོན་ནང་དུའང་བཤད་ཚུལ་དེ་འདྲ་རེ་ཟུང་འདུག །
དེའི་ཕྱིར་ཁ་ནང་དུ་ཕྱོགས་ཐེངས་རེར་ངོ་མཚར་གྱི་ཡིད་རབ་ཤོར་ཡོད། །

བདག་གི་མི་ཚེ་ཡི་སེར་བོ་གསེར་གྱི་དུས་ཚིགས་དག་ལ་བསམས་ན། །
ཁྱེད་ཀྱི་ཡིད་གཞུངས་ལྷག་བསམ་གྱི་ཤུལ་རྗེས་གྲངས་མེད་ཅིག་དཔར་ཡོད་པས། །
ཉི་མ་རེ་རེ་བཞིན་ཁྱེད་དང་འབྲེལ་བའི་རླབས་ཆེན་གནས་ཚུལ་དག་གིས། །
ང་ལ་སྐུལ་ལྕག་དང་བློ་སྤོབས་ཕྱིར་དྲན་དང་དགའ་སྐྱོ་སྦྱིན་གྱིན་འདུག །

ངས་དེ་རིང་ཡང་ཡང་དྲན་པར་འཁོར་བའི་ཁྱེད་དང་བདག་གི་བྱུང་བ། །
ཡང་ན་ཁྱེད་ཀྱི་སྐུ་ཚེ་ཡི་ཟུར་ངོས་ཤིག་ངག་ཏུ་བཟླ་བར་འདོད། །
བྱམས་བརྩེ་ཟླ་ངོགས་གཅིག་ནས་མཉམ་འགྲོགས་མཉམ་འདུག་བྱས་པའི་ལོ་ཟླ་དག །
ཤག་ཁང་གྲུ་བཞི་གཅིག་ནས་བློ་འཛིན་སྐྱོར་སྦྱངས་བྱས་པའི་དུས་ཚིགས་རྣམས། །

འཁྲུལ་སྣང་གི་ཀློང་དུ་ཁྱེད་ཀྱིས་སྐུ་གཟན་དམར་པོ་དེའང་མནབས་ནས་འདུག །
ལྕི་གུ་སེར་པོ་དེའང་བསྡམས་ནས་འདུག་ལ་ཀོ་ལྷམ་ཀོག་པོ་དེ་ཡང་། །
ལྷམ་འཇོག་དམ་པོར་བསྡམས་ཤིང་ཞྭ་མོ་རྔོག་གཟེང་ཞིག་ཕྲག་པར་དཔྱངས་འདུག །
ཚོད་ཚོད་ལ་ངས་རང་ཉིད་ཀྱི་བྲང་ཁ་ལ་སྦར་འཛིན་བྱེད་ཀྱིན་ཡོད། །

ང་ཡིས་མིག་ཟུང་འབྱེད་མི་དགོས་པར་སྡོང་ཕྲུག་གི་ཕྲེང་སེར་ཞིག་མཐོང་སོང་། །
བདག་གིས་རྣ་བ་གཟབ་མི་དགོས་པར་གཟུངས་སྔགས་ཀྱི་སྒྲ་དབྱངས་ཤིག་ཐོས་སོང་། །
ད་དུང་རྒྱན་འཇུག་གི་དཔེ་ཆ་སྣ་ཐུང་ཞིག་བཅས་ང་ལ་བཅར་བས། །
ང་ཡི་མགྲིན་པ་བརྣང་ཞིང་ལུས་སེམས་ཀྱི་འཆིང་ཐག་ཀྱང་ལྷོད་པར་གྱུར། །

སྨིན་མ་ནག་ལ་དགོད་སྒྲ་དང་གོམ་སྒྲ་ཤིན་ཏུ་མཐོ་བའི་ཁྱེད་རང་། །
སྤྱན་ཟུང་སྒོར་ལ་ལྷག་བསམ་དང་སྙིང་སྟོབས་རབ་ཏུ་ཡངས་པའི་ཁྱེད་རང་། །
བློ་རྩེ་གཅིག་ལ་ཐུབ་རྒྱ་དང་བརྩོན་སེམས་འགྲན་ཟླ་བྲལ་བའི་ཁྱེད་རང་། །
ད་དུང་ངའི་མིག་ལམ་ན་རྡོག་སྒྲ་བར་མེད་དུ་ཕེབས་ཀྱིན་པ་འདྲ། །

“ཡིན་པའི་ཕྱིར་ལ་མ་གྲུབ་ན་དོན་དེ་མིན་ཞེས་ཁས་བླངས་”ཞེས་སོགས། །
ཁྱེད་ཀྱིས་ཡང་ཡང་ཕྲེང་བསོག་གིས་བློར་བཟུང་བའི་སྡོམ་ཚིག་རེ་རེ་བཞིན། །
ད་དུང་སྐད་ཤུགས་ཡོད་ཚད་ཀྱིས་དཔེ་འཛིན་བྱེད་པའི་ངང་ཚུལ་རེ་རེ། །
བདག་གིས་བསྐྱར་གསོ་མི་དགོས་པར་དྲན་པར་བྱོ་བ་ཤ་སྟག་རེད་འདུག །

འོན་ཏེ་ས་མཐའ་ནས་ཐོས་པ་ནི་ཁྱེད་ཀྱི་རྡོག་སྒྲ་ག་ལ་ཡིན། །
མི་སེམས་ཀྱི་གཉུག་མ་གྱེར་བའི་གད་རྒྱངས་གནམ་ས་གཡོ་བ་ཞིག་རེད། །
དཔག་ཚད་ཀྱིས་ཆོད་པའི་ཡུལ་ཏུ་ཁྱེད་ཀྱི་ཤོག་ལྷེ་རེ་རེ་བཀླགས་ན། །
རང་གི་སྐྱི་པགས་ལན་སྟོང་དུ་བཀོགས་ཤིང་ལན་སྟོང་དུ་སྦྱོར་བ་འདྲ། །

ཁྱེད་རང་བདེ་མོར་གསོན་མ་བཅུག་པ་མ་ཟད་གཤེགས་ཀྱང་མ་བཅུག་པའི། །
ངང་ཚུལ་དེ་ལ་བསམ་ཕོད་པའི་སྙིང་སྟོབས་ང་ལ་ཡེ་ནས་མེད་མོད། །
ཁྱེད་དང་ལྷན་ཏུ་གསེར་གྱི་ལྷ་ཁང་ཞིག་གི་གཤའ་འོག་ཉུལ་བ་ཙམ། །
ངས་གསེར་གྱི་ཡི་གེར་བསྟར་འོས་པའི་རྫོགས་ལྡན་གྱི་ལོ་ཟླ་ལོས་ཡིན། །

ཞལ་འདོན་གྱི་ཚིག་འབྲུ་རེ་རེ་ཡང་གསལ་གསལ་ཏག་ཏག་གིས་ཀློག་ཤིང་། །
རྣམ་ཀུན་འདུལ་བའི་བཅོས་མཚམས་ལ་མིག་འབྲས་བཞིན་གཅེས་པའི་དམ་པ་ཞིག །
ཡང་ན་ཁྱེད་དང་བདག་ལ་འཛུམ་མདངས་གཟིམ་པ་མེད་པའི་སྐྱེས་བུ་དེར། །
ཁྱེད་དང་ལྷན་དུ་བཅར་བའང་བདག་གི་འཁྲེང་སེམས་ལྷག་ས་ཅི་ལ་མིན། །

ངས་ཁྱེད་རང་དྲང་བདེན་དང་སྙིང་སྟོབས་ཀྱི་དཔེ་མཚོན་ཞིག་ལ་སྙམ་ཡོད། །
ཁྱེད་ཕེབས་པ་ནི་ཞི་བདེ་སྐད་ཀྱིས་འབོད་པའི་རྔ་བོ་རྡུང་ཚུལ་ཞིག །
ཁྱེད་བཞུད་པ་ནི་བདག་སེམས་ལ་གདུང་ཚོར་གྱི་རྦབ་རྡོ་སྒྲིལ་ཚུལ་ཞིག །
ངས་ཁྱེད་ཀྱི་ལམ་དང་རྒྱུ་མཐུན་གྱི་འབྲས་བུ་དཀར་བའི་སྨོན་ལམ་ཞུ། །

རིང་ནས་འདྲེས་པའི་ཆོས་ཀྱི་མཛའ་བཤེས་ཆེན་པོ་ཞི་བར་གཤེགས་པའི་ངེས་དོན་དཔའ་རྒོད་དམ་པ་འཇམ་དབྱངས་དཔལ་ལྡན་ལགས་སྐུ་གཤེགས་ནས་ལོ་གཉིས་འཁོར་བའི་རྗེས་དྲན་ཏུ་ཤེད་བུའམ་བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱིས་ཡོ་གླིང་ཧྥ་རན་སའི་རྒྱལ་ས་ཕ་རིས་སིར་སྤྱི་ལོ་ ༢༠༡༤ ། ༩ ། ༢༩ ལ་བྲིས།


ས་མཐའི་གངས་རི།

___བུ་མོ་བསྟན་འཛིན་དབང་མོས་འཇིག་རྟེན་སྒོ་གླེགས་འབྱེད་པར་ཕུལ་བའི་རྟེན་འབྲེལ་གྱི་རོལ་དབྱངས།


ང་ཡིས་བུ་མོ་ཁྱོད་ལ་ས་མཐའི་གངས་རི་ཞེས་འབོད་པར་འདོད། །
ས་མཐའི་གངས་རི་བདག་ལ་བཅར་བ་ནི་སྤོབས་པ་ཞིག་ཡིན་ཚོད། །
བདག་གིས་གངས་རི་དཀར་པོ་ཁྱོད་ཀྱི་ལང་ཚོ་སྟོབས་ཀྱིས་རྒྱས་པར། །
ས་ཆེན་གྱི་རི་བོ་ཡིན་ཡང་འདེགས་པར་ནུས་བརྩེ་བའི་བུ་མོ། །

དྲན་གདུང་གིས་ཤིན་ཏུ་གདུང་དུས་རྨི་ལམ་མངོན་དུ་གྱུར་བ་ལྟར། །
ད་ལྟ་བདག་གི་དགའ་སྤོབས་སྤྲིན་པའི་མཐོ་ཚད་ལས་བརྒལ་བར་གྱུར། །
ཁྱོད་ཀྱི་ངུ་སྐད་ཐོག་མ་རྒྱ་མཚོའི་ཕར་འགྲམ་ནས་གོ་ཐུབ་སོང་། །
ཁྱོད་ཀྱི་འཛུམ་མདངས་ཐོག་མ་ཡང་རྒྱ་མཚོའི་ཕར་འགྲམ་ནས་འཚེར་སོང་། །

ཁྱོད་ཀྱི་ཨ་མ་དང་བདག་གི་ཕུ་བོ་ད་དུང་གྲོགས་པོ་ཚོ། །
དེ་རིང་ཁྱོད་ཀྱི་ངུ་སྐད་ཀྱི་རྒྱུད་སྐད་ལ་འཐིམ་ཞིང་བཟི་ཡོད། །
ང་ཚོས་ཁྱོད་ལ་ལྷད་མེད་པའི་བརྩེ་སེམས་ཀྱིས་བསུ་བཞིན་ཡོད་པས། །
ཁྱོད་ཀྱི་འཇིག་རྟེན་ནི་ལྷད་མེད་བརྩེ་སེམས་ཀྱི་རྒྱ་མཚོ་ཞིག་ཡིན། །

དེ་རིང་ནི་ང་ལ་མཚོན་ན་བཀྲ་ཤིས་ཀུན་གྱི་རྒྱལ་བོ་ཡིན། །
དགུན་འཁྱག་ཁ་མེད་ལ་འབྲུག་ཆུང་ཞིག་སྟོང་སིང་སིང་ངང་གྲགས་བྱུང་། །
ཟླ་བ་ལོ་ལས་རིང་བའི་རེ་སྒུག་གི་མེ་ཏོག་ཀྱང་འཛུམ་སོང་། །
ད་ནི་ཁེར་རྐྱང་གི་གྲང་ངར་རྒོད་ཀྱང་སེམས་པ་དྲོ་བར་འདོད། །

དེ་རིང་རྟེན་འབྱུང་གི་རྒྱུན་ཐག་བརྩེ་བ་ཡིན་པའི་གནས་ལུགས་ཤིག །
བརྩེ་བའི་ནུས་པ་ལ་ས་མཚམས་མེད་པའི་དངོས་བྱུང་རྒྱལ་རབས་ཤིག །
བདག་གིས་རྙེད་ཅིང་བདག་གིས་བྲིས་པའི་”ཆོས་ཐམས་ཅད་ནི་སྟོང་བའོ། །
སྟོང་བ་ནི་བརྩེ་བའོ་”ཞེས་འཁུན་སྒྲ་གཉོམ་པོ་ཞིག་བསྐྱར་ཏུ་ཤོར། །

ཁྱོད་རང་ཨ་མའི་པང་ནས་གན་རྒྱལ་དུ་ཉལ་བའི་སྐབས་དག་ལ། །
རྒྱང་རིང་རྒྱང་རིང་གི་སྐར་ཆེན་ལྟ་བུའི་མིག་ཟུང་དེ་མཐོང་ངམ། །
ཉིན་མཚན་སྦྲེལ་ཏེ་ཁྱོད་ཕྱོགས་ལ་ཤེད་ཀྱིས་གདེང་བའི་མིག་ཟུང་འདིས། །
ཁྱོད་ཀྱི་མ་འོངས་པའི་ལམ་དུ་འོད་ཟེར་འགྱེད་ལ་འབད་ཀྱིན་ཡོད། །

ད་ལྟ་ནི་བརྩེ་བའི་རྒྱ་མཚོ་ཞིག་ཏུ་ཁྱོད་རང་བདེ་བར་འཚོ། །
རྒྱ་མཚོ་འདི་ཁྱོད་ཁོ་ནའི་ཆེད་དུ་རིལ་གྱིས་འཐིམ་ཡང་སྲིད་མོད། །
ལས་ཀྱིས་བཞེངས་པའི་བྱ་དངོས་གང་ལའང་གྱེན་ལྡོག་བྱེད་པར་དཀའ་བས། །
ངས་ཁྱོད་ལ་དྲིན་དུ་གཟོ་བར་འབོད་པ་གཏན་ནས་གཏོང་མི་སྲིད། །

ཁྱོད་ཀྱི་ནར་སོན་དང་སྤོབས་པའི་ལམ་གྱི་རེ་བཞག་དང་བཅས་པ། །
བརྩེ་བའི་མཚོ་ཆུང་དེ་དང་འོད་ཀྱི་མིག་ཟུང་དེ་རུ་འཐིམ་ཡོད། །
ཁྱོད་ཀྱིས་མགོ་བོ་སྟོབས་ཀྱིས་འདེགས་པར་མཛོད་ཅིག་བརྩེ་བའི་བུ་མོ། །
ས་མཐའ་རུ་ཁྱོད་ལ་ཅི་ཡང་མེད་ལ་ཅི་ཡང་འཛོམས་ནས་ཡོད། །

ཁྱོད་ཀྱི་མགོ་ཐོག་གི་གནམ་དང་རྐང་ཆུང་སྤོ་སའི་ས་ལ་ཡང་། །
བདག་གི་ཕ་ཡུལ་དང་ངའི་ནམ་མཁའ་ཞེས་འབོད་པར་མི་འོས་མོད། །
ནོར་ལུག་འཚོ་སྐྱོང་གི་ལས་དབང་དང་འཐབ་འཛིང་བྱེད་མ་དགོས་པར། །
ཁ་བས་བཀླུབས་པའི་ས་མཐའི་གངས་རི་ཞིག་ཡིན་པ་ཉིད་སྤོབས་པའོ། །

རྟ་མཆོག་བསམ་པའི་དོན་འགྲུབ་ཀྱི་ལོ་སྙིང་ཁུར་བའི་བུ་མོ་ཁྱོད། །
གངས་ནས་འོང་བའི་ལོ་རྒྱུས་ཀྱི་ཚགས་ཡིག་ཁྲག་བསྟར་མ་ཞིག་ཡོད། །
དེ་ནི་ཤེད་ཀྱིས་གདེང་བའི་བདག་གི་མིག་ཟུང་གི་འོད་ཟེར་རོ། །
དེ་ནི་བརྩེ་བས་འཁྱིལ་བའི་ཨ་མའི་བྱམས་བརྩེ་དང་རེ་བ་འོ། །

“གནམ་གྱི་སྐར་མ་དང་ས་ཡི་མེ་ཏོག་འབལ་ནས་སྟེར་”ཟེར་བའི། །
སྲོལ་རྒྱུན་གྱི་འོ་མ་ལྟ་བུའི་བསླབ་བྱ་དག་གལ་ཆེན་ཡིན་ཡང་། །
ཨ་ཕས་སྙིང་ཁོང་རུས་པའི་གཏིང་ནས་ཁྱེད་ལ་འབུལ་འདོད་པ་ནི། །
དབྱངས་གསལ་སོ་བཞིའི་གསེར་གྱི་མགུལ་རྒྱན་འོད་དུ་འཚེར་བ་ཞིག་གོ །

ངས་སེམས་ཁྲལ་དང་སྤྲོ་སྐྱིད་མཉམ་དུ་བསུས་ནས་ཟླ་བ་གཅིག་འགོར། །
དེ་རིང་ནི་ཁྱོད་སྐྱེས་ནས་ཟླ་བ་གཅིག་ཏག་ཏག་འགོར་ཉིན་རེད། །
ཉི་མ་རེ་རེ་བཞིན་ཁྱོད་ཀྱིས་ཐག་རིང་ལ་འཛུམ་མདངས་བསྐུར་སོང་། །
ཞོགས་པ་རེ་རེ་བཞིན་ཁྱོད་ཀྱིས་ཨ་ཕ་ལ་དགོད་སྒྲ་བསྐྱལ་སོང་། །


སྙིང་དུ་སྡུག་པའི་སྐད་ཆ་དག་ཀྱང་རེ་རེ་བཞིན་བདག་ལ་འབྱོར། །
མིག་ཟུང་ཁྲ་སྒོར་རེ་བདག་ལ་བལྟས་པའི་པར་རིས་སྙིང་རྗེ་དག །
ཟླ་ཚེས་བསྒྲིགས་ནས་ངས་ཁྱོད་ཀྱི་ནར་སོན་ལ་བསྒུག་ནས་ཡོད་པས། །
ཨ་ཕའི་གཅེས་ཕྲུག་མ་ཚེ་ཐག་རིང་ཞིང་བར་ཆད་མེད་པར་སྨོན། །

ཁྱོད་ཡོད་པས་ད་གཟོད་ཕ་མ་ཕ་མར་ཤེས་ཤིང་བརྩེ་བ་ཡང་། །
ཕ་མས་གནང་བའི་གནས་ལུགས་ཀྱི་འབྲུ་རྡོག་ཅིག་ལ་སྙམ་ནས་ཡོད། །
ད་ནི་མར་གྱུར་སེམས་ཅན་ཟེར་བའི་སེམས་བསྐྱེད་ཅིག་བྱ་དགོས་ཚེ། །
བདག་གི་མིག་ཆུའི་ཕྲེང་ཐག་ཇི་ལྟར་གཅོད་ཨང་སྙམ་པ་ཞིག་བྱུང་། །

ཁྱོད་ཀྱི་ཨ་ཕ་ཐག་རིང་ན་ཡོད་ཀྱང་ཉི་མ་རེ་རེ་བཞིན། །
ཐབས་བརྒྱ་ཇུས་སྟོང་གིས་ཁྱོད་ལ་བཅར་བའི་རེ་སྨོན་ཉར་ནས་ཡོད། །
རྒྱང་རིང་བོའི་ནམ་མཁའ་དང་ས་གཞི་ཁྱོད་ལ་དབང་མི་སྲིད་ཀྱང་། །
ཤེས་རིག་དང་སྙིང་སྟོབས་ཁྱོད་ཀྱིས་ལེན་པར་རེ་བ་བཅངས་ནས་ཡོད། །

རེ་བ་འདི་མེ་ལྕེ་ཞིག་གི་ཚུལ་གྱིས་ངའི་སེམས་ནས་མཆེད་པས། །
ཡོད་ཚད་ཨུ་ཚུགས་ཀྱིས་བཞག་སྟེ་ཐར་རིང་ལམ་དུ་ཆས་པ་ཡིན། །
ས་མཐའི་གངས་རི་བདག་གི་བརྩེ་བའི་མི་དང་སྙིང་གི་ཚིལ་ལུ། །
ཐག་རིང་ཐག་རིང་ནས་ངས་སེམས་དང་མིག་ཟུང་གིས་འཚོས་ནས་ཡོད། །

ཕྱི་ལོ་ ༢༠༡༤ ལོའི་ཟླ་ ༢ ཚེས་ ༡༨ ནས་ཟླ་ལྔ་བའི་ཚེས་ ༡ བར།


བརྩེ་བའི་གངས་རི།

____བུ་མོ་བསྟན་འཛིན་དབང་མོ་སྐྱེས་ནས་ཉིན་བརྒྱ་འགོར་བར་ཕུལ་བ།

བདག་གིས་ཉིན་ལྟར་བགྲངས་པའི་ཨང་གྲངས་བརྒྱ་ལ་ལོན་སོང་། །
ཁྱོད་ཀྱི་ནར་སོན་ལ་དགའ་སྤྲོའི་འབོད་བརྡ་གཏོང་བ་བཞིན། །
སྒོ་འགྲམ་གྱི་རྫ་མའི་མེ་ཏོག་ཀྱང་ལྷུག་པོར་གྲོལ་འདུག །
བརྩེ་བའི་བུ་མོ་ཁྱོད་ནི་བདག་སེམས་ཀྱི་མེ་ཏོག་ཡིན། །

སྒོར་ལ་ཁྲ་བའི་མིག་ཟུང་བདག་ཕྱོགས་སུ་གྱེར་མཁན་ཁྱོད། །
ལས་དང་གནམ་གྱིས་གནང་བའི་ཚེ་ཡི་དངོས་གྲུབ་ཡིན་པས། །
ཁྱོད་ཀྱི་ཡན་ལག་ཉིང་ལག་རེ་བཞིན་མིག་གིས་འཚོས་ཤིང་། །
ཚོར་བས་ཟིན་པའི་ཨ་མའི་པང་དུ་བདེ་ཞིང་སྐྱིད་དམ། །

ཨ་མ་ནི་ཆེས་ཐོག་མའི་བྱམས་བརྩེ་ལམ་སྟོན་པ་ཡིན། །
ཨ་མའི་བཞིན་དཔལ་ལས་ཁྱོད་ལ་ཉིན་ལྟར་བྱམས་བརྩེ་དང་། །
དུངས་པ་ལྷད་མེད་ཀྱི་སྐད་ཆ་བཤད་ཅིང་དྲན་སྐུལ་གཏོང་། །
བརྩེ་བའི་བུ་མོ་ཁྱོད་རེ་རེ་བཞིན་ངོས་འཛིན་ཐུབ་བམ། །

གཅེས་ཕྲུག་མ་ཁྱོད་ནམ་ཞིག་པང་དུ་ལེན་ཐུབ་སྙམ་ན། །
རྒྱང་རིང་རྒྱང་རིང་གི་ཡུལ་དུ་སྡོད་བཟོད་བྲལ་མོད་ཀྱང་། །
ཨ་མའི་ཚེགས་བརྩོན་ལས་ཁྱོད་ལ་ཟུངས་དང་ཤུགས་རྒྱས་ཤིང་། །
བཞིན་གྱི་མདངས་བཀྲ་བར་བསམས་ན་བདག་སེམས་ཤིན་ཏུ་བདེ། །

ཚེ་ཡི་ནོངས་འགྱོད་དུ་གྱུར་བ་ནི་ཆུ་དང་བཅས་པའི། །
ཁྱོད་ལུས་སྤར་མོ་གང་བོར་བདག་གི་བྱམས་དང་བརྩེ་བ། །
དཀའ་ཚེགས་གང་གིས་སྐྱོར་མ་རྒྱག་མ་ཐུབ་པ་དེ་ཡིན། །
ནོངས་འགྱོད་འདིར་བརྩེ་བའི་གཅེས་ཕྲུག་ཁྱོད་ལ་དགོངས་ཡངས་ཞུ། །

རྟ་མཆོག་བསམ་པའི་དོན་གྲུབ་ཀྱི་ལོ་སྙིང་འཁུར་མཁན་ཁྱོད། །
བདག་ལ་བཅར་བ་ནས་བདག་གི་སྤོབས་པ་དང་རེ་བ། །
ཚེ་སྲོག་ཡོད་ཚད་ཀྱི་རྒྱུན་བསྲིངས་པར་སྙམ་གྱིན་ཡོད་པས། །
ཕ་སེམས་བུ་ལ་ཐོགས་པའི་གནས་ལུགས་ཀྱང་འདི་ལོས་ཡིན། །

“བུ་ཆུང་སངས་རྒྱས་”ཞེས་པའི་གཏན་ཚིགས་བཙན་པོ་དེ་ལྟར། །
ཁྱོད་ཀྱིས་ཡོད་ཚད་ཚོར་ཞིང་སྣ་ཚོགས་ཡིད་ལ་ཆུབ་མོད། །
ངེད་ཕ་བུ་ཟུང་གིས་བརྗེད་པར་མི་འོས་པ་དག་ལ། །
བརྩེ་བའི་བུ་མོ་ཁྱོད་རྣ་བ་གཟབ་མོས་གསན་པར་མཛོད། །

ཁྱོད་ཨ་མའི་མངལ་གུར་ལས་འཇིག་རྟེན་མ་མཐོང་བའི་སྐབས། །
ང་ཡིས་ཁྱེད་ཟུང་བཞག་ནས་རྒྱང་རིང་རྒྱང་རིང་དུ་ཆས། །
དེ་རིང་བར་ཏུ་ཟླ་ངོ་བདུན་ཏག་ཏག་འགོར་སོང་བས། །
དུས་ཚོད་འདིའི་རིང་སུ་ཞིག་གི་དཀའ་སྡུག་བརྗོད་ལས་འདས། །

བརྗོད་པར་དཀའ་བའི་དཀའ་སྡུག་གི་མདུན་དུ་ལངས་མཁན་ཏེ། །
ཁྱོད་ཀྱི་ཨ་མ་ལགས་སུ་བདག་གིས་དགོངས་སེལ་ཞུ་དགོས། །
ཁེར་རྐྱང་དང་དྲན་གདུང་སེམས་ཁུར་དང་ན་ཟུག་བཅས་པར། །
ཁོ་མོས་ངལ་བ་སྣ་དགུ་བསྟེན་ནས་གདོང་ལེན་བྱས་ཡོད། །

དུས་ཐུང་འདིའི་ནང་མཛེས་མ་ཞིག་གི་སྐྲ་ལོ་སངས་ཤིང་། །
བཞིན་གདོང་ལ་ན་ཚོད་ལས་བརྒལ་བའི་རི་མོ་བབ་སོང་། །
དེ་ལ་ཁྱོད་ཀྱིས་བྱམས་ལྡན་ཨ་མ་ཞེས་འབོད་པར་མཛོད། །
ངེད་ཕ་བུ་ཟུང་གི་ཕྱིར་གསེར་གྱི་ལང་ཚོ་ཕུལ་ཡོད། །

མི་རྣམས་འཇིག་རྟེན་ལ་ཁེར་རྐྱང་གིས་ཡོང་བ་ཡིན་ལ། །
འཇིག་རྟེན་ནས་ཀྱང་ཁེར་རྐྱང་གིས་ཕྱིར་ལ་བཞུད་དགོས་པས། །
ཁེར་རྐྱང་ལ་དེ་ཙམ་གྱི་ཞེད་སྣང་བྱ་དོན་མེད་ཀྱང་། །
བརྩེ་དུང་གི་ལམ་དུ་ཁེར་རྐྱང་ལས་སྡུག་བསྔལ་ཞིག་མེད། །

ཁྱོད་ནི་ལྷད་མེད་དྭངས་གཙང་གི་གངས་ལྷ་མེ་ཏོག་ཡིན། །
ཁྱོད་ནི་ཕ་མ་ཆ་འཛོམས་ཀྱི་ནམ་མཁའི་སྐར་མ་ཡིན། །
ཁྱོད་ལ་ནམ་མཁའི་སྐར་གྲངས་ཀྱི་ཕུ་ནུ་མིང་སྲིང་ཡོད། །
ཁྱོད་ལ་དུས་བཞིར་དཀར་གསལ་གྱི་གངས་རི་དཀར་པོ་ཡོད། །

རྡ་ས་ནི་བོད་ཀྱི་ལིང་ཧྲན་མཚོ་གླིང་ངོ་མ་ཡིན།
ཨ་ཕས་གཏམ་རྒྱུད་ཀྱིས་ཁྱོད་ལ་གཏམ་རྒྱུད་གཞན་ཞིག་བཤད། །
“དྲང་བདེན་”ཞེས་པའི་ཚིག་འབྲུ་འདི་གཉིས་ལ་”ཚེ་སྲོག་”ཟེར། །
“ཤེས་ཡོན་དང་རྩིས་ཐང་”ཞེས་པའང་ཐ་སྙད་འདི་ཉིད་ཡིན། །

མངོན་ལྐོག་གང་ནས་ཀྱང་ཚེ་སྲོག་ལ་རྨ་ཁ་མེད་དུས། །
དཀའ་སྡུག་གི་འགག་ཏུ་ཁྱོད་ལ་བརྙེས་སའི་རྒྱབ་རི་ཡོད། །
དེ་ལ་བརྩེ་བའི་གྲོགས་པོ་ཞེས་བོས་ན་ཤིན་ཏུ་འགྲིག །
དེ་ནི་ཨ་མའི་ལྷན་ཁྱོད་ལ་བཅར་མཁན་དེ་དག་གོ། །

བརྩེ་བའི་བུ་མོ་ཁྱོད་ལང་ཚོའི་ཁོ་ལག་རྫོགས་ན་ཡང་། །
དྲིན་ཆེ་བའི་མི་དག་ལ་རྒྱབ་གཏོད་གཏན་ནས་མི་རིགས། །
ས་མཐའ་ནི་སྡོང་མགོའི་བྱེའུ་ཚང་དང་ཤིན་ཏུ་འདྲ་བས། །
རྟེན་འབྲེལ་ལྟོས་བཅས་ཀྱི་འབྲེལ་བ་རགས་མོས་གྲུབ་ནས་ཡོད། །

སྙན་ངག་ལ་བརྩེ་གཏམ་ལྷུག་པོ་སྨྲ་བའི་ཕ་ལོ་ང། །
ཚེ་སྲོག་ལ་དབྱངས་གསལ་གྱི་རི་མོ་འབྲི་མཁན་ཞིག་ཡིན། །
བདག་གིས་སྟག་ཤར་གྱི་སྣང་བ་སྨྱུག་རྩེར་ངོམས་ཀྱིན་ཡོད། །
ཁྱོད་ཀྱང་ལང་ཚོའི་མཛེས་པ་སྨྱུག་རྩེ་ནས་ངོམས་པར་མཛོད། །

ཁྱོད་ཀྱི་ཁྲ་ལ་སྒོར་བའི་མིག་ཟུང་གིས་ཡི་གེ་འཚོས། །
ཕྲ་ལ་མཉེན་པའི་མཛུབ་ཆུང་གིས་ཀྱང་ཡི་གེ་འབྲི་རོགས། །
ང་ཡིས་ཁྱོད་ཀྱི་ནར་སོན་གྱི་ལང་ཚོ་མཐོང་བར་འདོད། །
བློ་གྲོས་ཀྱི་གཤོག་རྩལ་མཐོང་བར་དེ་ལས་ཀྱང་རྔམ་ཡོད། །

ཁྱོད་མ་སྐྱེས་པའི་སྔོན་ལ་བདག་གིས་ཉིན་ལྟར་བསམ་པ། །
གཅེས་ཕྲུག་ཁྱོད་དབང་བོ་ཀུན་ཚང་ཞིག་ཡིན་པར་སྙམ་མོད། །
སྐྱེས་ཤིང་ནར་སོན་གྱི་རྡོག་པ་མགྱོགས་པོར་ལེན་དུས་སུ། །
ཁྱོད་ཀྱི་སྐྱེས་ཐོབ་རྣམ་དཔྱོད་ལ་རྨི་ལམ་གཏོང་གིན་ཡོད། །

ཨ་མས་ཁ་པར་ལས་ཉིན་ལྟར་གླེང་བའང་དེ་ཡིན་ལ། །
བདག་གི་རྨི་ལམ་ལ་རྒྱུན་པར་འཁོར་བའང་དེ་ཡིན་པས། །
དོང་ཚེ་ལྟར་བརྩེགས་པའི་ཕ་མའི་རེ་བ་མ་ལུས་པ། །
བུ་མོ་ཆུང་ཆུང་ཁྱོད་ཀྱི་ཕྲག་ཆུང་ལེབ་མོར་བབ་ཡོད། །

སྟག་ཤ་རའི་ལྷན་སྐྱེས་ཀྱི་རིག་པ་ཟབ་མོ་ཡིན་ལ། །
སྨན་བུ་མོའི་སྐྱེས་ཐོབ་ཀྱི་ཤེས་རབ་མྱུར་མོ་ཡིན་པས། །
ཟབ་མོའི་ཤེས་རབ་ལ་བདག་པའི་བོད་ཀྱི་ཆོས་རིག་ཟུང་། །
གསལ་དང་མྱུར་ཙམ་གྱི་རིག་པས་གཏིང་ལོན་དཀའ་བར་འདོད། །

བོད་ཀྱི་རིག་གནས་ཙམ་མིན་པར་ཡི་གེ་རེ་རེ་བཞིན། །
གཏན་ཚིགས་དང་གནས་ལུགས་ཀྱི་ཞུན་མར་འཁྱིལ་ནས་ཡོད་པས། །
བུ་མོར་མི་མཛའ་བ་བོད་ཀྱི་རིག་གནས་སུ་འདོད་མོད། །
ལས་སྐལ་ལ་བབ་པའི་ཡི་གེ་ངེས་པར་ཤེས་ལོས་དགོས། །

ཐུ་བྷོད་མི་རིགས་ཀྱི་བླ་དང་སྲོག་གི་རྩ་འཁོར་ནི། །
བོད་ཀྱི་ཤ་རུས་ལས་ཀྱང་སྐད་དང་ཡི་གེ་ཡིན་པས། །
བོད་ཡིག་མི་ཤེས་པའི་བོད་མོ་རིགས་ཞེན་མཁན་ཞིག་ནི། །
ལྷག་བསམ་གཙང་བའི་བོད་དོན་རྒྱབ་སྐྱོར་བ་ཙམ་དུ་ཟད། །

ང་ནི་འཆར་སྣང་གི་ཀློང་དུ་ཐལ་བའི་སྙན་ངག་པ། །
བཟི་བོ་ཞིག་ཡིན་པས་སྒྱུ་མ་ལྟ་བུའི་ཁ་བརྡ་དག །
ཨ་ཕའི་རྨི་ལམ་དང་གཤེར་གཟུགས་ཀྱི་འོད་ཟེར་ཞིག་སྟེ། །
བརྩེ་བ་དང་ཤ་ཚ་ཡོད་ཚད་གདུས་པའི་རླངས་པ་ཡིན། །

ཨ་ཕའི་མིག་ཟུང་ནུབ་ཞིང་འཛུབ་མོ་འཁུམ་པའི་བར་དུ། །
ཁྱེད་ལ་རྨི་ལམ་དང་འཆར་སྣང་གི་ཁ་བརྡ་བྱེད་ཆོག །
དེ་དུས་གཅེས་ཕྲུག་ཁྱེད་ཀྱང་རང་གི་བསམ་བློ་ཡོད་ལ། །
ཕྱིར་དྲན་དང་མ་འོངས་པ་ཡོད་པས་སྤྲོ་སྣང་ཡོད་ངེས། །

སྙན་ངག་ནི་ཚིག་གི་རོལ་རྩེད་དང་ཚོར་བ་ཙམ་མིན། །
ཚོར་དྲོད་ཀྱིས་ཟིན་པའི་མཚན་ཉིད་རིག་པ་ཞིག་ཡིན་པས། །
ང་ཡི་འཆར་སྣང་དང་རྨི་ལམ་ལྟ་བུའི་སྙན་ངག་ནང་། །
བུ་མོ་ཁྱོད་ནར་སོན་གྱི་མཚན་ཉིད་རིག་པ་ཡོད་ངེས། །

བསམ་བློའི་ཁྲག་རྩ་དང་བྲལ་བའི་ཚིག་གི་རོལ་རྩེད་དག །
སྙན་ངག་ལ་བསྙད་ཀྱང་རྡོ་ལ་བསྟར་བའི་མེ་ཏོག་བཞིན། །
སྐད་ཅིག་ཙམ་གྱི་རིང་རྙིད་ཅིང་རུལ་བར་འགྱུར་བས་ན། །
ནམ་དུ་ཡང་སྙན་ངག་གཤའ་མ་ཞིག་ལ་འགྱུར་མི་སྲིད། །

བདག་གི་སྙན་ངག་གིས་ཁ་བའི་བ་རིག་གནས་ཀྱི་བླ་དང་། །
ཚེ་སྲོག་གི་ང་རོ་གཉོམ་དུངས་ངེ་བ་ཞིག་གླེང་ཡོད། །
ཆོས་ཀྱི་ངོ་བོ་རུ་རྟོགས་པས་ཆ་སྒྲོ་བཅད་པ་ན། །
ཆོས་ཐམས་ཅད་སྟོང་བ་དང་བརྩེ་བ་ཙམ་དུ་ཟད་ཡོད། །

ཐབས་ཤེས་ཟུང་འཇུག་གི་ལམ་མཆོག་ཅེས་པའི་སྐད་ཆ་དེས། །
བརྩེ་བ་ཅན་གྱི་མཚན་ཉིད་རིག་པ་ཞིག་བཤད་ཀྱིན་ཡོད།  །
ཐབས་ཀྱི་ངོ་བོར་དགེ་བར་གཏུགས་པའི་ཕྱོགས་ལྷུང་བ་ཚོས། །
ནམ་དུའང་བརྩེ་བ་སྟོང་བ་ཉིད་དུ་འཛིན་བཟུང་བྲལ་ཡོད། །

ང་ཡིས་ཁྱོད་ལ་ལྟ་གྲུབ་ཀྱི་སྐད་ཆ་བཤད་པ་ན། །
འཕྱ་སྨོད་དང་ཟུར་ཟ་མཁན་ཡང་མང་པོ་ཡོད་སྲིད་མོད། །
ང་ནི་འཕྱ་དང་ཟུར་ཟའི་ཁྲོད་ནས་ལངས་པ་ཞིག་ཡིན། །
ཕལ་ཆེར་བུ་མོ་ཁྱོད་ཀྱང་དེ་ལྟར་ཡར་ལ་ལངས་དགོས། །

འཇིག་རྟེན་ན་དཀར་པོ་དཀར་རྐྱང་གི་མི་ཞིག་མེད་ལ། །
ནག་པོ་ནག་རྐྱང་གི་མི་ཞིག་དེ་བས་ཀྱང་མེད་པས། །
བླ་མི་ཚང་བའི་མི་དག་གི་འཆལ་ཡམས་ལ་མ་སྐྲག །
གཙོ་བོ་རང་གི་བླ་སྲོག་རང་ཉིད་ཀྱིས་བསྐྲུན་ན་འོས། །

ཁྱོད་ནི་བདག་གི་བརྩེ་བའི་གངས་རི་དཀར་པོ་ཡིན་པས། །
བདག་གི་འཆར་སྣང་དང་རྨི་ལམ་དངོས་ཡོད་བཅས་པ་རུ། །
ཁྱོད་ཀྱི་ཁ་དོག་དཀར་པོ་ཡིན་ལ་རྔམ་བརྗིད་ཀྱང་ལྡན། །
ཁྱོད་ཀྱི་རྔམ་བརྗིད་སྔར་ལས་བརྟན་པར་བདག་གིས་སྨོན་ཡོད། །

ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༨ ཉིན་ཧྥ་རིན་སུའི་རྒྱལ་ས་ཕེ་རིའི་སུ་ནས།


ཕ་ཡུལ་གྱི་གངས་རི།


ལས་དབང་ནི་དེ་འདྲའི་ཞེ་སེམས་ནག་པོ་ཅན་ཞིག་ཡིན་ནམ། །
ལས་ཀྱི་གངས་རི་དཀར་པོའི་འོད་ཟེར་ལ་སྨོན་པའི་ང་རང་། །
ཁ་པར་གྱི་སྣེ་མོ་རུ་ཅི་བྱ་གཏོལ་བྲལ་ངང་འཚོ་ཡོད། །
ད་དུང་གནས་ལུཊ་མི་རྙེད་པའི་གནས་ལུགས་སྣ་ཚོཊ་སྒོམ་ཡོད། །

རེ་སྒུག་ནི་བཟོད་མེད་ཀྱི་སྡུག་བསྔལ་ཡིན་པ་ངས་ཀྱང་ཤེས ། །
ཁ་གངས་རི་ལ་འཁོར་ནས་ང་ཡི་སྨྲ་བ་ལྐུགས་ནས་ཡོད། །
གློག་ཆད་པའི་འཚོ་བ་ནི་མུན་པ་ནག་པོ་ཁོ་ན་རེད། །
མུན་པའི་ནང་དུ་ང་ཡི་གངས་རི་ཇི་ལྟར་འཕགས་ཤིང་འགུལ། །

ང་ཡི་གངས་རི་ལགས་མགོ་བོ་སྒུར་ནས་སུ་ལ་བསྒུག་ཡོད། །
པེ་ཅིན་ནས་ཉོས་པའི་ལྭ་བ་སྔོན་པོ་དེ་གོན་ཡོད་དམ། །
པེ་ཅིན་གྱི་ལྭ་བ་གྱོན་དུས་ཀྱང་མགོ་འཕང་བསྟོད་རོགས་ཞུ། །
མགོ་འཕང་དང་འཛུམ་མདངས་ཁོ་ནས་ཡོད་ཚད་ཟིལ་གྱིས་མནན་འདུག །

ལས་དབང་གི་འཇུག་རྡེའུ་ཕར་འདེད་ཚུར་འདེད་ལས་ངས་སུ་མཐོང་། །
ངས་རྒྱ་ལྭ་སྔོན་པོ་ཅན་གྱི་ཕ་ཡུལ་གྱི་གངས་རི་མཐོང་། །
གངས་ཀྱི་འཛུམ་མདངས་དང་གངས་ཀྱི་ཁོག་པ་ད་དུང་མགོ་ལྐོག །
ཅེས་པའི་ཡིག་འབྲུ་གཉིས་ཀྱང་མིག་ལ་འབུར་དོད་དུ་མངོན་སོང་།།

འཁྱམ་པོའི་རྣམ་ཤེས་འཁོར་སའི་ཕ་ཡུལ་གྱི་གངས་རི་དཀར་པོ། །
བརྩེ་བའི་གཏམ་རྒྱུད་ཅིག་དང་ཡང་ན་འཛུམ་གྱི་བསླུ་བྲིད་ཅིག །
ངས་ཁྱོད་ཀྱིས་ལག་པར་མེ་མདའ་བཟུང་བའི་པྲ་ཚགས་ཀྱི་བརྙན། །
དགོད་སྐྱེད་ཅིག་ཡིད་ངོར་བློས་བསླངས་བྱེད་ཀྱིན་ཡོད་ཧ་ཧ་ཧ། །

ཕ་ཡུལ་གྱི་གངས་རི་ནམ་མཁའི་སྐར་ཚོགས་ཁྲོད་བཞད་ཡོད་དམ།།
ཕ་ཡུལ་གྱི་གངས་རི་བདག་གི་ཕྱི་མིག་ཁྲོད་འགྱིང་ཡོད་དམ། །
ཕ་ཡུལ་གྱི་གངས་རི་ལགས་ཁྱེད་ཀྱི་འཛུམ་མདངས་སྦྲུམ་པའི་ང་། །
རྒྱ་མཚོ་ཆེན་པོའི་རླབས་ངོགས་སུ་དྲན་གདུང་ལ་སྨིན་ནས་ཡོད། །

ཕ་ཡུལ་གྱི་གངས་རི་ལགས་ཁྱེད་ནི་བུད་མེད་ཅིག་ཡིན་ངེས་མོད། །
ཁྱེད་ཀྱིས་སྟག་ཤར་ཇག་འགྲོ་ཞིག་གི་འཇོན་ཐང་འཁུར་གྱིན་ཡོད། །
ཁྱེད་ཀྱིས་འཛུམ་མདངས་རྟག་བརྟན་ཞིག་གི་འཇོ་སྒེག་མངོན་གྱིན་ཡོད། །
ང་ནི་ཕྱི་མིག་དང་འཁྲེང་ཞེན་མེད་པར་ཁྱེད་ཀྱི་པང་ལ་ལོག་འདོད།།

འཁྱམ་པོའི་འཚོ་བ་ལ་བྱང་ཆ་དང་ཡིད་ཐང་ཆད་པའི་ང་། །
ཕ་ཡུལ་གྱི་གངས་རི་དཀར་པོ་དང་མཇལ་བ་ནམ་ཞིག་ཡིན། །
གངས་རི་དང་ལྷན་དུ་བརྩེ་དུང་གི་ཤོག་བྱ་མཚོ་ལ་བཏང་། །
ལས་དབང་གི་རླུང་རྟ་གནམ་ལ་སྤུར་དུས་ནམ་ཞིག་ཡིན་ཨང་། །

སྨོན་འདུན་གྱི་འབྲི་མར་སྐྱོམ་པའི་གསེར་གྱི་མར་མེ་བཏེགས་ནས། །
འཛུམ་མདངས་ཀྱི་མདུད་པ་དམ་པོར་མདུད་དུས་ནམ་ཞིག་ཡིན་ཨང་། །
ཡོད་ཚད་རྨི་ལམ་གྱི་ཁ་བརྡ་རུ་གྱུར་བའི་དེ་རིང་དང་། །
རེ་སྒུག་ལ་གྱུར་བའི་དེ་རིང་ལ་ཡང་སང་ཉིན་ལས་ཡོད། །

བརྩེ་བ་ནི་རེ་སྒུག་གི་སྡུག་བསྔལ་ཞིག་ཡིན་པར་བསམས་ན། །
བརྩེ་བ་ནི་འཛུམ་མདངས་ཀྱི་ལྡོག་འོད་ཅིག་ཡིན་པར་རྟོགས་དུས། །
གངས་རི་དཀར་པོ་ཁོ་ན་འཛུམ་གྱི་ལྡོག་འོད་ངོ་མ་རེད། །
ལྡོག་འོད་ལམ་ལེམ་གྱི་གངས་རི་ལགས་ང་ལ་འཛུམ་པར་ཞུ། །

༡༦ ། ༡༢ ། ༢༠༡༤ ལ།


ང་ཡི་གངས་རི།

བྲེལ་བྲེལ་ཟིང་ཟིང་གིས་ཕེབས་རོགས།


སེམས་ལ་རང་བཞིན་གྱིས་བྲེད་ཤ་ལངས་པ་སེམས་ཁུར་ཨེ་རེད། །
ཆུ་ཚོད་ཀྱང་འགུལ་སྐྱོད་བྲལ་བའི་རི་བོ་ཞིག་གི་ཚུལ་དུ། །
དོ་ནུབ་བདག་དང་མཉམ་དུ་སྐྱོ་སྣང་སྣ་ཚོགས་སྒུམ་གྱིན་འདུག །
སྐད་འཕྲིན་ལའང་སིལ་སྒྲ་ཆད་དེ་ངལ་གསོ་བའི་ཚུགས་ཀ་ཤར། །

ང་ཡི་གངས་རི་གང་དུ་ཡོད་ཁྱེད་གཉིད་སྐྱིད་པོ་ཁུགས་སམ། །
མི་སེམས་ནི་ཤོག་བུ་ཞིག་ཡིན་པར་ངེས་པ་རྙེད་པའི་སྐབས། །
ངས་ཡི་གེ་སྣ་ཚོགས་ཀྱི་མེ་ཏོག་བསླེ་ས་ནི་གང་རེད། །
ངས་བརྩེ་དུང་གི་ཤོག་བྱ་མཚོ་ལ་གཏོང་ས་ནི་གང་རེད། །

བདག་ནི་རྡོ་ཕ་བོང་ཞིག་གི་ལས་དབང་ལ་འཐིམས་ཡོད། །
མུན་རུབ་རྗེས་བཀྲག་མདངས་ལམ་ལེམ་འཚེར་བའི་རྡོ་ཕ་བོང་དེར། །
ཟླ་འོད་ཀྱིས་གཞུས་པའི་ན་ཟུག་དང་སྤྲོ་སྣང་རྫོགས་མཐའ་མེད། །
ང་ཡིས་དེ་ལ་དགའ་སྐྱོ་འདྲེས་མའི་འཚོ་བ་ཞེས་ཀྱང་འབོད། །

ཚིག་ཇ་ཁམ་བུ་གང་གི་ཚུལ་དུ་མགྲིན་པར་འཛུལ་བ་དེ། །
རེ་བའི་འདུན་པ་ཙམ་ལས་ཅི་ཡང་མིན་ཚོད་རེད་དེ། །
ཆུང་མའི་ངོ་གདོང་ལས་ཡང་ཡང་མངོན་པའི་འཛུམ་མདངས་ཞིག་ལ། །
བདག་གི་སེམས་འདུན་དྲག་པོ་འཕྱོ་བས་ང་རང་གཉིད་མི་འོས། །

ཆམས་ཡན་འཁུར་བའི་རླུང་བུ་དེས་ཀྱང་ཙག་ཙག་གཙག་གིན་པ།།
མི་སེམས་ཀྱི་འགན་ཁུར་དང་ལེན་བྱེད་ཚུལ་ཞིག་ལ་འདོད་པས། །
གྲང་ངར་ཆེ་བའི་ཡུ་རོབ་གླིང་དུ་ས་གཞིར་ལྡང་བ་ནི། །
མི་སེམས་དྲོ་བའི་འབར་ཞུན་རྐང་ཐུར་གཅིག་སྦར་བ་དེ་ཡིན། །

བྱིས་པ་ཞིག་གི་ངོ་གདོང་ལ་ཡང་ནས་ཡང་དུ་བལྟས་ན། །
བདག་གི་དགའ་སྐྱོ་མ་ལུས་དེ་ཁོ་ན་རུ་མངོན་གྱིན་འདུག །
འཁྲེང་སེམས་ཀྱི་མདུད་པ་དཀར་པོ་ཞིག་ལ་ཡང་ཡང་རེག་ན། །
ང་ཡི་སེམས་ནད་སངས་པའི་བྱིན་རླབས་ཡོད་ཚད་དེར་ཞུགས་འདུག །

ང་ཡི་གངས་རི་བྲེལ་བྲེལ་ཟིང་ཟིང་གིས་ང་ལ་བཅར་རོགས། །
ཟླ་འོད་འཐུང་བའི་སེམས་པ་དམར་པོ་དེའི་རེ་སྒུག་བརྒལ་ནས། །
ངས་ཁྱོད་ཀྱི་འཛུམ་མདངས་དང་སྐྲ་ལོར་བསྒུགས་ནས་ཡོད། །
དེ་རིང་ནི་ཕལ་ཆེར་རྨི་ལམ་དཀྲོགས་པའི་རོལ་དབྱངས་ཤིག་རེད། །

༢༠༡༤ ། ༡༢ ། ༠༤ ཉིན།


མཚན་ནག་ལ་རོ་ལངས་བྱས་པ།


གྲོང་ཁྱེར་དུ་མི་ཚོགས་ཀྱི་སྨྲ་བ་དང་རླངས་འཁོར་གྱི་ལྡིར་སྒྲ། །
ཐ་ན་སྐར་མ་དང་དྲོ་འཇམ་གྱི་ནམ་ཟླའང་ཡལ་བར་གྱུར་དུས། །
ང་ལ་ཆར་བ་དང་གྲང་ངར་གྱི་བསུ་བ་བྱས་ནས་བསྒུག་འདུག །
ད་དུང་གངས་ཀྱི་སེང་གེས་མཆེ་བ་དཀར་པོ་གཙིགས་པའང་མཐོང་སོང་། །

མཚན་མོ་ལགས་བདག་ལ་རྣོ་ལྕགས་ཀྱི་བསམ་གཞིག་གནང་བར་མཛོད་ཅིག །
ཆར་ཐིགས་རེ་རེ་བཞིན་བདག་གི་སྙིང་ཁྲག་ལ་འདྲེས་པར་མཛོད་ཅིག །
“སྟག་འཛུམ་དྲུག་གྱི་ལེར་ཤི་ན་བཟང་”བའི་གཏམ་རྒྱུད་ལ་གྱུར་བའི། །
ང་ནི་མིག་བཙུམ་མ་ཐུབ་པའི་རྣམ་ཤེས་ཀྱི་རོ་ལངས་ཤིག་ཡིན། །

གོམ་པ་གཅིག་རེ་གཅིག་རེ་བཞིན་ཁྲག་གི་མེ་ལྕེ་ཡིས་འདེགས་དུས། །
བདག་གིས་འདེགས་པར་མི་ནུས་པ་གང་དག་ཡིན་ང་ལ་གསུངས་དང་། །
ཧྥ་རིན་སུའི་ལྕགས་སྡོང་གི་ཟོལ་གྱིས་མཚན་དཀྱིལ་དུ་ཡང་འགྲེང་དུས། །
ལམ་གྱི་གློག་འོད་དམར་པོས་ཀྱང་བདག་གི་གོམ་མཚམས་གཅོད་མ་མྱོང་། །

འཆར་ཡན་དང་བསམ་གཞིག་གིས་བཟི་བའི་ར་བྷ་ང་རོ་ལངས་ཤིག །
ལོའུ་ཝི་འགྲེམ་སྟོན་ཁང་གི་མི་རྒོད་ཡན་ལག་མེད་པ་དག་བཞིན། །
ལན་རེར་མགོ་བོ་བཅད་ཀྱང་མདུན་དུ་བསྐྱོད་ལ་སུ་ཡིས་འགོག་ཨང་། །
དོན་ལྔ་སྣོད་དྲུག་མེ་ལ་བསྒྲོན་པའི་དཔའ་རྒོད་ཚོས་ང་ལ་གསུངས། །

བདག་གི་རལ་བ་ས་ལ་བསྙིལ་བ་མིན་པར་འོད་དུ་གྱུར་ཡོད། །
བདག་གི་རུས་ཀོག་ཐལ་བར་གྱུར་བ་མིན་པར་གསེར་དུ་གྱུར་ཡོད། །
ཁྱོད་ལ་ཕྱོགས་ནས་ང་ཡི་རྣམ་ཤེས་ཀྱིས་རོ་ལངས་བྱེད་ཀྱིན་ཡོད། །
ང་ཡི་རྨི་ལམ་མདུན་གྱི་རི་བོ་ཐལ་བར་འགྱུར་བ་ཉིད་ཡིན། །

རལ་གྲི་བར་སྣང་དུ་ཕྱར་ནས་ཅི་བྱ་བདག་གི་མགྲིན་པར་གཅིལ། །
མེ་མདའ་མུན་ཁུང་དུ་གཏད་པས་ཅི་བྱ་བདག་གི་ཐོང་གར་གཏོད། །
ང་ནི་བདག་གི་རེ་བ་འཆར་ཡན་ལ་བསྟིམས་མཁན་ཞིག་ཡིན་པས། །
ཚེ་སྲོག་དང་བརྩེ་བ་མེད་པའི་གྱད་མི་དྲེད་པོ་ཞིག་བྱེད་འདོད། །

མུན་པའི་ཁྲོད་ཀྱི་ཉི་འོད་ལ་འཇུས་ནས་ང་གང་དུ་བསྐྱོད་ཨང་། །
བདག་ལ་བུ་རམ་མངར་མོ་བྱུག་པའི་རལ་གྲི་ཞིག་གནང་བར་མཛོད། །
ངས་ད་ལྟ་ཉིད་དུ་ཁྱོད་ལ་གནས་ལུགས་ཤིག་ར་སྤྲོད་བྱས་ཆོག །
ཁྱོད་ལ་སྐྱག་པ་ཚ་བོ་སྦར་བའི་བརྒྱ་མཆོད་ག་ཚོད་དགོས་ཨང་། །

ང་ནི་དགྲ་ལ་གཅིན་སྐྱག་བདུག་པའི་འཇིགས་སྐུལ་བ་ཞིག་ཡིན་ཆོག །
བདག་གི་ཡན་ལག་བདག་གི་ཁྲག་བདག་གི་གངས་རི་གཏན་ནས་མིན། །
རལ་གྲི་ཐོགས་པའི་བདག་གི་མེས་པོས་བདག་ལ་འདི་སྐད་གསུངས་བྱུང་། །
འོད་ཟེར་མཆེད་པའི་དཀོན་མཆོག་གིས་ཀྱང་བདག་ལ་འདི་སྐད་གདམས་བྱུང་། །

“ཡན་ལག་ཉིང་ལག་བཏང་བ་ཡིས་ཆོས་ཚུལ་རྣམ་པར་འཕེལ་གྱུར་ཅིག” །
“མེ་ནང་བསྐལ་བ་རྒྱ་མཚོར་གནས་དགོས་ཀྱང་སྙིང་རྗེ་མི་སྐྱོ་”ཞེས། །
བདག་ལ་རང་སྲེག་གསར་བརྗེ་ཡི་རིག་པའི་གཞུང་ལུགས་ཤིག་ཡོད་པས། །
དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ཚལ་ཞིག་བསྐྱར་ཏུ་བསྐྲུན་ཆོག །

བདག་གི་ཁོང་ཁྲོ་བདག་གི་སྙིང་རྗེ་བདག་གི་ཕུང་བོར་སྦར་བའི། །
མེ་ལྕེ་རུ་གྱུར་དུས་ང་ནི་སེར་པོ་དང་དཀར་པོ་དམར་པོ། །
ཁ་དོག་གི་རྩོད་པ་བྱེད་འདོད་ཡེ་ནས་མེད་བདག་གི་བླ་སྲོག །
ཆུ་བོའི་རྒྱུན་བཞིན་རོ་ལངས་བྱེད་པར་སྙིང་ནས་འདོད་པ་དེ་ཡིན། །

དཀར་སིང་སིང་གི་ཀེང་རུས་ཀྱི་ཁོང་ན་བདག་གི་འབོད་སྒྲ་ཡོད། །
ཁྱེད་ལ་བདག་གི་ཕྱོགས་སུ་ཅེར་རེར་ལྟ་བུའི་སྙིང་ཡོད་དམ། །
ངས་ཕུ་ནུ་མིང་སྲིང་གི་བརྩེ་བ་དང་ཕྱི་ཐག་ཀྱང་བཅད་ཚར། །
ཁྱེད་ལ་བདག་གི་ཚེ་སྲོག་གླེང་བའི་ཐོབ་ཐང་གང་དུ་ཡོད་ཨང་། །

ཀེང་རུས་ཀྱིས་བདག་གི་རུས་རྐང་ལ་མིག་ཆུ་དམར་པོ་བཙིར་སོང་། །
རྣམ་ཤེས་ཀྱིས་བདག་གི་དགོད་སྒྲ་ལ་སྤོབས་པའི་གད་རྒྱངས་བསྲེས་སོང་། །
ང་ཡི་མཚན་མོ་ང་ཡི་ཀེང་རུས་དང་རྣམ་ཤེས་ཁོ་ན་ཡིན། །
སྨག་འཐིབས་པ་དང་མེ་འབར་བའི་མཚན་མོ་ཀྱེ་བདག་ལ་བཞུད་རོགས། །

རྨི་ལམ་དང་ཉལ་ས་དྲོན་པོ་མེད་པའི་མཚན་མོ་ལ་རོལ་བ། །
རྔུལ་ཆུ་ཁྲོམ་པའི་མྱོས་བུམ་ཟུང་ཆགས་སྲེད་ཀྱིས་བཙིར་བ་ཇི་བཞིན། །
རང་དབང་མེད་པའི་བསམ་གཞིག་གི་འདོད་ཆགས་རྒོད་པོ་ཞིག་ཡིན་པས། །
བདག་ནི་དབང་མེད་དུ་རོ་ལངས་རྣམས་དང་ལྷན་དུ་གདའ། །

ས་སྲོད་ཀྱི་མི་རྣམས་ཀྱེ་སྤོབས་སེམས་ཀྱིས་མཚན་ནག་ལ་བཞུད་རོགས། །
མཚན་མོ་ཁོ་ན་རོ་ལངས་ཀྱི་མི་རྣམས་དང་གླེང་མོལ་བྱ་ས་འོ། །
རོ་ལངས་ཀྱི་སྐད་ཆ་ཁོ་ན་དམར་ཧྲེང་ཧྲེང་གི་ཚེ་སྲོག་ཡིན། །
ད་ལྟ་ནི་བདག་ཀེང་རུས་ཀྱི་མི་རྣམས་དང་ལྷན་ཅིག་ཏུ་གདའ། །

འགྲམ་པ་སྐྲང་ཞིང་ཁྲག་རྩ་རལ་བའི་མཚན་ནག་གི་གླེང་མོལ་ནི། །
བདག་གིས་ཤོར་ཟིན་པ་མཐའ་དག་གི་ཟིན་བྲིས་སེར་པོ་ཡིན་པས། །
སྙིང་ཆུང་འཕག་དཀའ་བའི་ངང་ཚུལ་གྱིས་མཚན་ནག་ལ་འཇུག་པ་ཉིད། །
ངས་རང་གི་བླ་སྲོག་ལ་དྲན་གསོ་བྱེད་ཚུལ་ཐན་ཐུན་ཞིག་གོ། །

མཚན་མོ་ལགས་བཀའ་དྲིན་ཆེ་བདག་གི་བསམ་གཞིག་མཐུད་པར་བྱས། །
ཆར་བ་སིབ་སིབ་ཀྱིས་བདག་ལ་དཔའ་བོའི་རྟོགས་བརྗོད་གླེང་སོང་། །
“སྟག་འཛུམ་དྲུག་གྱི་ལེར་ཤི་ན་དགའ་”བའི་གནས་ལུགས་གསུངས་པར་མཛོད། །
མཚན་མོ་ལགས་ཡང་ན་བདག་ལ་རྣོ་ཡི་མཆེ་བ་གནང་བར་མཛོད། །


གསེར་གྱི་མྱི་རྒོད་ནམ་མཁར་འཕྱོ་བ།


ཁྱེད་རང་སྤྲིན་པ་ནག་པོའི་ཁོང་གསེང་ལས་ངར་གྱིས་འཕྱོ་དོན་ཅི། །
ལྕགས་སྒྲོག་རལ་བ་ཙམ་གྱིས་མི་ཡུལ་ལ་གཏམ་རྒྱུད་བསྐྲུན་ཚར་མོད། །
ཁྱོད་ཀྱིས་རང་དབང་གི་ནམ་མཁའ་ལ་ཧམ་ཐོབ་ཆེན་པོ་བཟེད་ནས། །
སྤྲིན་པའི་སྟེང་དུའང་མཐའ་མེད་ལ་གནམ་དུ་འཕྱོ་བར་འབད་ཀྱིན་འདུག །

ཁྱེད་རང་བདག་གི་སྨྲ་བརྗོད་བྲལ་བའི་སེམས་པ་དང་འདྲ་བ་ལ། །
སྐྱབས་བཅོལ་ནས་སྐྱབས་བཅོལ་འགྲིམ་པའི་མི་སེམས་རྒོད་པོ་ཞིག་ཁུར་ནས། །
སླར་ཡང་སྤྲིན་པ་ནག་པོའི་ཁོང་གསེང་ལ་ངར་གྱིས་འཕྱོ་གྱིན་འདུག །
ང་ཡིས་མྱི་རྒོད་ཁྱོད་ལ་གསེར་གྱི་གཤོག་པ་ཞིག་ཐོགས་པར་སྨོན། །

ཝུ་ཆང་མེད་པའི་སྙན་ངག་པ་ཞིག་གི་འཆར་ཡན་ལ་འཐིམས་པའི། །
གསེར་གྱི་མྱི་རྒོད་ཁྱེད་རང་སྒྲེན་པོར་གནམ་དུ་འཕྱོ་བར་མཛོད་ཅིག །
ཁྱེད་ཀྱི་རྐང་འོག་ནས་བདག་གི་གདོང་གར་འཕྲོ་བའི་འོད་ཟེར་ནི། །
མུན་པ་འདྲེན་པའི་ཉི་མ་རྒས་པོ་ཞིག་གི་ཞེན་ཆགས་ཙམ་རེད། །

རང་དབང་གི་ནམ་མཁའ་ནི་བྲག་རྡོ་མང་བའི་རྫ་རི་ཞིག་ཡིན། །
ཤ་མ་ཅན་གྱི་སྟག་རྒོད་གཟན་ལ་རྔམ་པའི་ངང་ཚུལ་གྱིས་ཡོང་བ། །
བདག་གི་བསམ་གཞིག་གི་མནར་གཅོད་དུ་གྱུར་བ་དེ་དག་ཡིན་ཏེ། །
ཉི་མ་སེར་བོ་དང་དམར་པོ་འོད་ཟེར་རྒས་པོ་དེ་དག་གོ །

ང་ཡི་ནམ་མཁའ་ང་ཡི་གངས་རི་ང་ཡི་མྱི་རྒོད་དང་ང། །
ས་གཞི་ལ་དྲི་ངན་གྱི་རྫས་དུག་ཕོག་པའི་དགོང་ཀ་རུ་འཚོ། །
ལོ་མ་ལྗང་ཁུ་འཛིང་བའི་ཁོང་ལས་ཀྱང་ནམ་མཁའ་རུ་འཕྱོ་བས། །
ང་ཡི་གངས་རི་ང་ཡི་མྱི་རྒོད་རྨི་ལམ་གྱི་ཁམས་སུ་བྱོན། །

སྲང་ལམ་དུ་རྒྱབ་ཁུག་སྔས་སུ་བྱས་པའི་སྐྱབས་བཅོལ་བ་ཞིག་ཡོད། །
རྨི་ལམ་གྱི་འཕྲུལ་སྣང་ཡོད་ཚད་ཟླ་ངོས་སུ་རྗེན་པར་མངོན་དུས། །
གསེར་གྱི་མྱི་རྒོད་ཀྱིས་གཤོག་པ་བརྐྱངས་ཏེ་བླ་ནས་བླ་རུ་འཕགས། །
རྡོ་བའི་མལ་གདན་ལ་དྲོད་ཀྱི་ཁྲག་རྩ་རྒྱས་པ་ཅིའི་ཕྱིར་མིན། །

ང་ལ་ཅི་ཡང་ཡོད་ལ་ཅི་ཡང་མེད་བདག་གི་མྱི་རྒོད་ལགས། །
ངས་རང་གི་ཡ་ཐོད་དུ་ཁྲག་གི་ཡི་གེ་ཞིག་བྲིས་ནས་ཡོད། །
ངས་རང་གི་བླ་སྲོག་ལ་གསེར་གྱི་རི་མོ་ཞིག་ཕབ་ནས་ཡོད། །
ཁྱེད་ཀྱིས་རང་དབང་གི་ནམ་མཁའི་མཐོང་སུ་ངར་གྱིས་ཀློག་པར་མཛོད། །

སྨན་ཁང་ཆེན་པོའི་སྒོ་སྲུང་མྱི་ནག་དེས་ཀྱང་ངར་པོ་བྱས་སོང་། །
གྲང་རླུང་ལྡང་བའི་སྲང་ལམ་དུ་ང་རང་ཁེར་རྐྱང་གིས་ཆས་དུས། །
ནམ་མཁའི་ངོས་ཀྱི་སྐར་ཚོགས་ཀྱང་ཞལ་རས་ནག་རོག་གེར་གྱུར་སོང་། །
སླར་ཡང་བདག་སེམས་སློང་བ་ནི་གསེར་གྱི་མྱི་རྒོད་ཁོ་ན་ཡིན། །

ཁང་བརྩེགས་ཚོགས་ཀྱིས་མགོ་བོ་གཏུགས་ནས་སྐད་ཆ་ཤུབ་པར་སྨྲ་དུས། །
ང་ཡིས་མི་ལོ་བརྒྱ་ཕྲག་སྔོན་གྱི་ར་བྷ་བཟི་བོ་ཞིག་དྲན། །
ད་དུང་རྒས་པོ་བདུན་གྱི་གཏམ་རྒྱུད་སྐྱུར་རོ་ཞིག་སེམས་པར་དྲན། །
མུན་ཁྲོད་དུ་རྒྱབ་ཁུག་ལྕི་མོ་འཁུར་མཁན་ང་སུ་ཞིག་ཡིན་ཨང་། །

འཇིག་རྟེན་ནི་འཐབ་རྩོད་དང་ཟླ་འོད་ཀྱང་མེད་པའི་དགོང་ཀ་ཞིག །
ང་ལ་ཉལ་ས་མེད་གནས་ལུགས་འདི་ནི་བདག་གི་ཐོབ་ཐང་ཡིན། །
དར་ཆ་གོན་པའི་གཞང་འཚོང་མ་ཞིག་གི་རྡོག་སྒྲ་ལས་དམའ་བའི། །
བདག་གི་སྐད་ཆ་ཤབ་ཤུབ་དག་ཁྱོད་ཀྱིས་ཨེ་ཐོས་བསམ་མ་མྱོང་། །

གནམ་དང་ཁ་ཐག་ཉེ་བའི་ཡོ་རོབ་གླིང་དུ་སུ་ཞིག་ཡོད་ཨང་། །
མགོ་ལ་སྐྲ་རྫུན་གྱོན་པའི་མྱི་ནག་མ་འགའ་ཤས་བསྐྱོད་ཀྱིན་འདུག །
མིག་ཤེལ་ནག་པོ་མེད་དུས་རྡོག་ལམ་ཡང་རལ་བར་འགྱུར་སྲིད་པས། །
མུན་པ་ནས་མུན་པར་འཕྱོ་བའི་གསེར་གྱི་མྱི་རྒོད་ལགས་ཕེབས་རོགས། །

ང་ཡི་ཡ་ཐོད་དུ་བྲིས་པའི་ཁྲག་གི་ཡི་གེ་ལ་གཟིགས་རོགས། །
ང་ཡི་བླ་སྲོག་ལ་ཕབ་པའི་མེ་ལྕེའི་སེར་པོའི་ཀེང་རུས་དང་། །
ཀེང་རུས་ཀྱིས་བྲིས་པའི་རི་མོའི་མཆེ་བ་ལ་གཟིགས་པར་མཛོད་ཅིག །
བདེན་པ་གང་དུ་ཡོད་བདག་གི་མྱི་རྒོད་དང་གསེར་གྱི་གཤོག་པ། །

༢༠༡༤ ཟླ་ ༧ ཚེས་ ༡ ཉིན།

 

སྤྲང་བོ་ལམ་ཐུག ངལ་བའི་ལམ་སྒྲུང་།


མི་ཞིག་གིས་མི་ཞིག་ལ་ལྷ་འདང་བཞག་ནས་ས་མཐར་སླེབས། །
ཁོང་ཚང་ནི་ལྷ་འདང་ཙམ་མིན་པར་དཀོན་མཆོག་དངོས་ཀྱང་ཡིན། །
ཕ་ཡུལ་ན་ཡོད་དུས་སུ་བླ་བྲང་གང་ལ་སོང་ན་ཡང་། །
དཀོན་མཆོག་ལ་བཅར་བ་ཚོར་སྣེ་ལེན་གཟབ་རྒྱས་ཞུ་ངེས་ཡིན། །

མི་དེ་ཡིས་བླ་བྲང་ལ་ཕྱག་རེ་འཚལ་ཞོར་གྲོད་པ་སྐྱོར། །
རི་ཁུགས་ན་ཉི་མར་གཞུས་པའི་སྲིད་གཞུང་ལ་རེ་བ་བྱས། །
གྲོད་པ་སྐྱོར་ཐེངས་རེ་རེར་ཕོ་གཟེར་ཀྲང་ཀྲང་འགྱེལ་གྲབས་བྱས། །
ཨུ་ཚུགས་ཀྱི་མདུད་པ་དམ་པོ་རུ་བརྒྱབ་ནས་གསོན་ཐབས་བྱས། །

སྤྲེའུ་མོད་པོའི་རྩེད་སྟངས་ལས་རང་ཉིད་ལ་བློ་སྐྱེད་ཅིག་ཐོབ། །
སེམས་བསྟན་ཀྱང་པྲ་ཚགས་མཚམས་མི་འཇོག་མཁན་གྱི་སྤྲེའུ་ཕྲུག་ཚོས། །
ཉི་མར་སྐུང་བའི་མུན་པའི་ཟུར་ཙམ་བསྟན་ཏེ་འགྲེལ་བཤད་བྱས། །
དེ་ནས་བཟུང་རང་ཉིད་ཀྱི་དུངས་ཞེན་ཞེས་པའི་ཕམ་ཁ་ཚོར། །

འཛམ་གླིང་གི་ཉི་མ་ནི་གླིང་བཞི་ཁྱོན་དུ་འཕྲོས་འོས་མོད། །
ལག་མཐིལ་ལས་ཆུང་བ་ཡི་སྤྲིན་ཚོགས་ཀྱིས་གཡོགས་པ་ཡོད་འདུག །
དཔེར་མཚོན་འདི་སེམས་ཤུགས་ཀྱི་སྟོབས་ཤུགས་ཉག་གཅིིག་ཡིན་མོད་ཀྱང་། །
མཐོང་སྣང་གི་འཇིག་རྟེན་གྱིས་ཡང་ཡང་དྲི་བའི་ཀློང་དུ་བརྫངས། །

རྨི་ལམ་དུའང་དགྲ་དང་འདྲེས་པ་ལ་རྣམ་རྟོག་བྱས་མྱོང་མོད། །
ཚོད་མེད་དུ་རང་ཉིད་ལ་ཤ་འཁོན་རྩོད་པའི་དུས་ཚོད་རེ། །
ཕར་ལ་བསྐྱལ་ཞིང་ཚུར་ལ་བསུ་བའི་གདུང་བ་ངར་པོ་ལ། །
ཉིན་མ་རེ་བཞིན་འཐབ་ཅིང་ལོ་ཟླ་གྲངས་མེད་ཅིག་ཕར་བསྐྱལ། །

དབང་གསུངས་པའི་ལོ་དེར་མི་བོ་ཆེ་ངོ་མ་དག་ལ་མཇལ། །
ཕ་ཡུལ་ནས་མར་ཕྱུར་དང་སྒོར་མོ་བསྐུར་བ་ཁོ་ལ་སྤྲད། །
བརྩེ་བ་དང་ན་ཟུག་ཀྱང་མཉམ་དུ་ཁུར་ནས་ཁོང་ལ་སྤྲད། །
གྲང་བསིལ་བསིལ་གྱི་མིག་ཆུ་རྡོག་པ་འགའ་ཡང་དབང་མེད་དུ་ཟགས། །

ཕ་མ་དང་སྦྲ་ནག་མེད་པ་ཡི་ཡུལ་ལ་འགྲོ་མ་འདོད། །
སྤྲ་སྤྲེའུ་དང་ཁྱི་སྐད་མཐོ་བའི་ཡུལ་འདིར་ཧ་ཅང་སུན་ཏེ། །
སྐྱབས་བཅོལ་བ་འཕར་མ་ཞིག་བྱེད་དགོས་པ་ཐག་ཆོད་པར་བརྟེན། །
དེ་ནས་བཟུང་ཕ་ཡུལ་མེད་པ་ཡི་སེམས་ཐག་གཙང་མར་བཅད། །

མི་དེ་ཡིས་རང་གི་ཚ་བོ་ལ་བོད་ཡིག་ཅིག་སློབ་ཆེད། །
ལྷའི་ཐུ་འོག་སུ་བོས་ནས་སློབ་གྲྭར་བཏང་སྟེ་རྒྱང་ལ་བཞུད། །
མི་དེ་ཡིས་དཀར་ཡོལ་ཁྲུས་ཏེ་ཞ་སྨྱུག་དང་ཤོག་བུ་བསྐུར། །
ཚ་བོ་ཡིས་ཡི་གེ་གཏོང་ཐེངས་རེར་ལྷ་དྲིན་ལ་སྐྱིད་ཟེར། །

ཡི་གེ་དེ་དཀར་ཡོལ་ཁྲུ་དུས་དང་སྒོར་མོ་སྐུར་དུས་དྲན། །
སྐྱོ་གདུང་གི་བསྔོ་ཡིག་དང་ལྷན་དུ་འབྱོར་བའི་ཕ་ཡུལ་གྱི། །
མར་ཆར་དང་སྒོར་མོ་ལྟར་སྙིང་ནས་བརྩེ་བའི་ཚ་བོ་ལ། །
སྐྱོ་བ་དང་ན་ཟུག་གི་སྒོར་མོ་བསྐུར་བར་ཤིན་ཏུ་ཕངས། །

ཚ་བོ་ཡི་ཡི་གེ་ལ་འགྱུར་བ་ཡེ་ནས་མ་བྱུང་ལ། །
དད་པ་བརྟན་དགོས་པ་ཡི་བསླབ་བྱ་འགའ་ཡང་མཉམ་དུ་བཏང་། །
ཀ་ཁ་ཡི་ལྷུ་ཐག་ལ་འཛེར་མ་བརྡབས་ཤིང་མུ་མཐུད་བསྐུར། །
འགྱུར་བ་རེ་མངོན་པ་ནི་སྤྲེའུ་ཚུགས་ཁུངས་མེད་དག་རེད་བཞག །

མི་དེ་ལ་སྙན་ངག་པ་གྲོགས་པོ་དགའ་ཞིག་ཡོད་པ་དེར། །
ལོ་ཤས་སྔོན་སྲིད་གཞུང་གིས་ཡི་གེ་ཞིག་སྤྲད་པར་གོ་བས། །
ཁོས་རྒྱུན་ཏུ་ཁོང་ལ་སེམས་ཁུར་དང་སྒོར་རྡོག་འགའ་རེ་བསྐུར། །
དེ་ལ་ཡང་ཚ་བོ་ཡིས་བརྡ་ལན་མཚར་པོ་རེ་བཏང་བྱུང་། །

གསར་འབྱོར་བ་ཚོ་རེ་རེ་བཞིན་དུ་ཡི་གེ་ཞུས་ནས་བཞུད། །
འབྱོར་འཁོས་ལ་མུག་འཁོར་བའི་སྙན་ངག་པ་ཉིད་ཤུལ་ཏུ་ལྷག །
སྐབས་དེ་རུ་སྙན་ངག་པས་སྤྲེའུ་གར་ལྟད་མོ་ལ་གཡེང་ཏེ། །
སྐུ་ངོ་དང་སྤྲེའུ་བྱ་སྤྱོད་ཅེས་པའི་སྙན་ངག་ཅིག་བརྩམས་འདུག །

སྙན་ངག་དེ་གྲོས་ཚོགས་ལས་ཐེངས་གཉིས་གླེང་ཞིང་སྐུ་ངོ་ཚོས། །
དད་པ་དང་དམ་ཚིག་གི་གསེར་གྱི་གཉའ་ཤིང་དྲུད་ནས་ཡོང་། །
སྤྲ་སྤྲེའུ་ཡི་ལད་མོ་དང་འཁྲབ་སྟོོན་ལ་བྱང་བ་དག་གིས། །
རྒྱལ་ཁབ་དང་དཀོན་མཆོག་དགོས་མིན་གྱི་ཐ་ཚིག་ཡང་ཡང་བསྒྲགས། །

ཉིན་ཞིག་ལ་སྙན་ངག་པས་ཨ་རག་རྔམ་འཐུང་བྱེད་ཀྱིན་དུ། །
ཁ་བའི་ལྗོངས་ལ་དར་བའི་བདེ་སྐྱིད་ཁ་གང་མ་ཞིག་གླེང་། །
སྙིང་སྟོབས་འདི་ལྷ་ཞིག་གིས་མི་ཡུལ་བཞག་པའི་བརྩེ་བ་རེད། །
བརྩེ་བ་འདི་ཡིད་དུ་ཟགས་འོས་བས་ཁ་ནས་སྐྱོོར་མི་དགོས། །

སུ་ཞིག་གིས་སྤྲེའུར་སྨོན་ན་དེ་ཡིས་ཐལ་མོ་སྦྱོར་རིགས་སོ། །
མ་གཞི་ནས་མི་ཞིག་གི་བྱ་སྤྱོད་སྤྲེའུ་ལ་འདྲེས་ཚར་དུས། །
བརྩེ་བ་དང་གནས་ལུགས་ཀྱི་སྲོག་དབང་ཆད་པ་ཞེ་གཅིག་ཡིན། །
བསམ་ཚུལ་འདིས་དེ་རིང་ལས་སང་ཉིན་གླེང་ཐབས་མེད་པ་ཡིན། །

འཆར་སྣང་ཙམ་བརྩེ་བ་རུ་སྨྲ་བ་རྦད་དེ་ནོར་ཚར་ཡོད། །
གཞུང་ཡིག་ལ་ལེན་པ་ཡང་གད་མོ་འབའ་ཞིག་ལ་འཇོག་འོས། །
མི་ཚེ་གཅིག་འཆར་སྣང་གིས་མྱོས་ན་རྦད་དེ་སྨྱོས་པ་ཡིན། །
སྲིད་ལུགས་ཀུན་སྔོན་བྱུང་བ་འབའ་ཞིག་དགོས་པའི་ངེས་པ་མེད། །

འཚོ་བ་ཡི་དོན་སྙིང་ལ་ལྟ་བ་སྒྱུ་རྩལ་བདེན་པ་ཡིན། །
སྒྱུ་རྩལ་གྱི་བདེན་པ་ལ་ཅ་ཅོ་ཕྱོགས་ཞེན་ཞུགས་པ་དག །
མི་གཤིས་ཀྱི་མཛེས་པ་ལ་ལྟ་བའི་མིག་དབང་ཡོད་མི་སྲིད། །
རྒྱུ་མཚན་འདིས་ང་ནི་དུས་ཀུན་ཏུ་སྤྲིན་སྒྲིབ་ཉི་མར་དད། །

མི་ཞིག་གི་སྙིང་སྟོབས་ལ་ཚད་ཤིང་ཡོད་འོས་པ་ཤེས་དགོས། །
བརྩེ་བ་ལའང་ཕ་མཐའ་དང་བྱུང་རིམ་ཡོད་པ་རུ་ལྟ་དགོས། །
གོང་རིམ་གྱི་མི་དག་ལ་སྤྲེའུ་སྤྱོད་ཞུགས་པའི་ཉིན་མོ་ནས། །
ཉི་འོད་ཀྱང་དབང་མེད་དུ་སྤྲིན་རྒྱབ་ཁོ་ན་རུ་ལྷག་ཡོད། །

བྱུང་རིམ་ལ་མིག་ལོང་བའི་མི་དག་གཡང་གཟར་ལ་མཆོང་སོང་། །
འཁྲབ་སྟོན་ལ་བྱང་ཡོད་པའི་མི་དག་རྒྱལ་བར་གྱུར་ཚར་བས། །
ས་ཆ་འདི་ཉི་མར་ལྡེ་སར་ལྷ་ས་ལས་ཀྱང་ལྷག་རེད། །
ལྷ་གཤིས་དང་མི་གཤིས་ཀྱི་སྙིགས་མ་འདི་རུ་སྤུངས་ནས་ཡོད། །

མགོ་བོ་རང་སྤོབས་པ་རུ་བྱ་འདོད་ཡེ་ནས་མིན་ན་ཡང་། །
མཆོང་གར་ལ་དབང་ཐོབ་པ་དག་གིས་བདག་ནི་འདི་ལྟར་འགྲེལ། །
འགྲེལ་བ་འདིས་ཁྱེད་ཉིད་ཀྱང་བདག་གི་ཉེ་སར་བཅད་ཡོད་སྲིད། །
སྣང་ཚུལ་འདི་ས་མཐའ་ཡི་ཀ་ཁའི་ལས་དབང་ཡང་ཡིན་སྲིད། །

སྙན་ངག་པ་བཟི་དུས་ཀྱི་སྐད་ཆས་མི་དེར་བརྩེ་བ་བྱིན། །
སྤོབས་པ་དང་གོ་རྟོགས་ཀྱང་བསྩལ་བས་ཆོས་ལས་སྙན་ངག་ཉིད། །
མི་ཞིག་གི་སྤོབས་པ་དང་རང་དབང་གཉུག་གཤིས་ཉིད་དུ་མཐོང་། །
མི་ཞིག་གིས་སྙན་ངག་པ་རྙེད་ཚད་མིན་ཡང་སྐྱོན་མི་འདུག །

གནས་ལུགས་ཤིག་རང་ཉིད་ཀྱི་སེམས་ལ་གསལ་ཐིང་ངེར་གྱུར་ཡོད། །
ཡིན་ན་ཡང་བརྒྱུད་རིམ་འདི་མི་དེ་གཞུང་གི་དགྲར་ལངས་པའི། །
ལྟ་གོན་དང་སྙིང་སྟོབས་ལ་གྱུར་པས་གནས་ལུགས་དང་ཐག་ཉེ། །
མི་ཞིག་གིས་གངས་རི་དང་ལྷ་ཞལ་མཇལ་བའི་སྐབས་ཀྱང་ཡིན། །

བརྩེ་བ་ནི་དགྲར་ལངས་སྟངས་གཞན་ཞིག་ཡིན་པ་གཞི་ནས་ཤེས། །
དད་པ་དང་དམ་ཚིག་ཀྱང་མདུད་པ་མདུད་ཚུལ་གཞན་དུ་བསམ། །
མི་དེ་ཡིས་འཇིག་རྟེན་ཞིག་གཞར་ནས་ཡོད་པ་གཞི་ནས་ཚོར། །
དེ་ཙམ་ལ་མི་དག་གིས་སད་རྟོགས་བརྙེས་པར་བཤད་ཚུལ་ཡོད། །

སངས་རྒྱས་པ་དག་གིས་ཀྱང་གནས་ལུགས་དེ་ཙམ་མ་ཤེས་པར། །
ལྷ་ཞབས་ལ་ནས་སྔོན་གྱི་འབྲུ་གུ་གཏོར་བ་སུ་ཡིས་ཤེས། །
སད་རྟོགས་དེ་ལྟ་བ་ལོག་ཙམ་གྱི་གོ་བ་ག་ལ་ཡིན། །
མི་ཞིག་གིས་རང་ཉིད་ཀྱི་དཀར་ངོགས་མཐོང་སྟངས་དེ་ཙམ་ཡིན། །

མི་ཞིག་གིས་རང་ཉིད་གཏན་དུ་བར་བསམ་པ་ཡེ་ནས་ནོར། །
རླུང་བུ་འགུལ་ཙམ་གྱིས་ཀྱང་དོན་ལྔ་སྣོད་དྲུག་ཉོག་སྲིད་ན། །
རི་ཁུགས་འདིའི་ལྷིང་འཇགས་ལ་སུ་ཞིག་གཏན་དུ་འཐམ་པར་ངེས། །
སྤྲེའུ་ཚོགས་ལ་འཐབ་འཛིང་གི་ལོ་ཟླ་དངོས་གནས་བརྗེད་པར་འོས། །

མི་དེ་ཡི་ཀྱག་ཀྱོག་གི་བཞུད་ལམ་རིང་བོའི་སྔ་གཞུག་ལ། །
ཆོས་ལུགས་དང་ཆབ་སྲིད་ཀྱིས་བསྲེགས་པའི་དུད་སྨུག་འཕྱུར་གྱིན་པས། །
སྙན་ངག་ལ་འཕྲད་པ་ནི་བར་དོར་སངས་རྒྱས་པ་དང་འདྲ། །
གོ་སྐབས་འདི་དཀོན་མཆོག་གིས་ཀྱང་བསྩལ་མ་ཐུབ་པ་དེ་ཡིན། །

དགུང་སྔོན་པོའི་གླག་རྒོད་དང་འདྲ་བར་གཤོག་པ་རྐྱོང་བ་ནི། །
རང་ཉིད་བརྒལ་མ་ཐུབ་པའི་རི་བོ་ཁོ་ནར་གཟས་བ་ལས། །
རི་ཁུགས་ཀྱི་སྤྲེའུ་ཚོགས་ལ་འཇིགས་ཤ་སློང་བ་ག་ལ་ཡིན། །
དེ་ཙམ་ཞིག་མི་ཆོས་ཀྱི་སྤོབས་པར་བཞེངས་པ་རྦད་དེ་ནོར། །

བསམ་གཞིག་ལ་གས་ཁ་ཤོར་བའི་ཉིན་བདག་ནི་འཐོར་བར་འོས། །
ཆོས་གཞུང་ལས་མགོ་བོ་ཚལ་བར་འགས་སྟངས་ཤིག་གསུངས་པ་དེ། །
ལམ་ཁ་ཞིག་མངོན་དུ་བྱེད་སྟངས་ཏེ་ཉེས་ཅན་ཐར་ལམ་གྱི། །
འགག་སྒོ་དང་ཉེར་བསྡོགས་ཤིག་ཡིན་ཚོད་གདའ་བས་བདག་དེ་རུའོ། །

མི་དེ་ཡིས་རང་ཉིད་ལ་ཕངས་སེམས་ངར་པོ་དང་བཅས་ཏེ། །
ཚེ་སྲོག་གི་ཉག་ཐག་ལ་རལ་གྲིའི་མགྲིན་པ་སྦྱར་བར་གྱུར། །
ལྷ་ཞིག་དང་མི་ཞིག་གི་གཏམ་རྒྱུད་ཐག་གཅོད་བྱེད་དགོས་ན། །
ཀུ་རེ་དང་གནས་ལུགས་ཀྱི་ཉོག་ཞིག་གཡོ་རྒྱུ་དེ་འོ་ཟེར། །

ཕྲ་མར་མི་ཐེ་བའི་ལམ་སྒྲུང་འདི་ལྷ་ཡིས་གསན་པར་མཛོད། །
སྤྲང་བོའི་ལམ་ཐུག་འདིའང་དཀོན་མཆོག་གིས་གནང་བ་བདེན་ལགས་ན། །
བདག་ནི་འདམ་བག་དང་བཅས་པ་ཡི་ཤལ་མ་ལིའི་སྡོང་མགོར། །
རྣམ་ཁྲག་དང་བཅས་ཏེ་ངེས་པར་དཔྱང་བར་མཛོད་འགྲོ་བ་མི། །


ས་མཐའ་ནི་མི་སེམས་ལ་ཀུ་རེ་རྩེད་ས་ཞིག


བུ་མོ་གསུམ་གྱིས་རང་རང་གི་གནས་སུ་སྒེག་ཉམས་མངོན་གྱིན་འདུག །
ཤ་མདངས་མི་གཅིག་པའི་བུ་མོ་གསུམ་གྱི་མཛེས་པའི་ལང་ཚོ་ལ། །
ལྐོག་མིག་འཕེན་པའི་ར་བྷ་བཟི་བོ་དེ་ནི་རྦད་དེ་སྨྱོས་འདུག །
གདམ་ག་མེད་པར་རང་གི་འདོད་པ་རྒྱ་ཡན་སུ་གཏོང་གིན་འདུག །

མྱོས་བུམ་དོད་ཙམ་འབུར་བའི་བུ་མོ་དེ་ནི་ལོ་རྒན་ཤོས་རེད། །
བྱིས་པའི་རྣམ་འགྱུར་སྣ་ཚོགས་ལ་སེམས་ཀྱི་ཁོང་དགོད་ཤོར་བར་གྱུར། །
འོན་ཏེ་སུ་ཞིག་གི་སྨྱོ་ཧམ་ད་དུང་ཚད་མེད་ལ་བཟེད་ནས། །
མགོ་བོ་སྒུར་རུང་མིག་ཟུང་གིས་ངལ་བ་ལྷུར་ལེན་བྱེད་ཀྱིན་འདུག །

ས་སྲོད་ལ་འབོད་བརྡ་གཏོང་བའི་སྐྱེས་བུ་དེ་སུ་ལ་དབང་ངམ། །
ཤ་རྩ་ནག་ལ་སྨུག་པའི་སྨན་ཤར་མ་དེ་རྒྱང་ལ་བཞུད་སོང་། །
“ཐྲིག་ཐྲིག་ཐྲིག་ཐྲིག་ཐྲིག་”ད་དུང་མཚམས་མ་ཆད་པར་འགྲོ་གིན་འདུག །
རོལ་དབྱངས་དཀྲོལ་བ་ཙམ་ཞེན་ཆགས་དང་ཕྱི་མིག་གི་འཁྲེང་སེམས་རེད། །

གསེར་གྱི་སྟོན་པ་ལྕགས་ཐག་ལ་བརྒྱུས་ནས་སྐེ་ལ་གྱོན་མཁན་ཁྱོད། །
སུ་ཞིག་ལ་བསམ་བཞིན་དུ་ཞེད་སྣང་སློང་བར་ཡོང་བ་ཡིན་ནམ། །
ཁྱོད་ཀྱི་བྲང་གཞུང་ན་བར་མེད་དུ་གཡོ་གྱིན་པའི་འགད་རྫས་དེ། །
བདག་གི་སྙིང་ཁ་ཁོ་ནར་ཚོད་མེད་དུ་གནམ་ལ་འཕྱོ་གྱིན་འདུག །

གནམ་འོག་ནི་བརྩེ་དུང་གི་གཏམ་རྒྱུད་སྐྱུར་རོ་ཞིག་ཡིན་ཚོད་གདའ། །
ཁ་ཆེ་མ་དེའི་ངོ་གདོང་སྒྲིབ་བྱེད་ཀྱི་རས་ཡུག་ནག་པོ་དེ། །
ང་ཡི་འཐོམ་སྦྲིད་དང་དུང་བའི་སེམས་དྲན་པ་དང་འགུལ་སྐྱོད་བཅས། །
རིལ་གྱིས་སྒྲིབ་བྱེད་ཀྱི་ཡ་རབས་ཀུན་སྤྱོད་དང་ཇི་འདྲའི་འདྲ་ཨང་། །

ང་ད་དུང་གླ་གཏོང་རླངས་འཁོར་ཞིག་ལས་འགྲོ་གྱིན་ཡོད་པར་སྙམ། །
མིག་ཆུ་གནམ་ལ་གཏོང་བའི་བུ་མོ་དེ་ཚུར་ཚུར་འོང་གིན་འདུག །
བདག་གི་ཅི་ཞིག་ལ་ཁྱོད་ཀྱི་ཡིད་ཆེས་ཀྱི་གངས་རི་འགྱིང་ཨང་། །
ཁྱོད་ཀྱིས་བདག་ལ་གནམ་གྱི་ཕྱེད་ཀ་ཕངས་མེད་དུ་སྦྱིན་པར་སྣང་། །

ལོ་ངོ་མང་པོའི་སྔ་རོལ་དུ་སུ་ཡིས་ཁྱེད་ཀྱི་རྒྱབ་གཟུགས་མཐོང་། །
ཁ་མི་གྲགས་པའི་ཁྱོད་རུས་པ་དཀར་པོ་ཅན་ཞིག་ཏན་ཏན་རེད། །
གངས་རི་བརྒལ་མ་ཐག་པ་ཁྱོད་ཀྱི་མཁུར་ཚོས་ཀྱང་དམར་པོ་རེད། །
ཅི་ཞིག་ལ་ཁྱེད་ལ་ལྕགས་ནག་གི་སྙིང་ཁམས་སྟོན་མ་ནུས་ཨང་། །

ཁྱོད་ཀྱི་བྲང་གཞུང་ན་བར་མེད་དུ་གཡོ་བའི་འགད་རྫས་དེ་ཡིས། །
ཁྱོད་ཀྱིས་བྲང་གཞུང་ན་ལྷོག་ལྷོག་ཏུ་ལྡིང་བའི་ཁྲག་རྩ་དེ་རུ། །
འཐོམ་སྦྲིད་ཀྱི་བཟི་ཁ་ངར་པོ་ཞིག་མཆིས་པ་སུ་ཡིས་རྟོགས་ཨང་། །
གབ་ཚིག་གི་གདོས་ཚད་དུ་གྱུར་པའི་བདག་གི་བརྩེ་བའི་མི་ལགས། །

སྣང་ཚུལ་མཐའ་དག་ལ་ཁ་དོག་མེད་པའི་བཤད་ཚུལ་དེར་བསམ་ན། །
དེ་ནི་ར་བཟི་ཞིག་གིས་རང་སེམས་གནོད་མ་ཐུབ་པ་ཙམ་རེད། །
ང་ཡི་མིག་མདུན་གྱི་རི་བོ་འགུལ་གྱིན་ང་ལ་འོང་གིན་འདུག །
སྣང་ཚུལ་འདི་ཡང་རྒྱུན་ལྡན་མིན་པའི་སེམས་ཁམས་ཤིག་ཏན་ཏན་རེད། །

ང་ཡིས་ཁྱེད་ལ་འོ་ཞིམ་པོ་ཞིག་བསྐྱལ་ནས་རྟེན་འབྲེལ་ཞུ་འདོད། །
ང་རང་ཁྱེད་ལ་ཡིད་ཚིམ་པ་ཞིག་འཐམ་ནས་སྙིང་གཏམ་གླེང་འདོད། །
ཉ་གང་བའི་ཟླ་བ་དཀར་པོ་ལགས་ང་ལ་ཚུར་ཚུར་ཕེབས་རོགས། །
ངས་རྣམ་ཀུན་ཡིད་ཤོར་བའི་ནམ་མཁའ་ལ་མིག་ཅེར་ནས་བལྟས་ཡོད། །

ཟླ་བ་ཉ་གང་བའི་མཚན་མོ་ཁོ་ན་ང་ལ་དགོས་པ་ཡིན། །
ས་རུབ་དུས་ཟླ་བ་སྤྲིན་པས་བཙིར་བ་ཡང་སྡུག་བསྔལ་ཞིག་རེད། །
འགྲེལ་བརྗོད་དཀའ་བའི་མྱི་སེམས་ལ་ཟླ་བ་དཀར་པོ་བཞད་པར་ཤོག །
ཁྱེད་ཉིད་ཁོ་ན་དགུ་ཚིགས་གཤགས་པའི་ཟླ་བ་དཀར་པོ་དེ་ཡིན། །

ང་ཡི་ན་ཟུག་ལ་གྱུར་བའི་ངག་ཐུན་ཅུང་ཟད་ཤོར་སོང་བས། །
ངས་མིག་མདུན་གྱི་ར་བྷ་བཟི་བོའི་རང་དབང་ལ་སྨོན་པར་འདོད། །
ད་དུང་བུ་མོ་གསུམ་གྱི་ཀུ་རེ་ལྟ་བུའི་སྣང་ཚུལ་དག་དྲན། །
ས་མཐའ་ནི་མི་སེམས་ཀྱི་རང་དབང་ལ་ཀུ་རེ་རྩེད་མཁན་ཞིག །


དངོས་མིང་། བསྟན་འཛིན་རབ་རྒྱས། སྨྱུག་མིང་། ཤེད་བུ། ཕ་ཡུལ། བོན་རྒྱ། སྡོད་གནས། ཧྥན་རིན་སི།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

 • ཡིད་འོང་ལྷ་མཚོ།
 • རིག་འབྱུང་དྲ་བ།
 • མཆོད་མེ་རྩོམ་རིག
 • བོད་ཀྱི་རྩོམ་རིག

སྙན་ངག

 • ན་གཞོན་གསར་པ།
 • གཏེར་མཛོད།
 • བོད་ཀྱི་རིག་མཛོད།

ལོ་རྒྱུས།

 • བཤད་མཛོད།
 • གདོད་མའི་ལོ་རྒྱུས།
 • དྲིས་ལན་དྲ་མཛོད།
 • གསལ་ལེ་རྒྱལ།

ཆོས་འབྱུང་།

 • ཆོས་ལུགས་ལོ་རྒྱུས།
 • ནང་བསྟན།
 • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

 • ཆ་འཕྲིན་ལག་རྩལ།
 • ཇོ་མོ་གླང་མ།
 • ཧི་མ་ལ་ཡ
 • སྨོན་ལམ

རིག་གཞུང་།

 • བོད་ཀྱི་རིག་གཞུང་།
 • སློབ་གསོ་དྲ་བ།
 • འབྲུག་དཔེ་མཛོད།

རིག་གནས།

 • རིག་གནས་དྲ་བ།
 • བོད་ཀྱི་རིག་གནས།
 • སེང་རྡོར་དྲ་ཚིགས
 • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

 • གཉན་པོ་གཡུ་རྩེ།
 • རྡོ་འབུམ་དཔེ་ཕྲེང་།
 • ལོ་གསར་རིག་གཞུང་།