MonOctMon2017

སྤེལ་དུས་མཐའ་མ།07:11:05 AM GMT

རྩོམ་གསར།:

ཆུ་སྐྱེས་སྒྲོལ་མའི་སྙན་ཚོམ།

ལྐུགས་མ་ཞེས་པའི་མཚན་སྙན་ཞིག བདག་ལ་བརྩེ་བས་གསོལ་རས་གནང་།

ཨ་མ་དྲན་གླུ།

རྫིང་བུའི་ཆུ་རིས་ཁྲོད་ཀྱི་གསེར་བྱ་ངང་དཀར།།
བདག་གི་བྱམས་ལྡན་སྐྱེད་མའི་བྱད་གཟུགས་ཡིན་ན།།
གཤོག་ཟུང་རྐྱོང་བའི་སྟངས་སྟབས་མཉེན་པོ་འདི་ཀོ།
གང་གི་སྙིམ་པ་འཇམ་པོའི་དྲོད་རླབས་ཡིན་ན།།

ངང་ཕྲུག་མ་བུ་འགྲོགས་པའི་ལྷན་འཛོམས་དེ་དག།
ང་དང་ཨ་མའི་ལྷན་འཛོམས་དགོད་སྒྲ་ཡིན་ན།།
ངང་དཀར་ཨ་མར་འཁྲེང་བའི་ངང་ཚུལ་འདི་ཀོས།།
ང་རང་ཨ་མ་དྲན་པའི་རྨི་ལམ་རྨིས་བྱུང་།།

ཚེར་མའི་གསེབ་ན་རྒྱུ་བའི་བློ་ལྡན་རི་བོང་།།
རྩྭ་རྩེའི་ཟིལ་བ་ལྕེ་ཡིས་གཞིབ་ཚུལ་དེ་ཡང་།།
འཇམ་མཉེན་ཨ་མའི་ལྕེ་ཡིས་བྱིས་པའི་སྣབས་ལུད།།
བཙོག་མེད་ལྕེ་ལྡག་བརྒྱབ་པའི་ངང་ཚུལ་ཨེ་ཡིན།།

མདང་གི་ཟླ་འོད་ཁྲོད་ཀྱི་སྐར་ཚོགས་དེ་ཀོ།
ཨ་མས་བསྐུར་བའི་བྱམས་རྩེའི་འོད་མདངས་ཨེ་ཡིན།།
བསིལ་བུའི་རླུང་སྒྲ་ལྡང་བའི་སིལ་སྒྲ་དེ་ཡང་།
བྱམས་ལྡན་ཨ་མའི་གསུང་ངག་འཇམ་པོ་ཨེ་ཡིན།།

དལ་བབས་དཀར་གཙང་ཁ་བའི་འདབ་མ་མཚར་པོ།།
ཡངས་པའི་ས་གཞི་བརྒྱན་པའི་ངང་ཚུལ་མཛེས་པོ།།
བྱམས་ལྡན་ཨ་མའི་གནག་སྣུམ་སྐྲ་ལོ་རིང་པོ།།
དུང་དཀར་མདོག་ལ་འགྱུར་བའི་སྣང་ཚུལ་ཨེ་ཡིན།།

འཁྱག་པས་ས་གཞིར་གཙེས་ནས་རླུང་བུ་ལྡང་ཀྱང་།།
སྡོང་ལོའི་ཡལ་འདབ་གསེང་ནས་ཉི་མ་དྲོན་པོས།།
ནོར་འཛིན་དྲོད་ཀྱི་རླབས་རྒྱུན་སྦྱིན་པ་དེ་ཡང་།།
ཨ་མས་བསྐྲུན་པའི་བདེ་སྐྱིད་དྲོད་འཇམ་ཨེ་ཡིན།།

སྙན་སྙན་ཕྱོགས་ནས་སྒྲོག་པའི་འཇོལ་མོའི་སྐད་སྙན།།
ཤང་ཤང་ཀུན་ནས་རྒྱུགས་པའི་ཆུ་སྒྲ་སྙན་མོ།།
རང་བྱུང་ཡུལ་ཁམས་གཉིད་ལས་སློང་བའི་ཅོང་སྒྲ།
ཨ་མའི་མགྲིན་སྒྲ་སྙན་པོའི་དབྱངས་རྟ་ཨེ་ཡིན།།

མཚམས་སྤྲིན་གསར་པའི་མདངས་ཀྱིས་རི་རྩེ་འཁྱུད་དུས།།
བྱིའུ་ཆུང་འགྱུར་ཁུག་སྙན་མོས་ཡིད་དབང་གསོ་དུས།།
ང་རང་རྨི་ལམ་སྒྱུ་མའི་ཁམས་ལ་རོལ་ནས།།
ཨ་མ་ལན་བརྒྱར་བོས་ཀྱང་ཨ་ལན་མི་འདུག།

མཛེས་མཛེས་དབྱར་གཞུང་རྩི་ཏོག་སད་ཀྱིས་བཅོམ་དུས།།
སྟོན་དུས་སྡོང་ལོ་སེར་པོ་རླུང་གིས་འཁྱེར་དུས།།
ཨ་མའི་ཡོད་ཚད་དྲན་པའི་ཉམ་ཆུང་དབུས་མོའི།།
སེམས་ཀྱི་འཇིག་རྟེན་འདི་ཀོ་འཁྱག་གིས་བསྡམས་བྱུང་།།

ཆ་རྒྱུས་མེད་པའི་གཞན་ཡུལ་མཚར་སྣང་དོད་ཀྱང་།།
གཞན་འོག་འཚོ་བའི་རང་ཡུལ་ཡིད་ལ་འཆར་གྱིས།།
གཤིབ་འདྲིས་མེད་པའི་འཛུམ་འཚེར་རྒད་མོ་འདི་ཀོ།
བདག་ལ་ལུས་སྟོབས་སྦྱིན་མཁན་ཨ་མ་ཨེ་ཡིན།
ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡༥ ཉིན།

ཨ་མ་དྲན་པ།

༼ལྷ་བབས་དུས་ཉིན་ཨ་མ་ལགས་ཀྱི་དྲིན་དྲན་པ།༽

འཇིག་རྟེན་སྒྱུ་མའི་ཁམས་དང་དངོས་གཤིས་ཀུན།།
གདོད་ནས་མི་རྟག་ཉིད་དང་འགྲོགས་ཕྱིར་ན།།
བསམ་གཞིགས་དབར་ནས་འདོད་དོན་གྲུབ་མིན་དེས།།
རང་སེམས་ངལ་བར་བྱེད་ལ་བྱ་ཐབས་བྲལ།།

རིན་ཆེན་མི་ལུས་འདི་སྩལ་དྲིན་ཆེན་མ།།
མི་འདོད་ཕྱི་མར་གཤེགས་པ་དེ་ཉིན་ནས།།
ཡིད་ལ་དུས་ཀུན་འཆར་བའི་ཟུག་གཟེར་འདི།།
ཞི་བའི་ཐབས་ཤིག་ཡོད་དམ་ལྷ་ཚོགས་ཀྱེ།།

རེས་སྐྱིད་རེས་སྡུག་འཁོར་བའི་གནས་ཚང་འདིར།།
འདོད་འདུན་མི་གཅིག་སྣ་ཚོགས་མེ་ཏོག་བཞིན།།
སུ་དང་གང་གིས་མ་བྱས་འཕྲལ་རྐྱེན་མང་།།
ཐམས་ཅད་མགུ་བ་སུས་ཀྱང་མི་ནུས་ཀྱང་།།

ལང་ཚོའི་འདབ་ལོ་མ་རྙིད་བྱམས་ལྡན་མ།།
བཟོད་པའི་གོ་ཆས་ཕྱུག་པའི་བརྩེ་ལྡན་མ།།
ཆགས་སྡང་ང་རྒྱལ་མི་མངའ་ང་ཡི་མ།།
ཡ་ཆུང་སྙིང་ནས་དྲན་པ་འགོག་ཐབས་དབེན།།

ཐམས་ཅད་བསམ་པ་རྫོགས་ནས་འགྲོ་དང་གཅིག།
འཕྲལ་རྐྱེན་སྡུག་མནར་མེད་པའི་མི་ཚེ་གཉིས།།
ཉིན་མོའི་སྐར་མར་གྱུར་པའི་གནས་ལགས་ཀྱང་།།
འཁྲིད་པ་སྔ་སོང་གཤིན་རྗེ་ཆོས་ཀྱི་རྒྱལ།།

མཛངས་མའི་ཡོན་ཏན་རྫོགས་པའི་བདག་གི་མ།།
ཡོད་ན་དགའ་སྐྱིད་མི་ཚེ་དོན་ལྡན་ཡང་།།
གློ་བུར་འཆི་བདག་རྒྱལ་པོས་འཁྲིད་སྟངས་དེར།།
བསམ་ན་དྲན་གདུང་སྡུག་འདི་འདེགས་ཐབས་བྲལ།།

ཁྱིམ་སྐྱོང་ཐབས་མཁས་ལས་སྣེ་ཀུན་གྱི་གཞི།།
འཛིན་པའི་སེམས་ངལ་ཁུར་པོ་ལྕི་ན་ཡང་།།
བཞིན་འཛུམ་པདྨོའི་མཛེས་ལྡན་ང་ཡི་མའི།།
སེམས་ཀྱི་གོམ་ཁ་མི་འཁྱོར་ཅིས་མི་མཚར།།

མ་ཡི་འཛུམ་ཞལ་དཀར་གསལ་ཟླ་འོད་འོག།
རིག་གཞུང་གོམས་གཤིས་སློབ་པའི་ལོ་འདབ་རྒྱས།།
གཞན་ཕན་ཡ་རབས་བཟང་སྤྱོད་བསླབ་སྟོན་སོགས།།
དྲན་ཐེངས་རེར་ཡང་སྙིང་དམར་ཚལ་བུར་བྱེད།།

སེམས་པའི་ཞིང་སར་མེས་པོའི་ལ་རྒྱ་བཏབས།།
ཁྲེལ་ཡོད་ངོ་ཚའི་སྦྲང་མངར་ལམ་སྟོན་གྱིས།།
སྦྲང་ཕྲུག་གཤོག་རྩལ་རྒྱས་པའི་སོ་མཚམས་ནས།།
ཕྱིར་མིག་ལྟ་སྐབས་ཨ་མའི་བཀའ་དྲིན་དྲན།།

ཨ་མར་མཇལ་སྐལ་བྲལ་བའི་བསོད་དམན་བདག།
གདུང་བས་སེམས་པ་གས་པའི་རྨ་ཁ་ལ།།
བྱུགས་སྨན་མེད་ཀྱང་ཨ་མ་དྲན་གླུ་རེ།།
ལེན་ལ་ཐུགས་རྗེས་གཟིགས་རོགས་བླ་མ་ལྷ།།

འཇོལ་མོའི་གསུང་སྙན་ཨ་མའི་ངག་ལ་འཁྲུལ།།
མཚོ་མོའི་རླབས་སྒྲ་ཨ་མའི་བསླབ་བྱར་སྙམ།།
ཨ་མའི་མཚན་ནས་ལན་བརྒྱར་བོས་ན་ཡང་།།
ཨ་ལན་མེད་པས་རྨི་ལམ་སྒྱུ་མར་རྟོགས།།

བསམ་གཞིགས་བཞི་མདོ་འགྲིམ་པའི་སེམས་པ་འདིས།།
ཉིན་བཞིན་མ་ཎིའི་དབྱངས་རྟ་འགུག་བཞིན་ཡང་།།
སེམས་པའི་བྱིའུ་ཆུང་ཨ་མའི་སྐུ་འཁྲིས་སུ།།
ཡང་ཡང་འཕུར་འདོད་སེམས་ལ་གཤོག་པ་རྒྱས།།

ཨ་མ་དྲན་པའི་ལོ་ཟླ་མང་པོའི་ནང་།།
ཨ་མ་ཁྱེད་ཀྱི་གཟུགས་རིས་གསོན་པོ་དེ།།
ཡ་ཆུང་སེམས་ལ་ཆུ་དང་འོ་མ་བཞིན།
འདྲེས་པའི་རི་མོ་ཡང་ཡང་འཛུམ་ཞིང་རྒོད།།

ཟླ་ཞག་དུས་ཀྱི་འཁོར་ལོ་རིམ་བགྲོད་ནང་།།
ལོ་ཟླའི་གོམ་ཁ་སྐད་ཅིག་མི་སྡོད་བསྐྱོད།།
གདོང་འདིར་གཉེར་མའི་རི་མོ་བབས་ན་ཡང་།།
ཨ་མ་དྲན་པའི་སེམས་འདི་བྱིས་པ་འདྲ།།

ཨ་མའི་དགྱེས་འཛུམ་བསིལ་ཟེར་ཟླ་འོད་དེ།།
རྐྱེན་ངན་གཟའ་ཡིས་སྔར་ནས་བཅོམ་ཟིན་ཀྱང་།།
ལང་ཚོའི་འཛུམ་བག་མ་ཉམས་དྭངས་མའི་བཞིན།།
དྲན་གདུང་རྨི་ལམ་སེམས་ཀྱིས་ཡང་ཡང་མཇལ།།

ལྷ་བབས་དུས་ཚེས་ཤིན་ཏུ་དགེ་བའི་ཉིན།།
ཧ་ཅང་དྲན་པའི་སེམས་པ་རྩེ་གཅིག་གིས།།
ཆོས་ཕུང་བརྒྱད་ཁྲིའི་སྙིང་པོ་བརྒྱད་སྟོང་པ།།
ཨ་མའི་དྲིན་གཟོར་དག་ཚར་ཀློག་བཞིན་ཡོད།།

མ་བཅོས་སེམས་ཀྱི་ལྟེབས་ཁུག་རེ་རེ་ནས།།
མིག་ཆུའི་མུ་ཏིག་ཤམ་བཞིན་བསྔོ་ལགས་ན།།
དམ་ཆོས་བྱིན་རླབས་ཕན་ཡོན་དགེ་བའི་ཚོགས།།
ཕྱི་མར་ཐེགས་པའི་ཨ་མར་སྨིན་གྱུར་ཅིག།

ཨ་མ་དྲན་པའི་གདུང་སེམས་མཚོན་བྱེད་དང་།།
ཨ་མའི་དྲིན་གཟོར་དམིགས་པའི་དགེ་ལས་འདི།།
ཁྲག་གི་སྣག་ཚས་རི་མོར་ཕབ་པའི་གཏམ།།
ལྷ་བབས་དུན་ཆེན་ཉིན་མོར་སྤེལ་འདི་དགེའོ།།
བོད་རྒྱལ་ལོ་ ༢༡༤༠ ་ཟླ་ ༩ ཚེས་ ༢༢ ལྷ་བབས་དུས་ཚེས་ལ།

སྙིང་གཏམ་དྲུག་སྐྱེས།

ཡིད་སེམས་ནམ་མཁའི་ཀློང་ལ་འཆར་བ་ཡི།།
སྙིང་གཏམ་དྲུག་སྐྱེས་གླུ་དབྱངས་དབྱར་སྐྱེས་རྔས།།
མིག་མཐའ་མཆི་མས་བརླན་པའི་གཏམ་རྒྱུད་ལ།།
སྦྱར་བ་གཏམ་དོན་བདེན་པར་གུས་ཤིང་མོས།།

འགྲམ་པའི་ཀུ་ཤུ་མཛེས་སྡུག་འབུམ་རྒྱས་ལས།།
ངལ་སེམས་མིག་ཆུ་མུ་ཏིག་དོག་པ་ལྷུང་།།
བྲང་གི་ས་གཞིར་འདྲིལ་བའི་སྐྱོ་གདུང་དག།
ང་ཡི་སྐེ་ལ་རབ་བསྐོན་སེམས་འདི་ལྕི།།

ལག་ཟུང་རྒྱང་བསྲིངས་བྱིལ་ལ་བརྩོན་ན་ཡང་།།
ལེ་དབར་ཁྲི་སྟོང་བསྐལ་པའི་ཡུལ་གྲུ་ནས།།
མ་བསྙོབས་ལས་དབང་སྐྱོ་པོར་སྡིག་པ་ལས།།
བྱ་ཐབས་མ་བྱུང་སེམས་ཀྱི་མེ་ཏོག་ལགས།།

འཇིག་རྟེན་ཁམས་ཆེན་འདི་ལ་བྱ་སྤྱོད་མང་།།
མངོན་ལྐོག་བྱ་སྤྱོད་རྒྱ་འདྲེའི་ལྷ་སྲུང་བཞིན།།
སུ་དང་གང་ལ་གཙེས་པའི་ལས་ངན་རྣམས།།
ངན་དགུ་ཚང་བའི་ཉེར་དགུའི་གླུད་དུ་རྫོངས།།

སེམས་ཁམས་དྭངས་མའི་ཆུ་རྫིང་རབ་ཡངས་ངོགས།།
དམ་གཙང་མེ་ཏོག་དཀར་དམར་ཁྲ་གསུམ་གྱིས།།
མཛེས་སྡུག་འབུམ་དུ་གྲུབ་པའི་མཚར་ཉམས་དེ།།
རྭ་མའི་རྟོགས་བརྗོད་ཡིད་ལ་དྲན་པར་གྱིས།།

སུམ་རྩེན་སྐྱེད་ཚལ་ས་ལ་ལྷུང་འདྲའི་གནས།།
ལྷ་དབང་བརྒྱ་བྱིན་འདྲ་བའི་སེམས་དཔའ་བཞུགས།།
ཐུགས་དཀྱིལ་སྤྲིན་ནག་ལེབ་མོས་དཀྲིགས་ན་ཡང་།།
མི་འཇིགས་དཔུང་གིས་འདེབས་ནུས་བློ་ཞིག་དགོས།།

འཇིག་རྟེན་ཆོས་བརྒྱད་ཐབས་ཀྱིས་སྐྱོང་ཤེས་ལ།།
བུ་དང་ཆུང་མ་དགྲ་གཉེན་བར་མ་ཀུན།།
བྱམས་བརྩེའི་སྙིང་སྟོབས་བློ་རིག་གྲུང་པོ་ཡིས།།
སྐྱོང་ཚུལ་ཤེས་དགོས་སེམས་ཀྱི་མེ་ཏོག་ལགས།།

སྲིད་གསུམ་སྐྱེ་འགྲོ་འཁྲུལ་བས་འཁོར་བར་འཁོར།།
གདོད་མ་ཉིད་ནས་འཇིག་རྟེན་མ་དག་སྐྱེས།།
མ་དག་ཆོས་ཀུན་རང་སེམས་གསལ་སྣང་གིས།།
དག་ལ་འབུངས་དང་སེམས་ཀྱི་མེ་ཏོག་ལགས།།

ངན་མཚང་འཁོར་བ་དུག་སྦྲུལ་ཚང་ཆེན་ལ།།
བསྟོད་སྨད་ངོ་དགའི་ལས་ཀྱིས་ཆགས་སྡང་སྐྱེས།།
འཛུམ་འཚེར་གེ་སར་དགོད་པའི་གཏམ་སྙན་ཡང་།།
བདེན་གྲུབ་སྟོངས་པར་གཟུང་དང་མེ་ཏོག་ལགས།།

ལས་ངན་ངུ་འབོད་སེམས་གཅོང་སྡུག་པོ་ཀུན།།
འདི་སྣང་སྐྱེ་བོའི་བྱས་འབྲས་ངན་པའི་ལས།།
རང་རྐྱེན་རང་ཉིད་ཡིན་ཕྱིར་ཐབས་ཀྱིས་འཚོལ།།
སུ་ཡིས་མ་བྱས་ཤེས་མཛོད་མེ་ཏོག་ལགས།།
༢༠༡༤ ལོའི་ཟླ་༣ པའི་ཚེས་༢༣ ཉིན་བྲིས།

དཔྱིད་ཀྱི་དཔལ་ཡོན།

དཔྱིད་དཔལ་སྒེག་མོ་དུས་ཀྱི་རྟར་ཆིབས་ནས། །
རི་ལུང་གྲོང་བརྡལ་ཉུལ་བའི་གོམ་སྒྲ་ཡིས། །
འཁྱག་རོམ་གཟེབ་ཏུ་གཟིམ་པའི་ཚང་ཚིང་ནགས། །
སྟུག་པོའི་གཉིད་ལས་དཀྲོགས་འདི་ཨེ་མ་མཚར། །

དཔྱིད་ཀྱི་མཛེས་མ་འཛུམ་པའི་རྩེད་རྒོད་ཀྱིས། །
ལྗོན་པའི་ཡལ་ག་གོག་པོར་ཕྱག་ཟུང་གིས། །
བྱམས་བཅས་བྱིལ་བའི་ངང་ཚུལ་རི་མོ་ལ། །
གེ་སར་ཚེམས་ཕྲེང་འཛུམ་པའི་ཉམས་འགྱུར་རྫོགས། །

ཡལ་གའི་ལོ་འདབ་ཕྲ་མོར་གསོན་ཉམས་ཀྱི། །
ཉམས་དང་སྟོབས་ཤུགས་རྒྱས་པའི་སྒེག་ཉམས་དེས། །
དགུན་ཉལ་སྲིན་འབུའི་ཚོཊ་རྣམས་ཚུར་བཀུག་པས། །
དགུན་གྱི་རྒྱལ་མོའི་ཁ་དོག་བཅོམ་པར་བྱས །།

ལྕུག་ཕྲན་མགོ་བོ་ལྡེམ་པའི་སྟངས་སྟབས་དང༌། །
མཛེས་སྡུག་རྣམ་པར་བཀྲ་བའི་ཡུལ་ལྗོངས་སོགས། །
དཔྱིད་ཀྱི་ཕོ་ཉ་བསུ་བའི་བྲོ་གར་གྱིས། །
མཚར་སྡུག་མཛེས་པ་ཅི་ཡང་ངོམས་འདི་རྨད། །

དྭངས་གཙང་མཚེའུ་འཁྱག་པའི་གུར་ལས་གྲོལ། །
ཉ་ཆུང་གསེར་མིག་འཁྱུག་འགྲོས་གར་གྱིས་རྩེན། །
ཆུར་གནས་མེ་ཏོག་འདྲ་བའི་སེམས་ཅན་དག །
ཡིད་འོང་འགྲོས་ལ་དཔྱིད་དཔལ་སྦྲུམ་འདི་མཛེས། །

གསེར་བྱ་ངང་པ་ཆུ་མོའི་གཞུང་ན་རྩེན། །
བྱིའུ་ཆུང་འཇོལ་མོ་ལོ་མའི་གསེང་ན་འཁྱུག །
དགའ་སྤྲོའི་གཤོག་རླབས་རི་མོའི་འཛུམ་དང་འདྲེས། །
རི་ལུང་གྲོང་བརྡལ་དགུན་གྱི་གཉིད་ལས་དཀྲོགས། །

ཚེར་མའི་ཚང་ན་ཉལ་བའི་རི་བོང་སོགས། །
རང་རང་འགྲོས་ཀྱིས་རྒྱུག་རྩལ་འགྲན་པ་དང་། །
རྩྭ་རྩེའི་ཟིལ་མངར་གཞིབ་ལ་བྲེལ་བ་ཡི། །
མཆོང་ལྡིང་གར་གྱི་ཉམས་དག་ཡི་གར་འོང་། །

མུ་ཏིག་ཁྲ་ཚོམ་བཏབས་འདྲའི་ལྗོན་པ་དང༌། །
བྱི་རུའི་མཛེས་པ་འཕྲོག་འདྲའི་ལྡུམ་རྭ་སོགས། །
ལྷ་ཡུལ་ས་ལ་འཕོས་འདྲའི་མཛེས་སྡུག་གིས། །
འདྲེན་བྱེད་འདི་ཀོ་རི་མོའི་གཟུགས་སུ་བྱས། །

ཤང་ཤང་ཆུ་སྒྲ་བསིལ་བའི་རླུང་སྒྲ་སོགས། །
བརྗོད་བྱ་དོན་གྱིས་སྟོང་བའི་སྒྲ་དག་ཀྱང་། །
ངལ་གསོ་སྟེར་བའི་བདུད་རྩི་སྨན་ལྟ་བུར། །
སྙིང་ལ་སིམ་པ་འདི་ཀོ་མཛེས་པའི་ཕུད། །

ཁྲ་ཚོམ་མེ་ཏོག་འཛུམ་པའི་བཞིན་བཟང་དང༌། །
ཆུ་མོ་ཆུ་རིས་ཤིག་ཤིག་རྒྱུགས་པ་སོགས། །
སྦྲང་ཆར་བསིལ་མས་བཀྲུས་པའི་སྤང་ལྗོངས་བཅས། །
མཛེས་སྡུག་དཔྱིད་དཔལ་བསུ་ལ་བྲེལ་ནས་འདུག །

སྣ་མང་མེ་ཏོག་གེ་སར་འཛུམ་པ་ཡི། །
བསུང་ཞིམ་རོ་ལ་ཆགས་པའི་སྦྲང་བུའི་ཚོགས། །
མཛེས་སྡུག་དཔལ་གྱིས་མགྲོན་དུ་བཀུག་འདི་ཡང༌། །
དཔྱིད་ཀྱི་མཛེས་པ་སྦྲུམ་པའི་ཉམས་སུ་འཆར། །

ཡངས་པའི་ཆུ་རྫིང་ངོགས་ན་ངང་དཀར་མཛེས། །
སྔོ་ལྗང་སྡོང་པོའི་རྩེ་ན་མེ་ཏོག་མཚར། །
ཡངས་པའི་ཐང་ན་ལུ་གུའི་མཆོང་ལྡིང༌སོགས། །
དཔྱིད་ཀྱི་ཕོ་ཉས་མལ་ལས་བསླངས་པ་ཉིད། །

དཔྱིད་ཀྱི་དཔལ་མོ་སྒེག་པའི་ཉམས་དག་ནི། །
མཛེས་པའི་འཛུམ་ནི་གཅིག་ལས་གཅིག་ལྷག་འདིས། །
མཛུབ་མོས་སྒུལ་བའི་ཡི་གེའི་རི་མོ་ལ། །
གང་ཞིག་འབྲི་བའི་མིག་དབང་འཁྲུལ་བར་བྱས། །

དཔྱིད་ཀྱི་དཔལ་མོའི་དྲི་བསུང་གིས་བོས་པའི། །
ཁོར་ཡུག་སྣང་བརྙན་རི་མོར་བཏབས་པ་ཡི། །
སྙན་ཚིག་མེ་ཏོག་སྐྱེད་མོས་ཚལ་ཆུང་འདི། །
མིག་ཡིད་རྣ་ཡི་མྱོང་བའི་ཀློང་ནས་བསྐྲུན། །

དྲན་འཆར།

སེར་པོ་གསེར་གྱི་མེ་ཏོག།
རྒྱུས་མེད་ཡུལ་ན་བཞད་འདིས།།
ཕ་ཡུལ་གངས་ཅན་ལྗོངས་ཀྱི།།
ལྷ་ཀླུ་འདམ་ར་དྲན་བྱུང་།།

ལྔ་གཉིས་བྱིས་པའི་རྩེད་གྲོགས།།
བྱམས་ཆོས་བུ་མོ་ཟླ་བ།།
ཨ་ཞང་རྡི་རྡི་ལ་སོགས།།
ལྷན་རྩེན་འདམ་ར་དྲན་བྱུང་།།

ཉ་མོ་སྦལ་ལྕོང་འཁོར་ས།།
བྱིའུ་ཆུང་འཇོལ་མོ་ལྡིང་ས།།
ལས་མེད་ཕྲུ་གུའི་རྩེད་ཡུལ།།
ལྷ་ཀླུ་འདམ་ར་དྲན་བྱུང་།།

ཞིམ་པོའི་རྩྭ་སྣ་སྐྱེས་ས།།
དྭངས་གཙང་ཆུ་མོ་རྒྱུག་ཡུལ།།
སྒོ་ཕྱུགས་བག་ཡངས་རོལ་ས།།
ལྷ་ཀླུ་འདམ་ར་སྐྱིད་པོ།།

པད་ཆུང་མེ་ཏོག་བཞད་ས།།
པད་འབྲས་ཞིམ་པོ་སྐྱེས་ས།།
ལྷ་ཀླུ་འདམ་ར་སྐྱིད་པོ།།
འདྲེན་བྱེད་ཡུལ་ལ་འཆར་བྱུང་།།

བ་རྫི་བྱིས་པའི་འཁོར་དང་།།
བ་གླང་དཀར་དམར་ཁྲ་གསུམ།།
ངང་དཀར་ཅི་དགར་འཁྱུག་ས།
འདྲེན་བྱེད་ཡུལ་ལ་འཆར་བྱུང་།།

ཚང་ཚིང་རྩྭ་གསེབ་དག་ལ།།
རྩྭ་ཡི་སླས་མ་བསླས་ནས།།
བསམ་མེད་བྱིའུ་ཆུང་ཡིན་རུང་།།
སྐྱིད་པོའི་མལ་ས་བཅའ་ཡུལ།།

བསམ་མེད་བྱིས་པ་ང་ཚོའི།།
སྙན་མོའི་གླུ་དབྱངས་ལེན་ཡུལ།།
རྩེད་མཚར་དགོད་མཚར་འཁྲབ་ས།།
ལྷ་ཀླུ་འདམ་ར་སྐྱིད་པོ།།
༢༠༡༤ ཟླ་༥ པའི་ཚེས་༡༦ ཉིན།

འཆར་སྣང་ཡི་གེའི་རྫིང་བུ།

རླུང་བུ་བསིལ་བསིལ་ལྡང་བའི་ཕྱི་དྲོ་ཞིག་ལ།།
དལ་འགྲོས་གོམ་སྟབས་གཙང་པོའི་འགྲམ་ལ་སྒྱུར་དུས།།
ཡོད་ཚད་སིམ་མེར་ཉལ་བའི་ལྷིང་འཇགས་ཁམས་ན།།
ཞི་བདེ་གསར་པ་སར་པའི་བདེ་སྣང་རྒྱས་འདུག།

ཕུག་རོན་གཤོག་འདབ་འགྲན་པ་མཚོ་མཐའི་མཚར་སྡུག།
ཉལ་འགྲོའི་རླབས་སྒྲ་གཡོ་བའི་ཆུ་སྒྲ་སྙན་པོ།།
ཆུ་བྱས་རྩེད་རྩལ་ངོམ་པའི་འཁྲུལ་སྣང་གཟིགས་མོ།།
མཛེས་སྡུག་འདི་ཀོས་བདག་མེད་སེམས་པ་འཁྲིད་སོང་།།

རྒྱང་རིང་རི་རྩེ་སྤྲིན་དཀར་དབུ་ཞྭས་བརྒྱན་འདུག།
རི་འདབས་སྨད་གཡོག་ནགས་ཚལ་དར་གོས་གྱོན་འདུག།
མཚོ་ཡི་མཐའ་ཁོར་སྨུག་པས་སྐེ་རགས་བཅིངས་འདུག།
མཛེས་པ་དེ་ཡིས་སེམས་ཁམས་ཡོངས་སུ་འཕྲོག་སོང་།།

རི་བོང་འཁྱུག་རྩལ་ངོམ་ནས་མཆོང་ལྡིང་བྱེད་ཅིང་།།
སྐྱ་ཀས་ཀྱར་ཀྱུར་གསུང་སྙན་བར་མེད་སྒྲོག་བྱུང་།།
སྣ་མང་བྱ ཚོགས་བག་ཕེབས་ངང་དུ་རྒྱུ་བའི།།
མཛེས་སྡུག་འདི་ཀོས་ཡིད་སེམས་བརླན་པར་བྱས་སོང་།།

ལྗོན་པའི་རྩེ་ལ་ཉི་འོད་མཛེས་ཉམས་འཁྱིལ་འདུག།
རླུང་བུ་འཇམ་པོས་རྩྭ་རྩེའི་ཟིལ་བ་སྒུལ་སོགས།།
ཡིད་འོང་འདི་དག་མིག་བརྒྱ་སྤུལ་ནས་བལྟས་ཀྱང་།།
ངོམས་མེད་མཚར་སྡུག་ཡིད་ཀྱི་རི་མོར་འཕོས་སོང་།།

མཛེས་སྡུག་སྣེ་མོར་དྲན་སྣང་མདུད་པ་ཐེབས་སོང་།།
རྒྱང་རིང་བརྗིད་ཆགས་རི་བོའི་འགྱིངས་ཉམས་སྟོབས་ཀྱིས།།
དགེ་འཕེལ་དབུ་རྩེ་བུམ་པ་རི་བོ་ལ་སོགས།།
དྲན་སེམས་ནམ་མཁར་སྣང་བརྙན་འཆར་བ་བྱས་བྱུང་།།

རྫིང་བུའི་རླབས་སྒྲ་གཙང་ཆུའི་རླབས་རིས་སོགས་ཀྱིས།།
ངང་དཀར་རྩེད་འཇོར་རོལ་པའི་མཛེས་སྡུག་རྣམ་པ།།
བྱིས་པའི་དུས་ན་རྫོང་རྒྱབ་ཀླུ་ཁང་ཡངས་པོར།།
མཛེས་ཉམས་རྩེད་འཇོའི་རོལ་བ་མིག་ལ་ལྷུང་བྱུང་།།

སོས་དལ་སྤྲོ་སངས་ཕེབས་པའི་སྐྱེ་བོའི་ཚོགས་རྣམས།།
དགའ་སྐྱིད་དཔལ་ལ་རོལ་བའི་རྣམ་འགྱུར་མཐོང་ནས།།
བརྩེ་བའི་ནང་མི་དག་དང་ལྷན་ཅིག་རོལ་བའི།།
རྩེད་དགོད་ཉམས་འགྱུར་རྫོགས་དེ་དྲན་པར་བྱས་བྱུང་།།

རྒན་རྒོན་ལུས་སྦྱོང་རྩལ་འགྲན་ངང་ཚུལ་འདི་ཡིས།།
དྲིན་ཅན་མ་ལོའི་སྐུ་ལུས་འཁྲི་ཤིང་ལྗོན་པར།།
ཡང་ཡང་འཁྲིལ་ནས་མཉམ་དུ་བར་སྐོར་སྲང་ལམ།།
བསྐོར་བའི་འདས་དོན་དྲན་པ་འགོག་ཐབས་བྲལ་བྱུང་།།

དྲན་གདུང་གླུ་ཆུང་ས་མཐའི་གཙང་འགྲམ་འདི་ནས།།
ཤིང་གི་སྟེགས་བུ་རྒས་ཤིང་འཁོགས་པ་ཞིག་ལ།།
ངལ་གསོའི་སྟེགས་བྱས་འཆར་སྣང་སེམས་ཀྱི་རི་མོ།།
མཛུབ་མོའི་རྩེ་ནས་ཡི་གེའི་རྫིང་བུ་བསྐྱིལ་ལོ།།
༢༠༡༤ ལོའི་ཟླ་༢ པའི་ཚེས་༢༥ ལ་བྲིས།

སེམས་ཀྱི་མགྱོགས་བྲིས།

བརྩེ་ལྡན་སྙིང་སྡུག་མཛའ་བོ་ཡིས།།
མདང་ནུབ་བཀའ་མོལ་གནང་བ་དག།
སེམས་པ་དམར་པོའི་འོད་ངོས་སུ།།
བསུབ་མེད་རི་མོར་བྲིས་ནས་ཡོད།།

ཕྲག་དོག་ཚེར་མའི་མི་ཁ་ཡིས།།
བརྩེ་སེམས་མེ་ཏོག་བཅོམ་པའི་དུས།།
ཡ་ཆུང་གེ་སར་མཉེན་མོ་ལ།།
རྙིད་པའི་མདངས་ཕོག་སྐྱོ་བའི་གཞི།།

དོན་མེད་འཆལ་གཏམ་འཁྱག་པའི་ཆུ།།
ཡིད་ཀྱི་ཞིང་སར་འདྲེན་དུས་སུ།།
དྲན་གདུང་ཞིང་ས་གཤིན་པོ་ནི།།
བཟོད་མེད་ཚལ་བར་གས་ཏེ་སོང་།།

མི་རྟག་སྒྱུ་མའི་གྲོང་རྒྱུ་བའི།།
རྣམ་རྟོག་རྟ་རྒོད་ལྡོམ་པོ་འདི།།
གྲོག་རོང་གཡང་ལ་མཆོང་བའི་སྐབས།།
བྱམས་པའི་སློབ་སྟོན་སྲབ་མདས་བཟུང་།།

རྣ་བ་འགེང་བའི་ཉོག་བཤད་དང་།།
ཀུ་ཅོའི་གཏམ་ངན་སྒྲོག་པ་ཡི།།
ཁྱི་ངན་ཟུག་སྐད་འདྲ་བ་དག།
ནོར་འཛིན་རྣ་ལ་གཟན་པ་ཨང་།།

ཕྱི་ཡུལ་ཟང་ཟིང་ལོངས་སྤྱོད་ཀྱིས།།
དྲན་ཚོར་ཡན་པོར་བྱེད་པ་ལས།།
བྱམས་པའི་སྙིང་གཏམ་རི་མོ་དེ།།
རྨི་ལམ་ཞིང་ནས་མཇལ་དེ་བྱུང་།།

འབག་བཙོག་དྲི་ངན་སྐྱུར་མོ་ཡིས།།
སྲང་ལམ་གྲུ་ཟུར་ཁེངས་པའི་དུས།།
ལམ་སྟོན་ཡང་དག་དྲང་པོའི་གཏམ།།
འབབ་སྟེགས་མདུན་ལམ་དཀོན་པར་མཐོང་།།

རྙོག་ཆུ་བགྲུངས་བྱེད་སྨན་མཆོག་ལ།།
དྭངས་བྱེད་ནོར་བུ་ཡོད་པ་སྐད།།
སེམས་ཁམས་ཚིག་གིས་རྨས་པའི་ནད།།
སྙིང་སྡུག་ཁོ་ནས་གསོ་བར་མཇལ།།

བཅོས་མིན་བརྩེ་སེམས་དྭངས་མ་ལས།།
བཞུར་བའི་སྙིང་གཏམ་ཆུ་མོའི་རྒྱུན།།
རྣ་བའི་གཤོངས་ལ་བསྐྱིལ་བ་དག།
དྲན་པའི་ངོས་ནས་ཡལ་བ་དཀའ།།
༢༠༡༤ ལོའི་ཟླ་༡ ཚེས་༢༠ ལ་བྲིས།

ང་ལྐུགས་མ་ཡིན་ནམ།

མཛད་དཀའི་དཀའ་བ་མ་སྤྱད་ན།།
གཡུར་ཟའི་འབྲས་བུ་གང་ནས་ཐོབ།།
ཆུ་ལུད་ཕུན་སུམ་མ་ཚོགས་པའི།།
ལྗང་པ་རྒྱས་པ་སྲིད་ན་མེད།།

ལས་བྲེལ་སྣ་དགུའི་དབར་གསེང་ནས།།
བལྟ་ཀློག་ཅི་ཞིག་བྱས་གྱུར་ཀྱང་།།
ཀ་ཁ་ག་ངར་རོ་འཐམ་བཞིན།།
སྐད་ཡིག་གཞན་ལ་མ་ཐུབ་པར།།

བོད་རིགས་དག་མའི་རོགས་འགའ་ཡིས།།
འཕྱ་ལད་གད་མོའི་ཤ་གསེང་ནས།།
ལྐུགས་མ་ཞེས་པའི་མཚན་སྙན་ཞིག།
བདག་ལ་བརྩེ་བས་གསོལ་རས་གནང་།།

ལུས་པོ་ཕྱི་གླིང་གནས་གྱུར་ཀྱང་།།
སེམས་པ་ཁ་བའི་ལྗོངས་སུ་ཕྱོགས།།
དྲིན་ཅན་ཕ་མས་གནང་བ་ཡི།།
ཀ་ཁའི་ཞལ་ཆེམས་འདོར་མི་ཐུབ།།

བཅོས་མའི་འཛུམ་གྱིས་མདུན་ནས་བསུས།།
མི་སྙན་འུར་རྡོ་བརྒྱབ་ནས་འཕངས།།
བོད་ཡིག་བོད་སྐད་བླ་སྲོག་ཟེར།།
བོད་སྐད་དྭངས་མར་ཀུན་ནས་འཕྱ།།

བཅོས་མའི་དངོས་པོས་མགོ་བོ་བསྐོར།།
ཟོག་པོའི་གྲོགས་ཀྱི་སྙིང་གཏམ་སྙན།།
ཐམས་ཅད་རྫུན་པའི་འཇིག་རྟེན་འདི།།
རྟེན་འབྲེལ་དངོས་པོའི་གཤིས་སམ་ཅི།།

སྙིང་དམར་བྱུ་རུའི་གུར་ཁང་ནས།།
སྙིང་གཏམ་བོད་ཡིག་མེ་ཏོག་བཞད།།
སྙིང་ཉེ་གྲོགས་ཀྱིས་འཕྱ་སྟངས་འདི།།
སྙིང་ཆུང་སེམས་ལ་ཕོག་པའི་དུག།

སྙིང་ལ་ཟུག་པའི་ཚེར་མ་འདི།།
ཚོར་འཛིན་དག་གིས་འདོན་མི་ཐུབ།།
བྱམས་བརྩེ་སྟོང་གི་ཁབ་རྩེ་ཡིས།།
ལེན་པའི་ཐབས་ཤིག་ཡོད་དམ་ཀྱེ།།

ཁ་འཇམ་ཚིག་སྙན་བུར་ཆང་གིས།།
རིག་གཞུང་གཅེས་སྐྱོང་ཟེར་བ་ནི།།
སོ་ཕྲེང་གེ་སར་ངོམ་པ་དང་།།
ཆུ་ནང་རི་མོ་བྲིས་དང་མཚུངས།།

ལ་མོ་བརྒལ་འདོད་ཡོད་དང་གཅིག།
ཐོག་ཁར་འཛེགས་སེམས་ཡོད་པ་གཉིས།།
ངལ་བའི་གོམ་བགྲོད་མ་བསྟེན་པར།།
རྩེ་མོར་སྙེགས་པ་སྲིད་ན་མེད།།

འབད་བརྩོན་སྟོང་ཁྲིའི་ཁུར་འཁྱེར་ནས།།
སྙན་གཞུང་བརྡ་དག་མཛའ་མོར་བསུས།།
གཡུར་ཟའི་འབྲས་བཟང་སྨིན་དུས་སུ།།
བཤད་སྟེགས་དེ་ཐོག་བསྐྱར་མཇལ་ཞུ།།
༢༠༡༤ ཟླ་༥ པའི་ཚེས་༡༨ ལ་བྲིས།

ཆར་དུས་ཀྱི་རྡ་ས།

ཨ་སྔོན་མཛེས་མས་ཆུ་འཛིན་གོས་སུ་གྱོན།།
གངས་དཀར་ལྷུན་པོས་གོས་འདབ་དགུང་དུ་བཏེགས།།
སྔོ་ལྗང་ལོ་མས་ཆུ་ཐིགས་ཧུབ་ཀྱིས་འཐུང༌།།
རྡ་སའི་གྲོང་འདི་བརྗིད་པའི་རྩེ་མོར་འཛེགས།།

གྲོང་ཁྱེར་བུ་མོས་ཚོང་ཟོག་རྒྱན་ཆ་སྟོང༌།།
རྣ་བའི་རྒྱན་དུ་བཀོད་པའི་མཛེས་སྡུག་ལ།།
ལྷ་ཆེན་སྤྱན་དཀྱུས་འབྱར་བ་དམ་དྲགས་པས།།
སྤྲིན་ཕུང་དག་ནི་ཡོལ་བར་བྱས་དང་མཚུངས།།

ཉིན་མཚན་མེད་པར་གཡུ་སྦྲང་ངར་སྐད་སྒྲོག།
ནངས་དགོང་མེད་པར་ཆར་ཐིགས་ཤག་ཤག་འཇོ།།
ནམ་མཁའི་ལྷ་རྣམས་སྤྱན་ཆབ་འདོར་བའམ།།
ཆུ་འཁུར་བརྡོལ་སྙམ་བདག་ཡིད་འཕྱང་མོ་ཉུག།

ཉི་མའི་འོད་ཕྲེང་བར་སྣང་སྤྲིན་པས་ཟོས།།
སྲང་ལས་གད་སྙིག་གནམ་ཆུ་ཉོག་པོས་འཁྱེར།།
གནམ་ས་ཁ་སྤྲོད་བྱས་ལྟའི་ནམ་ཟླ་འདིས།།
དགའ་སྐྱིད་འཛུམ་བག་རྒོད་པའི་ཡིད་སེམས་བཅོམ།།

གཞའ་ཚན་དུག་གིས་གཙང་མའི་གྱོན་གོས་བསླད།།
ཧམ་དྲི་ནག་པོས་དྲི་འཛིན་དབང་པོ་བསྡམས།།
ཆར་ཐིགས་མདའ་མོས་གདུགས་ཀྱི་ཀླད་པ་ཕུག།
བདེ་སྐྱིད་སྐལ་བཟང་ཆར་དང་ཐིགས་པས་བཅོམ།།

ལས་དབང་།

རེ་བའི་འོད་ཞགས་ཟེགས་མ་འཕྲོ་སྟངས་ཤིག་གིས།།
ཤེས་བྱའི་སྐྱེད་ཚལ་ཞིག་ལ་ངང་གིས་འཛོམས་བྱུང་།།
ལས་དབང་རླུང་བུས་དེད་པའི་ས་མཐའི་འཚོ་བས།།
འུ་ཚོ་གྲོགས་ཀྱི་ལམ་བུར་བསྐྱོད་པར་སྐུལ་བྱུང་།།

བརྩེ་ལྡན་གྲོགས་ཀྱི་ལྷག་བསམ་རང་མདངས་དྭངས་མ།།
སྙན་རྩོམ་མེ་ཏོག་དགོད་པའི་ལྡུམ་རྭར་འཕངས་དུས།།
གཞན་ཡུལ་གཡར་ཁྱིམ་མཛེས་པའི་སོ་མཚམས་ཤིག་ནས།།
ཤེས་བྱའི་སྐྱེད་ཚལ་ཡངས་པོར་དལ་གྱིས་འཛོམས་བྱུང་།།

མ་བཅོས་སེམས་ཁམས་དམར་པོའི་བསུ་བ་ཞིག་དང་།།
འཛུམ་ཆུང་དཔྱིད་དཔལ་ལང་ཚོའི་མངར་ཁ་ཞིག་གིས།།
བརྩེ་སེམས་མེ་ཏོག་བཞད་པའི་ལྡུམ་རྭའི་དཀྱིལ་འཁོར།།
སྙན་རྩོམ་སྦྲང་མངར་མོས་པའི་གྲོགས་མཆོག་འདུས་འདུག།

ཉམས་འགྱུར་གར་སྟབས་སྟོང་གི་སྙན་ངག་མཛེས་མར།།
གཏམ་འབྱོར་རྒྱན་གྱི་རྣ་ལུང་མཛེས་པས་བརྒྱན་ནས།།
རྐང་སྟབས་ཉམས་ཀྱིས་བརྩེ་གླིང་དོ་རྭ་དེ་རུ།།
གར་རོལ་ངང་ཚུལ་འདི་ཀོས་མཛེས་སྡུག་སྦྲུམ་འདུག།

མིག་ཞགས་མདའ་མོའི་རྩེ་ཡི་ངར་ཁ་དེ་ཡིས།།
སེམས་པའི་རི་ལུང་རྨས་པའི་ངང་ཚུལ་ཞིག་ལ།།
བྱམས་བརྩེ་སྟོང་གི་ནུས་མཐུ་སྤུངས་འདྲའི་སྟོབས་དེས།།
གསོ་བའི་སྐལ་བ་མགུལ་རྒྱན་ཚར་དུ་དངར་འདུག།

དྲན་གདུང་ལྟོགས་པས་མནར་བའི་ས་མཚམས་ཤིག་ནས།།
བརྩེ་བའི་ཟས་ལན་ཡོད་རེས་ཉིན་མཚན་སྒུག་ཡོད།།
སྒྱ་ལུས་གཡར་པོའི་ཁམས་དེ་བདེ་མིན་དོགས་ནས།།
སྒུག་པའི་མཛའ་བོ་མ་མཇལ་ཉི་མ་རིང་བྱུང་།།

དྲན་གདུང་ཞེན་ཆགས་སེམས་པ་རབ་ཏུ་ལྕི་ཡང་།།
མ་མཇལ་ཉིན་དང་ཞག་གིས་ཡང་ཡང་བཅད་ནས།།
ལ་མོའི་ཕར་རྒྱབ་ཚུར་རྒྱབ་དུས་ཀྱིས་བསྐལ་བའི།།
ངང་ཚུལ་འཆར་བཞིན་ཡ་ཆུང་སྡུག་གིས་མནར་བྱུང་།།

དུང་བའི་སེམས་པ་དམར་པོ་ཐང་ལ་བཀྲམས་ནས།།
དྲན་པའི་མེ་ཏོག་ཆུན་པོ་དགུང་ལ་བཏེགས་ནས།།
བརྩེ་བའི་ཟུར་མིག་མདའ་མོ་བདག་ལ་འཕངས་དུས།།
བརྩེ་ལྡན་གྲོགས་མཆོག་འདི་ཀོ་ཅི་ཡང་མཚར་བྱུང་།།

སྙན་ཚིག་འགྱུར་ཁུག་གདངས་དེ་གླུ་སྒྲར་བསྡེབས་ནས།།
ཟུར་མིག་སྦྲང་མའི་འཕུར་ལྡིང་ཅི་ཡང་རོལ་བཞིན།།
པད་ལྡུམ་མཚར་ཁྱིམ་དེ་ལ་སྐོར་བ་བརྒྱབ་ནས།།
བརྩེ་མངར་སྦྲང་རྩིར་སྤྱོད་པ་ངོམ་པ་མ་བྱུང་།།

ཀྱག་ཀྱོག་མི་ཚེའི་འགྲུལ་བཞུད་རིང་པོའི་གསེང་ནས།།
ལས་བསྐོས་སེམས་པའི་ཤེའུ་ཆུང་ཉམས་ལྡན་མཛའ་བོ།།
སེམས་དང་བསམ་པའི་སྐུད་སྣེ་གཅིག་ཏུ་སྒྲིལ་ནས།།
དུང་ཞེན་བརྩེ་ཞགས་འཕེན་པ་ཡང་ཡང་དྲན་བྱུང་།།

དྲན་པའི་མིག་ཆུ་འགྲམ་པའི་གཞི་ལས་བཞུར་ནས།།
བརྩེ་དུང་མེ་ལྕེ་ཁོག་དམར་ནང་ནས་འཕྱུར་བྱུང་།།
ཆུ་ཆར་མ་བསྙིལ་ཡིད་སེམས་རློན་པར་བྱས་སོང་།།
བརྩེ་བའི་ཚིལ་དྲེག་ཁྱེད་ཀྱི་སྙིང་ལ་བཞུར་སོང་།།

ཉི་བྱེད་དབང་པོ་ཆུ་ལྷའི་ཡུལ་དུ་ཕེབས་སོང་།།
པད་མའི་མཛེས་སྡུག་འདབ་ལོ་ཀུན་ནས་རྙིད་སོང་།།
སེམས་སོང་མཛའ་བོ་དྲན་པའི་ཡུལ་ལ་འཆར་ནས།།
སྙིང་གཏམ་དྲོན་མོ་སྨྲས་པ་བརྗེད་ཐབས་མི་འདུག།
༢༠༡༣ ཟླ་༡༡ ཚེས་༡༨ ལ།


ཆུ་སྐྱེས་སྒྲོལ་མ། ལྷ་ས་རུ་སྐྱེས། ཕྱི་ལོ་ ༡༩༩༧ ཙམ་ནས་གསར་རྩོམ་གྱི་ལས་ལ་ཞུགས། བོད་ཕྱིའི་དུས་དེབ་དང་དྲ་རྒྱའི་བརྒྱུད་ལམ་དུ་སྙན་ངག སྒྲུང་རྩོམ། དཔྱད་བརྗོད་སོགས་རྩོམ་ཡིག་མང་པོ་སྤེལ་ཡོད།


ཡོང་ཁུངས། ངེད་དྲྭ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།