TueFebTue2017

སྤེལ་དུས་མཐའ་མ།08:34:18 AM GMT

རྩོམ་གསར།:

༢༠༡༤ ལོའི་ཀུན་ཁྱབ་ཀྱི་སྙན་ཚོམ།

ཆག་གྲུམ་ཤོར་བའི་དུས་རབས་ཤིག་ནས་ལྗོན་པ་བཞིན་དུ་འདབ་ལོ་རྒྱས།

རྨིག་རྗེས་ཀྱི་དར་སྣེ་ཟད་རོ།

མི་རྟག་སྒྱུ་མའི་གཤིས་ལྟར་གྲུབ་པའི་ཟླུམ་གཟུགས་འཇིག་རྟེན་བྲང་གཞུང་ནས།།
ལྡོག་མེད་ལས་དབང་བཙན་པོས་རྩེན་པ་གཡང་གཟར་རྦབ་ཆུ་ཐུར་ལྷུང་བཞིན།།
འཆི་བདག་བཀའ་ལུང་ལས་ཀྱང་བཙན་པའི་དུས་ཚོད་ཉེར་བཞིའི་ཤུལ་རྗེས་ངོས།།
ཉིན་དང་ཟླ་བ་རིམ་བཞིན་བརྩེགས་པའི་དུས་རབས་གསར་རྙིང་སྡོམ་ཚིག་བཀོད།།

གཙང་རྒྱུད་རིང་མོའི་དབྱངས་དང་འགྲོགས་པའི་དུས་ཀྱི་འཁོར་ལོ་བར་མེད་འཁོར།།
ཉེར་གཅིག་དུས་རབས་རྩ་བ་བཙུགས་ནས་ཚན་རྩལ་རིག་པའི་སྟོབས་ཤུགས་རྒྱས།།
ལུང་རིག་ངར་མས་གསང་ཁུང་བརྟོལ་ནས་དྲི་མེད་གནས་ལུགས་གཏན་ལ་ཕབ།།
རྙིང་ཞེན་བག་ཆགས་དུག་རླངས་འཁྲིགས་པའི་གླེན་ལྐུགས་བྱིས་བློ་དམ་དུ་བཏགས།།

སྔོན་ཐོན་ལག་རྩལ་རིམ་བཞིན་འཕེལ་བའི་རྣམ་དཔྱོད་རིག་པས་ནམ་འཕང་བཅད།།
ཡངས་པའི་ཀུན་གསལ་མཁའ་ལམ་བརྒྱུད་ནས་ཆུ་འཛིན་ཕུང་པོའི་བང་རིམ་བརྟོལ།།
ཉིན་བྱེད་དབང་པོ་བྲང་འོག་བཅུག་ནས་དཔག་ཚད་གྲངས་འདས་མཁའ་རུ་མཆོང་།།
ཟླ་བའི་ཁང་བཟང་ཞབས་ཀྱིས་བཅགས་ཏེ་ཉི་མའི་ཁྱིམ་དུ་དམིགས་ཞགས་འཕངས།།

དུས་རབས་གསར་བའི་སྙིང་ཁམས་འཕར་རྩ་ཞོམ་མེད་མཆོང་ལྡིང་གར་སྟབས་རྩེན།།
འདས་པའི་ལོ་ཟླའི་བརྩིགས་྄ལྡེབས་ངོས་ནས་དཀར་ནག་དབྱེ་བའི་རྡུལ་ཕྲན་སྤུངས།།
མ་འོངས་ལས་འཆར་སྡོམ་ཚིག་བཀོད་ནས་ས་གཞིའི་དཀྱིལ་འཁོར་འཕྲུལ་གྱིས་སྐོར།།
ཡངས་པའི་འཇིག་རྟེན་གཉིད་ལས་སད་ཅིང་རྨོངས་ཞེན་རྨི་ལམ་ཧུབ་ཀྱིས་དཀྲོགས།།

མིག་ཡངས་རྫོགས་པའི་གླིང་ཕྲན་མཁའ་ནས་གསར་བརྗེའི་ཤུལ་ལམ་ཐོད་དུ་བབས།།
དུས་དང་མཚུངས་པའི་སྲོག་གི་དབང་བོ་སྙིང་དམར་གསོན་པོའི་ཨམ་ཕྲག་བཅངས།།
མཚན་ལྗོངས་ནག་པོའི་མངལ་ཁ་ཞིག་ལས་འོད་མདངས་སེར་པོའི་ཅོང་བརྡ་དཀྲོལ།།
ལྷིང་འཇགས་འཇིག་རྟེན་འུར་གྱིས་ལངས་པས་སྐྱ་རེངས་སྒེག་མོའི་འཛུམ་ཞལ་གྲོལ།།

དཀར་ལ་དམར་མདངས་པིར་གྱིས་བྲིས་འདྲའི་མཚམས་སྤྲིན་གསར་བའི་ཐུ་འོག་ནས།།
རྟ་བདུན་དབང་པོའི་འོད་མདངས་འཕྲོས་པའི་ཟེགས་རླབས་ཐིག་ལེའི་ཉིང་བཅུད་རེ།།
འབྲོང་གཡག་རྒོད་པོའི་རྨིག་རྗེས་འབྲངས་བའི་མི་རིགས་ཤིག་གི་གདོང་ཁུགས་ལྷུང་།།
དུས་ཚོད་གྲངས་མེད་ཅིག་ལས་བསགས་པའི་ཉོན་མོངས་གཉིད་ལས་སད་ཀྱང་རུང་།།

ལུང་རིག་བཙན་པོའི་རྒྱབ་རྟེན་མེད་པས་དད་ཤུགས་དྲག་པོའི་སྒེར་ཚུགས་བཟུང་།།
འདས་པའི་དུས་རབས་ཕྱིར་འདང་མ་བྱས་མདུན་སྐྱོད་ལམ་འཕྲང་བཙན་གྱིས་བཀག།
ལས་སྐལ་རྫོགས་པའི་རིགས་རུས་ཤིག་ལ་རྨོངས་དད་དུག་རླངས་སྙིང་ཁར་འཚངས།།
འཁྲིགས་འཛིན་བག་ཆགས་ཞོ་བཞིན་ཆགས་ཏེ་བསམ་བློ་གསར་བའི་ཁ་ཕྱོགས་བོར།།

འབྲོང་གཡག་རྒོད་པོའི་སུག་རྗེས་འཁྲིལ་བའི་བགྲང་བྱ་གྲངས་མེད་དབྱིངས་རིམ་ན།།
རྗེས་ལུས་ཤུལ་ལམ་ཀྱག་ཀྱོག་འབྲངས་ནས་དུས་ཚོད་དཔྱིད་ཀའི་འཇའ་བཞིན་ཡལ།།
དུས་རབས་གྲངས་འདས་རྫོགས་ཚིག་བཀོད་ཀྱང་ཨུ་ཚུགས་ཁོ་ནས་ཕྱོགས་སུ་ཟློས།།
ཀུན་སློང་ངན་པའི་བརྟུལ་ཞུགས་བཟུང་བའི་བག་འཁུམ་རྨོངས་གཉིད་རུམ་ནས་རྒས།།

གནས་ལུགས་མ་རྟོགས་ཡིག་དྲུག་འཁོར་ལོ་ཐོད་དུ་བཅིངས་པའི་དད་ཤུགས་སེམས།།
མུན་དོང་ནག་པོའི་རུམ་ཁུགས་བཅུག་ནས་བསམ་མེད་བྱིས་བློའི་ངང་ཚུལ་བཅངས།།
ལས་དབང་ཞེས་བརྗོད་ཐ་སྙད་ཅིག་ལ་ཐམས་ཅད་བཅོལ་བའི་གདོང་དམར་རིགས།།
ཉམས་གུད་སོང་བའི་ངོ་གདོང་ཟད་པོ་ནུབ་མཐའི་མཚམས་སྤྲིན་མཐའ་ནས་རྫོགས།།

རྗེས་དྲན་གྱི་རི་མོ།

སྲོང་བཙན་སྒམ་པོའི་གྲགས་པ་གུད་པའི་ཁ་བའི་རྡུལ་གྱི་བརྩེགས་ངོས་སུ།།
འཐོར་རླུང་ནག་པོ་ཧོར་རྒྱུག་ཅིག་གིས་ས་གཞི་རྡུལ་གྱིས་མགོ་བོ་བཏུམས།།
རྨ་འབྲི་རྫ་གསུམ་རླབས་ཀྱི་ཟེགས་མ་དམར་པོ་ཁྲག་གི་རང་བཞིན་བསྐྲུན།།
ཆག་གྲུམ་ཤོར་བའི་དུས་རབས་ཤིག་ནས་ལྗོན་པ་བཞིན་དུ་འདབ་ལོ་རྒྱས།།

ས་ཆེན་མ་ལོའི་བྲང་ཁ་ལྷུངས་ནས་གོམ་ཁའི་སྟངས་སྟབས་བསྒྱུར་བ་ནས།།
ལྷ་ཀླུ་གཉན་གསུམ་དམ་དུ་བཏགས་པའི་མགོ་ནག་པ་ཡི་ལས་དབང་ཁུར།།
ལྕེ་རྩེ་རྩུབ་མོ་གྱེན་དུ་འགྲེངས་བའི་ཚེར་ལམ་ཕྲ་མོའི་འགག་འཕྲང་བརྒྱུད།།
བརྩོན་འགྲུས་རྟ་ཕོ་ལྕག་ཀྱིས་སྐུལ་ནས་ལྟ་བ་ལངས་ཕྱོཊ་དམ་པོར་འཇུས།།

དུག་སྦྲུལ་ནག་པོའི་མཆེ་བཙེགས་ཁྲོད་དུ་ཚེ་སྲོག་འདོམ་གང་ཤོར་ཁད་དེ།།
རྣ་རྒྱབ་ལྷགས་རླུང་བསིལ་བུ་བཞིན་དུ་སེམས་ཀྱི་སྦུབས་ནས་རྒྱང་དུ་སྣར།།
འཇིག་རྟེན་རལ་བོའི་ངོ་གདོང་སྲབ་མོ་གསེར་ནག་ལྷན་པའི་སྤོབས་པ་སྟེ།།
གཡོ་མེད་ཕྲག་མགོའི་མཐིལ་དུ་བཞག་སྟེ་མདུན་གྱི་གོམ་ཁ་བར་མེད་འཇོ།།

ཚན་རྩལ་བག་མ་མགྲོན་ཚུལ་འབོད་པའི་དུས་རབས་ཤིག་གི་ལྡིང་ཁོང་དུ།།
དྲི་མེད་ཆུ་ཤེལ་དབང་བོ་དང་མཚུངས་ཐོ་རེངས་སྐར་མ་འོད་ཆེམ་འཚེར།།
མུན་ནག་བཙོན་རའི་རུམ་ཁུག་ཉལ་བའི་སྒང་བ་བོད་ཀྱི་གདོང་ཁུགས་ན།།
དྲི་མེད་སྐར་མདའ་རིམ་གྱིས་ལྷུང་སྟེ་ཉིན་མཚན་དུས་དྲུག་མཁའ་ལ་གཡོ།།

སྐར་ལྔའི་དར་ལྕོག་མཁའ་ལ་འཕག་པའི་དུས་རབས་ཤིག་གི་རུམ་ཁ་ནས།།
གཡོ་འཕྲུལ་སྒྱུ་མའི་རྐང་འོག་མ་ཚུད་རང་མགོ་རང་གིས་གྱེན་དུ་བཏེགས།།
རང་གི་རྡོག་པ་རང་གིས་རྫིས་ནས་འོད་སྟོང་འབར་བའི་ལམ་བུ་བརྙེགས།།
སྨུག་པོ་གདོང་གི་ཁྲག་རྒྱུན་དྭངས་མའི་དྲོད་ཁོལ་མ་ཉམས་བྲང་ཁོག་སྦས།།

ལྷ་འདྲེ་གདོན་གེགས་ལས་ལ་མ་བཅོལ་གང་ཟག་ཅིག་གི་ནུས་མཐུ་བསྟོན།།
རྣམ་དཔྱོད་གཤོག་ཟུང་མཐོར་དུ་བརྐྱངས་ཏེ་ཆུ་འཛིན་ནག་པོའི་ཡོ་ལང་ཁྲོད།།
རོ་འཛིན་སྲབ་མོ་དར་སྣེ་བཞིན་དུ་འཇིགས་རུང་གཡུལ་སའི་ཐོད་དུ་འགུལ།།
མི་རིགས་ཤིག་གི་དར་རྒུད་གླེང་ནས་མེ་སྒྱོགས་མེ་མདས་ངོ་གདོང་དབྲལ།།

ལྕགས་ནག་བཙན་གྱིས་རྐང་ལག་བཅིངས་ཏེ་ཁ་སྣ་ཡོད་ཚད་སེར་ཁ་གད།།
མིག་ཟུང་གཉོམ་པོ་ཀོང་དུ་ལྷུངས་ནས་ཡ་ཐོད་གཉེར་རིས་མཚོ་མོ་འཁྱིལ།།
སྐྲ་ལོའི་འདབ་མ་གྱེན་དུ་གཟེང་ནས་ས་འཛིན་དཀར་པོའི་མདོག་ལྟར་གྱུར།།
ཕོ་ལོ་བཅོ་བརྒྱད་ལང་ཚོའི་མེ་ཏོག་མུན་ནག་བཙོན་རའི་ཁུགས་ནས་ཡལ།།

རེ་བའི་དམིགས་འདུན་ཐོད་ལ་བཅངས་ཏེ་ཁུན་སྒྲ་ལྷན་དུ་གྱེན་ལ་འཚང་།།
སེམས་ཁོང་མདའ་མོའི་རྣོ་སོ་མ་ཉིལ་སྨུག་པོ་གདོང་གི་ཨམ་ཕྲག་བསྲེངས།།
མི་ཚེ་ཧྲེལ་བོའི་འདུན་པ་དམ་པོ་སེམས་ཁོང་རུས་པའི་དཀྱིལ་བཅངས་ཏེ།།
སྐྲ་རྩེ་དཀར་པོ་རླུང་ལ་སྐུར་གྱིན་མིག་ཟུང་གཉོམ་པོས་ཞབས་ནས་བཅོལ།།

བག་རྙིང་རུལ་བོས་དམ་དུ་དཀྱིཊ་པའི་བསམ་ཚོར་སྙིགས་རོའི་ཀུན་སློང་སྟེ།།
གནས་ལུགས་མེད་པའི་ཚིག་རོ་སྐམ་པོ་རྨོངས་རྒན་འགའ་ཡི་ལྕེ་རྩེ་བཏེགས།།
ཙགས་རླུང་བཙན་པོ་བར་མེད་རྒྱུ་བའི་བུ་ག་ལྟར་མཚུངས་སྒྲ་འཛིན་སྦུབས།།
གྲོག་རོང་བཞུར་བའི་ཆུ་ཕྲན་བཞིན་དུ་བརྡབ་བརྡབ་མཆུ་ཏོ་ཤ་བུ་བརྩེགས།།

རི་བོང་ཅལ་འདྲོགས་རྗེས་སུ་འབྲངས་ནས་རང་རྡོག་རང་གིས་མི་ཟིན་ཡང་།།
མུན་ནག་རས་ཡོལ་མཐུག་པོའི་གསེབ་ནས་ལག་ཟུང་གཉོམ་པོ་བྲང་ཁ་སྦྱར།།
ཉོན་མོངས་དུག་གསུམ་ཞྭ་ནག་གྱོན་ནས་ཐུ་ལྕེ་ནག་ལྷེབ་ལྷབ་ལྷུབ་བརྡབས།།
བསམ་གཞིག་སྐྱུར་མོས་བྲང་ཁོག་བྲུས་ནས་མིག་ཟུང་ཁྲ་བོ་མཐོར་ལུག་ཁད།།

དེ་རིང་དུས་ནག་འཚུབ་མའི་གསེབ་ནས་ཁྭ་ཏ་ནག་པོས་གཤོག་ཟུང་བརྐྱངས།།
ནུབ་སྤྲིན་སྨུག་པོའི་སྐེ་ལ་འཁྱུད་ནས་མུན་འཇོམས་སྒྲ་གཅན་བཅོམ་སོང་ཟེར།།
འཁྲི་ཤིང་རྒས་པོའི་ཀླད་ཁོག་བབས་ནས་ངུ་འབོད་བར་མེད་བསྒྲོགས་པས་ན།།
ཀེ་ལ་ཤ་ཡི་རྡུལ་བརྩེགས་ཁམས་འདིར་མིག་ཆུ་རྡོག་པོའི་རླབས་ཕྲེང་ཁེབས།།

འགྱོད་གདུང་མཆི་མས་གདོང་ཁུག་གཤེར་ནས་འགྲམ་རྩ་ཤར་ཤོར་ལྭ་བ་གྱོན།།
བྲང་གཞུང་འགྲམ་ངོས་ཤུགས་ཀྱིས་བྲད་པས་ཁྲག་རྣག་ཐར་ཐོར་ཕྲེང་ལྟར་ལྷུང་།།
འདྲེན་བྱེད་གཉོམ་པོ་ཐད་ནས་བགྲད་ཀྱིན་ཉི་ནུབ་གྲིབ་སོའི་གདོང་ཁུགས་ནས།།
གཙང་ཆབ་སྔོ་མོའི་རླབས་རིས་བཞིན་དུ་མཆི་མའི་ཐིག་ཕྲེང་ཁྲུམ་ཁྲུམ་ལྷུངས།།

མདོར་ན་སྡོམ་ཚིག་བྲག་ལ་བརྐོས་ནས་དྲང་གཏམ་དམར་རྗེན་བརྗོད་པས་ན།།
རང་གྲོལ་དགེ་ཆོས་པན་ཆེན་ལ་སོགས་གདོང་དམར་ཚང་གི་སྲོག་ཤིང་གྲངས།།
རྒྱ་དགའ་ལྟ་ལོག་ཟེར་བའི་འཁྱོག་གཏམ་དབྱར་གྱི་སེར་རྒོད་འཐོར་བ་བཞིན།།
གནས་ལུགས་དྲང་གཏམ་ཅི་ཡང་མེད་པའི་ཚིག་རོ་སྐམ་པོས་དམ་དུ་བཏགས།།

གདུང་དབྱངས་རླབས་ཀྱི་ཟེགས་མ།

ནུབ་མཐའི་མཚམས་སྤྲིན་ནག་པོ་ཞིག་གིས་རྟ་བདུན་དབང་པོའི་གདོང་ཁུགས་བསྒྲིབས།།
མཛེས་པའི་འཇིག་རྟེན་སྨག་གིས་བཟུང་ནས་འགྲོ་དྲུག་དམྱལ་ཁམས་གྲོང་རོང་བརྫངས།།
འཇིགས་ཤིང་གཤེར་བའི་དམྱལ་ཁམས་བཅོ་བརྒྱད་ཚ་གྲང་ཟུག་གཟེར་བག་སྦྱིན་མཁན།།
ལག་དམར་བཙན་པོའི་གཡུལ་སའི་མཁའ་དབྱིངས་མུན་ནག་དུག་སྤྲིན་འཚུབ་ཁ་རྒོད།།

མདའ་གྲི་མདུང་གསུམ་མཁའ་ནས་འཕྱོར་བའི་ཁྲག་དམར་རྒྱ་མཚོའི་རླབས་ཕྲེང་ཐིགས།།
ནོར་འཛིན་མ་མའི་སྔས་མགོར་ཟགས་པའི་འབྲས་ངན་དུག་ཤིང་འདབ་གཤོག་བརྐྱངས།།
གངས་དཀར་འཛིན་མའི་སྙིང་ཁར་ཟུག་ཅིང་ཁྲག་རྣག་བརྡོལ་བའི་ཟེགས་རླབས་འཕྱོར།།
བཟོད་མེད་མནར་གཅོད་ལྕགས་ཀྱུ་བཙན་པོས་སྙིང་རྩར་བཅད་པས་གཟེར་དངན་ཤོར།།

ཉམ་ཐག་སྐར་ཚོགས་དམིགས་འདུན་ཕྲ་མོ་མཚན་མོའི་ནོར་བུའི་འོད་མདངས་བཅོལ།།
རྫུབ་སྟུག་སྨག་རུམ་དགུ་བརྩིགས་བཅིངས་པའི་མཚན་ལྗོངས་མུན་པའི་རུམ་ཁུགས་ནས།།
མིག་ཟུང་གཉོམ་པོ་ཀེམ་ཀེམ་གཡོ་བའི་གདུང་བའི་མདའ་མོར་དབང་ཕྱོགས་འཕངས།།
གཙང་ཆབ་སྔོན་མོའི་འགྲོས་ལྟར་བཞུར་པའི་ཉིན་ཞག་གྲངས་འདས་མཛུབ་རྩེར་བགྲང་།།

སུན་སྣང་ཁེངས་པའི་བཞིན་གྱི་དཀྱིལ་འཁོར་གདུང་གཉེར་སྨུག་སྤྲིན་བརྩིགས་པའི་མཁར།།
མཚན་མོའི་སྐར་ཚོགས་མགོན་སྐྱབས་དབེན་པའི་མུན་མཚན་ནག་པོའི་བྲང་ཁར་འགྱིངས།།
ཉམས་གུད་མིག་ཀོང་རིལ་རིལ་བགྲད་ཅིང་གདུང་བའི་གད་རྒྱངས་ལྷིང་འཇགས་དཀྲོགས།།
མཆི་མའི་རླབས་ཕྲེང་གཙང་བོ་བཞུར་བའི་རོལ་དབྱངས་ནག་པོའི་སྙིང་ཁམས་དཀྲུགས།།

དུས་མཐར་འཚུབ་པའི་འཐོར་རླུང་ནག་པོ་ཧོར་རྒྱུགས་ཐེངས་གཅིག་གཡོ་འགུལ་སྟོབས།།
ཡངས་པའི་འཛམ་གླིང་ཀླད་མལ་འགྱིངས་བའི་བསིལ་ལྗོངས་འཛིན་མའི་སྲོག་ཐག་བཅད།།
ལྕགས་དམར་བཙན་པོའི་སྦར་མོ་བཙུགས་ནས་གློ་སྙིང་མཆིན་སོགས་ཤུགས་ཀྱིས་དྲངས།།
ཟུངས་ཁྲག་དྲོན་མོ་རླབས་ཕྲེང་འཐིམས་པའི་མེས་པོའི་ཤུལ་བཞག་མཁའ་དབྱིངས་སྤོར།།

དབྱར་དགུན་སྟོན་གསུམ་མུན་ནག་འཁྲེགས་པའི་གདུང་ཉམས་དངན་པའི་ཡུལ་ལྗོངས་ལ།།
སྤྲིན་དཀར་འདབ་གཤོག་ལང་ལོང་འཐབ་པའི་ཀུན་གསལ་ཡངས་པོའི་བཞིན་ངོགས་ནས།།
ཟླུམ་གཟུགས་འཛིན་མའི་མཛེས་རྒྱན་གྱུར་བའི་ཉིན་བྱེད་དབང་པོའི་འཁོར་ཕྱོགས་ཀྱིས།།
དགྱེས་པའི་ཚེམས་འཕྲེང་འོད་ཞགས་དཀར་པོ་ཆིམ་ཆིམ་འཚེར་བའི་དུས་རབས་སྒུགས།།

ཉིན་ཞག་གྲངས་འདས་ཡུན་གྱིས་བསྲིངས་ཀྱང་བརྗེད་ཐབས་བྲལ་བའི་འོད་མདངས་རེར།།
སེམས་དང་བསམ་པའི་སྦུབས་སུ་བཅངས་ནས་དབུགས་རིང་རྔུབ་ཀྱིན་མལ་སྟེང་ཧྲེང་།།
གདུང་བའི་མནར་གཅོད་ཐོད་དུ་བཅིངས་པས་འདར་བའི་ལག་ཟུང་བྲང་གཞུང་བསྙབས།།
སེམས་ཁོང་རྨ་རུལ་སོས་ཐབས་དབེན་པའི་དུག་མདའ་བཙུགས་པའི་ནད་རྙིང་བརྩེགས།།

ཡར་ཀླུང་གཙང་བོའི་རླབས་རིས་དང་མཚུངས་གདུང་བའི་ཟུག་གཟེར་སྟོད་དུ་འཚངས།།
ལུས་ཤུགས་ཟུངས་ཁྲག་རིམ་གྱིས་རྫོགས་ནས་རུས་སྐམ་གཟུགས་ཕུང་དམར་རྗེན་མངོན།།
རེ་འདུན་མིག་ཀོང་གྲིབ་ནག་གཡོགས་ནས་མདུན་སྐྱོད་ལམ་འཕྲང་བཙན་གྱིས་བཅོམ།།
དབང་པོ་ཐམས་ཅད་རིམ་གྱིས་ཟུམ་ནས་དམྱལ་ཁམས་བཅོ་བརྒྱད་འགག་འཕྲང་བཅུག།

གདུང་དབྱངས་རླབས་ཀྱི་ཟེགས་མ།

ནུབ་མཐའི་མཚམས་སྤྲིན་ནག་པོ་ཞིག་གིས་རྟ་བདུན་དབང་པོའི་གདོང་ཁུགས་བསྒྲིབས།།
མཛེས་པའི་འཇིག་རྟེན་སྨག་གིས་བཟུང་ནས་འགྲོ་དྲུག་དམྱལ་ཁམས་གྲོང་རོང་བརྫངས།།
འཇིགས་ཤིང་གཤེར་བའི་དམྱལ་ཁམས་བཅོ་བརྒྱད་ཚ་གྲང་ཟུག་གཟེར་བག་སྦྱིན་མཁན།།
ལག་དམར་བཙན་པོའི་གཡུལ་སའི་མཁའ་དབྱིངས་མུན་ནག་དུག་སྤྲིན་འཚུབ་ཁ་རྒོད།།

མདའ་གྲི་མདུང་གསུམ་མཁའ་ནས་འཕྱོར་བའི་ཁྲག་དམར་རྒྱ་མཚོའི་རླབས་ཕྲེང་ཐིགས།།
ནོར་འཛིན་མ་མའི་སྔས་མགོར་ཟགས་པའི་འབྲས་ངན་དུག་ཤིང་འདབ་གཤོག་བརྐྱངས།།
གངས་དཀར་འཛིན་མའི་སྙིང་ཁར་ཟུག་ཅིང་ཁྲག་རྣག་བརྡོལ་བའི་ཟེགས་རླབས་འཕྱོར།།
བཟོད་མེད་མནར་གཅོད་ལྕགས་ཀྱུ་བཙན་པོས་སྙིང་རྩར་བཅད་པས་གཟེར་དངན་ཤོར།།

ཉམ་ཐག་སྐར་ཚོགས་དམིགས་འདུན་ཕྲ་མོ་མཚན་མོའི་ནོར་བུའི་འོད་མདངས་བཅོལ།།
རྫུབ་སྟུག་སྨག་རུམ་དགུ་བརྩིགས་བཅིངས་པའི་མཚན་ལྗོངས་མུན་པའི་རུམ་ཁུགས་ནས།།
མིག་ཟུང་གཉོམ་པོ་ཀེམ་ཀེམ་གཡོ་བའི་གདུང་བའི་མདའ་མོར་དབང་ཕྱོགས་འཕངས།།
གཙང་ཆབ་སྔོན་མོའི་འགྲོས་ལྟར་བཞུར་པའི་ཉིན་ཞག་གྲངས་འདས་མཛུབ་རྩེར་བགྲང་།།

སུན་སྣང་ཁེངས་པའི་བཞིན་གྱི་དཀྱིལ་འཁོར་གདུང་གཉེར་སྨུག་སྤྲིན་བརྩིགས་པའི་མཁར།།
མཚན་མོའི་སྐར་ཚོགས་མགོན་སྐྱབས་དབེན་པའི་མུན་མཚན་ནག་པོའི་བྲང་ཁར་འགྱིངས།།
ཉམས་གུད་མིག་ཀོང་རིལ་རིལ་བགྲད་ཅིང་གདུང་བའི་གད་རྒྱངས་ལྷིང་འཇགས་དཀྲོགས།།
མཆི་མའི་རླབས་ཕྲེང་གཙང་བོ་བཞུར་བའི་རོལ་དབྱངས་ནག་པོའི་སྙིང་ཁམས་དཀྲུགས།།

དུས་མཐར་འཚུབ་པའི་འཐོར་རླུང་ནག་པོ་ཧོར་རྒྱུགས་ཐེངས་གཅིག་གཡོ་འགུལ་སྟོབས།།
ཡངས་པའི་འཛམ་གླིང་ཀླད་མལ་འགྱིངས་བའི་བསིལ་ལྗོངས་འཛིན་མའི་སྲོག་ཐག་བཅད།།
ལྕགས་དམར་བཙན་པོའི་སྦར་མོ་བཙུགས་ནས་གློ་སྙིང་མཆིན་སོགས་ཤུགས་ཀྱིས་དྲངས།།
ཟུངས་ཁྲག་དྲོན་མོ་རླབས་ཕྲེང་འཐིམས་པའི་མེས་པོའི་ཤུལ་བཞག་མཁའ་དབྱིངས་སྤོར།།

དབྱར་དགུན་སྟོན་གསུམ་མུན་ནག་འཁྲེགས་པའི་གདུང་ཉམས་དངན་པའི་ཡུལ་ལྗོངས་ལ།།
སྤྲིན་དཀར་འདབ་གཤོག་ལང་ལོང་འཐབ་པའི་ཀུན་གསལ་ཡངས་པོའི་བཞིན་ངོགས་ནས།།
ཟླུམ་གཟུགས་འཛིན་མའི་མཛེས་རྒྱན་གྱུར་བའི་ཉིན་བྱེད་དབང་པོའི་འཁོར་ཕྱོགས་ཀྱིས།།
དགྱེས་པའི་ཚེམས་འཕྲེང་འོད་ཞགས་དཀར་པོ་ཆིམ་ཆིམ་འཚེར་བའི་དུས་རབས་སྒུགས།།

ཉིན་ཞག་གྲངས་འདས་ཡུན་གྱིས་བསྲིངས་ཀྱང་བརྗེད་ཐབས་བྲལ་བའི་འོད་མདངས་རེར།།
སེམས་དང་བསམ་པའི་སྦུབས་སུ་བཅངས་ནས་དབུགས་རིང་རྔུབ་ཀྱིན་མལ་སྟེང་ཧྲེང་།།
གདུང་བའི་མནར་གཅོད་ཐོད་དུ་བཅིངས་པས་འདར་བའི་ལག་ཟུང་བྲང་གཞུང་བསྙབས།།
སེམས་ཁོང་རྨ་རུལ་སོས་ཐབས་དབེན་པའི་དུག་མདའ་བཙུགས་པའི་ནད་རྙིང་བརྩེགས།།

ཡར་ཀླུང་གཙང་བོའི་རླབས་རིས་དང་མཚུངས་གདུང་བའི་ཟུག་གཟེར་སྟོད་དུ་འཚངས།།
ལུས་ཤུགས་ཟུངས་ཁྲག་རིམ་གྱིས་རྫོགས་ནས་རུས་སྐམ་གཟུགས་ཕུང་དམར་རྗེན་མངོན།།
རེ་འདུན་མིག་ཀོང་གྲིབ་ནག་གཡོགས་ནས་མདུན་སྐྱོད་ལམ་འཕྲང་བཙན་གྱིས་བཅོམ།།
དབང་པོ་ཐམས་ཅད་རིམ་གྱིས་ཟུམ་ནས་དམྱལ་ཁམས་བཅོ་བརྒྱད་འགག་འཕྲང་བཅུག།

འགྱུར་མེད་བྲག་རྐོས་རི་མོ།

བཙན་པོའི་སྙན་གྲགས་བཙན་གྱིས་བཅོམ་པའི་ཐལ་རྡུལ་བསྒྲིབས་པའི་ཁང་ཁྱིམ་ཞིག་རོ་རུས་རྐང་བཞིན་དུ་གྱེན་ལ་ལངས།།
མཐོ་སྒང་མཁའ་དབྱིངས་མུན་ནག་འཁྲིགས་ནས་ཆག་གྲུམ་ཤོར་བའི་ཁ་བའི་ངོ་གདོང་ཀྱག་ཀྱོག་རྐང་ལམ་ངོགས་་སུ་བཀོད།།
རེ་བའི་ཕུགས་འདུན་འཇའ་ལྟར་་ཡལ་བའི་རྐང་གཉིས་སྨྲ་བའི་གད་རྒྱངས་གསོན་པོས་གནམ་སའི་ལྟོ་བ་ཤུགས་ཀྱིས་བཀྲད།།
ཉེར་གཅིག་ཅོང་བརྡའི་སྔ་རོལ་བསགས་པའི་གདུང་དབྱངས་མིག་ཆུས་མཁུར་སྒོ་གཤེར་བའི་མིག་ཟུང་གཉོམ་པོ་ལྷུང་ལ་ཉེ།།

མཐིང་སྨུག་སྦྲ་ནག་སྔས་ནས་བཞུར་བའི་ཁྲག་རྒྱུན་རླབས་ཕྲེང་ཟེགས་མའི་མཁའ་མཐར་ལང་ཚོའི་མེ་ཏོག་གཉོམ་ལག་རྒྱས།།
ཀ་མད་སུམ་ཅུ་མགྲིན་དབྱངས་གྱེར་བའི་ལས་དབང་དམར་པོ་རླུང་གིས་སྤུར་བས་སྙིང་ཁམས་འཕར་ལྡིང་ཐང་དུ་བརྡབས།།
ཕུ་བོ་སྲོང་བཙན་ཞབས་ཀྱིས་བཅགས་པའི་ཡངས་པའི་རྩྭ་ཐང་སྔས་ན་འཁྲུངས་པའི་ཡབ་མེས་བཙན་པོ་སྲོག་ཐག་བཅད།།
དྲན་འཛིན་གསར་བའི་ལྡིང་ཁོང་དྲན་པ་རབ་རིབ་རྨི་ལམ་དང་དུ་མཚུངས་པའི་མུན་ནག་བགྲང་བྱ་གདུང་དབྱངས་དཀྲོལ།།

སྟོན་ནམ་རིང་མོའི་རུམ་ཁར་ཉལ་བའི་དངན་པའི་ཤུགས་གླུ་མིག་ཆུས་བསུས་པའི་ལོ་འཁོར་ལྔ་བཅུའི་གཅོང་ནད་བསམས།།
རྣམ་དཔྱོད་རིག་པའི་མེ་ཕུང་དམར་པོ་སེམས་དང་བསམ་པའི་སྦུབས་སུ་བཅངས་ཤིང་ཕུགས་འདུན་ཟབ་མོ་ཐོད་དུ་བཀོད།།
ཉིན་བྱེད་དབང་པོའི་གཟི་མདངས་ཡལ་བའི་མུན་དོང་གཡུལ་སའི་འགྲམ་ངོས་ཤིག་ཏུ་དཀར་ཁུང་འོད་ཞགས་རྣལ་མའི་འོག།
ལོ་རྒྱུས་གླེགས་བམ་བཀླགས་ཐེངས་རེ་རེས་མེས་པོ་རྣམས་པའི་ཟུངས་ཁྲག་དྲན་ནས་ཡིད་ངོགས་འདུན་པ་བྲག་ལྡེབས་རྐོས།།

སྐབས་གསུམ་མཛེས་སྙིང་གཅིག་ཏུ་བསྡུས་ཏེ་མི་ཡུལ་ཁམས་སུ་འཕོས་པ་དང་མཚུངས་མཛེས་པའི་ཕ་ཡུལ་རྒྱང་དུ་བསྐྱུར།།
གངས་དཀར་རི་ཚོགས་འཕྲེད་ཀྱིས་བརྒལ་བའི་མི་ཡུལ་ས་མཐའི་རུམ་ཁུགས་ཤིག་ལ་རེ་ཞིག་གནས་ཚང་གཡར་ཏེ་བསྡད།།
དགའ་བའི་འཛུམ་ཞལ་གྲོགས་སུ་བཀུག་ནས་སྙིང་སྟོབས་མིག་ཟུང་མདུན་ངོས་བགྲད་ཀྱིན་མ་འོངས་ལམ་སྣེ་རྡོག་གིས་རྫིས།།
ཡངས་པའི་ཤེས་རིག་ཐང་ཆེན་ཉུལ་པའི་གོམ་ཁའི་འདེཊ་འཇོག་མདུན་དུ་བསྲེངས་ཏེ་དགོད་སྒྲས་བར་སྣང་བཀོང་་སྟེ་ཆེས།།

མེས་པོའི་ཟུངས་ཁྲག་ཅིག་ཏུ་འདྲེས་པའི་སྤུན་ཟླ་དག་དང་ཞལ་མཇལ་བྱུང་དུས་ཡིད་སེམས་དབང་མེད་དགའ་བའི་བསུས།།                               
མཛེས་པའི་ལྷ་ཡུལ་ཐེངས་གཅིག་ཕྱིན་པའི་ལྷད་མེད་ཚོར་བ་དངོས་སུ་མྱོང་ནས་ཁམས་བདེ་མཚམས་འདྲི་གྲངས་མེད་ཞུས།།
རང་སྐད་དྭངས་མ་བཙིགས་སུ་བཅངས་རྐྱེན་ཕན་ཚུན་དབར་ནས་སྐད་བརྡ་མ་འཕྲོད་ནུབ་སྐད་འཁྱོག་པོས་ངོ་སྤྲོད་གནང་།།
ངེད་ཅག་ལས་དབང་ཕྱིར་འདང་ཐེངས་འགའ་མིག་གི་མདུན་དུ་འཆར་ཙམ་འཆར་ཙམ་སྙིང་ཤ་གསོན་པོ་དལ་གྱིས་དབྲལ།།

སྙིང་སྟོབས་ཤིག་གིས་འགྲིན་དབྱངས་སྒྲོག་སྟེ་ཕ་སྐད་དྭངས་མོའི་ལམ་ལ་བཞུཊ་ནས་འབད་བརྩོན་ཆུ་བོའི་རྒྱུན་བཞིན་བྱས།།
དཀའ་གདུང་ཟུག་གཟེར་སྙིང་ཁོང་ཟུག་པའི་དངན་པའི་སྨེང་གླུ་ཤུགས་ཀྱིས་གྱེར་བཞིན་ལོ་དང་ཟླ་བ་གཙང་བཞིན་བཞུར།།
ལུས་ཤུགས་ཡོངས་སུ་རིམ་གྱིས་ཉམས་ཏེ་རྔུལ་ཆུའི་རླབས་ཕྲེང་ངོ་གདོང་འཁྱིལ་བཞིན་ཉིན་མཚན་དབྱེ་མེད་རང་སྐད་དུང་།།
དབྱངས་གསལ་སོ་བཞི་མགུལ་རྒྱན་སྤྲད་པའི་སྤོབས་པ་ཡངས་པའི་མཁའ་དང་མཉམ་པའི་ཉམས་མེད་ལྷུན་པོ་ཚུལ་དུ་རྟེན།།

དུ་ཞགས་འཁོར་བའི་བས་མཐའ་ཞིག་ལས་གདོང་དམར་ཚང་གི་སྲོག་ཤིང་གསོན་པོ་ཀ་ཁའི་རང་མདངས་བོར་བའི་སྐབས།།
ཟང་ཟིང་ཁོར་ཡུག་རྒྱང་རིང་སྤུར་ནས་ལྷིང་འཇགས་ཁང་ཁྱིམ་ཁུག་སོ་ཞིག་ལས་དབྱངས་གསལ་སོ་བཞིའི་ངོ་གདོང་བཙལ།།
དེང་རབས་སྒྲོ་ལོར་རྒྱབ་ལྗོངས་མེད་སྟབས་ཤི་ཁད་ལུས་ཕུང་ལྟེབ་ཁུགས་ལྷུངས་ཀྱང་ཤ་ཚའི་སེམས་གཏམ་རྒྱང་ནས་འཕུར།།
དུང་བའི་སྙིང་ཁྲག་དྭངས་ཤིང་གཙང་ཡང་ཇ་ནག་ཞིག་གི་རིན་མཐོང་མེད་པས་གདོང་དམར་གཞལ་ཡས་ཉམས་པའི་ལྟས།།

མིག་མཐའ་འཁྱིལ་བའི་གཙང་ཆབ་སྔོ་མོ་གནམ་སའི་དབར་ན་ཤོང་བར་དཀའ་བས་གདུང་བའི་ཟུག་ངུ་བཟོད་ཐབས་བྲལ།།
དཀར་དམར་ཚོན་ལྡན་ལྭ་བ་གྱོན་པའི་ནུབ་མཐའི་མཚམས་སྤྲིན་བར་གསེང་ཁྲོད་ནས་མིག་ཀོང་གཉོམ་པོ་ཡུལ་ལ་བཅངས།།
རྩུབ་ཞིང་གྲང་བའི་ལམ་འཕྲང་བསྙེགས་ཀྱིན་ཉིན་ཞག་གྲངས་མེད་གཙང་བཞིན་བཞུར་ནས་མིག་ཆུ་མཉམ་དུ་ལུས་ཤ་སྐམ།།
རང་རིགས་དུང་བའི་སྙིང་སྟོབས་མ་ཉམས་སྲོག་དང་འདྲེས་པའི་སྐད་ཡིག་དྭངས་མ་ལག་ཟུང་རེག་པའི་སྤོབས་པའི་ཁེངས།།

ཡབ་མེས་བཙན་པོའི་ཞབས་ཀྱིས་བཅགས་པའི་བསིལ་ལྡན་འཛིན་མའི་སྲོག་ཏུ་བཞུགས་པའི་ཀ་མད་སུམ་ཅུའི་ཚེ་སྲོག་སྟེ།།
མེ་ལྕེ་དམར་པོའི་ཁ་རུ་བླུག་མཁན་རང་རིགས་གཤེད་མའི་ཚོགས་དང་གྱེས་པའི་གོམ་ཁའི་སྟངས་སྟབས་དལ་གྱིས་བསྒྱུར།།
མེས་པོའི་རྔུལ་ཁྲག་པང་ནས་འཁྲུངས་པའི་མི་རབས་གསར་བའི་མིག་འབྱེད་ལྡེའུ་མིག་དྲན་ཤིང་གསོན་པོ་སྙིང་ཁོང་སྦྲུམ།།
རིགས་ཞེན་དཀར་བའི་དཔང་ཚིག་དམ་བཅའ་ཡ་ཁོག་སྙིང་རྩེ་ཟུངས་ཁྲག་ལྷན་དུ་མཆོང་ལྡིང་གར་སྟབས་རྩེན་གྱིན་ཡོད།།

གངས་དཀར་རི་བོའི་ཉག་ཁ་རེ་རེ་རང་སེམས་གཙང་མའི་བརྩིགས་ལྡེབས་ཤར་ཏེ་ཕ་ཡུལ་གངས་ཅན་ལས་དབང་སེམས།།
ཉིན་མཚན་དབྱེ་མེད་སྨུག་སྤྲིན་འཁྲིགས་པའི་རྡ་སའི་རུམ་ནས་དྲན་གདུང་མིག་ཆུ་སྦྲང་ཆར་དང་མཚུངས་ས་གཞིར་བབས།།
ཁེར་རྐྱང་ལམ་འཕྲོང་གཡས་སུ་བཞགས་ཏེ་ཁ་བ་ཅན་པའི་ཞིང་ཁམས་ཕྱོགས་སུ་དལ་དལ་གོམ་པའི་སྟངས་སྟབས་བསྒྱུར།།
སེམས་ཁོང་འདུན་པ་དམ་པོ་བཅངས་ནས་མི་འགྱངས་ཁ་བའི་པང་ཁུགས་བསྙེགས་པའི་བརྩེ་སེམས་ཕྲ་མོ་འགྱུར་མེད་དོ།།

དུངས་ཞེན་ཡོད་དགོས།

དུས་རབས་གསར་བའི་མཁའ་དབྱིངས་ཡངས་པོའི་གཞལ་མེད་ཁང་བཟང་ལྡིང་ཁང་ནས།།
རྫོགས་ལྡན་གསར་བའི་སྐལ་བཟང་བརྩིགས་པའི་ཉིན་བྱེད་དབང་པོའི་གཟི་མདངས་རྒྱས།།
ཤེས་རིག་འདབ་བཟང་ཕྱོགས་བཞིར་བརྐྱངས་བའི་སློབ་གླིང་སྐྱིད་པའི་དགའ་ཚལ་དབུས།།
བརྩོན་པའི་དཔལ་འབར་མཁའ་དབྱིངས་བཏེགས་པའི་ཤག་ཤག་འཇོ་བའི་ཆུ་ཕྲན་བཞིན།།

ཡངས་པའི་ཤེས་བྱས་ཐང་ཆེན་འགྲིམས་པའི་ཉིན་ཞག་གྲངས་འདས་འགྲོགས་པའི་དཀྱིལ།།
གདོང་དམར་རིགས་ཀྱི་སྲོག་ཐག་དམར་པོ་ཆད་འཇིགས་གྲོག་རོང་མཁའ་མཐར་བསྲིངས།།
ཐུན་གསུམ་རྨི་ལམ་ཞིང་ཁམས་བསྙེགས་ཀྱང་བརྗེད་མེད་སེམས་ཁོང་བརྩིགས་སུ་བརྐོས།།
ལྷུན་ཞིང་བརྗིད་པའི་གངས་དཀར་གཤིས་ལྟར་འགྱུར་མེད་སེམས་ཀྱི་རང་གཤིས་ཟུངས།།

ཟུངས་ཁྲག་དྭངས་མ་གཅིག་ལས་འཁྲུངས་ཀྱང་རིགས་རུས་དུངས་ཞེན་དབེན་ཚོཊ་བཞིན།།
བསམ་མེད་ཀླད་སྟོང་བརྟུལ་ཞུགས་མ་འཛིན་གནའ་རབས་མེས་པོའི་ཞབས་རྗེས་འབྲངས།།
ཡབ་མེས་བཙན་པོའི་སེམས་སུ་བཞུར་བའི་བཀའ་གསུང་དྭངས་མོའི་སྙིང་བཅུད་འཐུངས།།
སེམས་དང་བསམ་པའི་དཀྱོག་མཚམས་མ་བརླག་དུངས་བའི་མདའ་མོ་ནང་རོལ་ཁུགས།།

འདབ་གྲོལ་ཤེས་རིག་གསང་མཛོད་ཆེན་མོའི་རྒྱུད་རླབས་ཟེགས་མའི་འོད་མདངས་གསེབ།།
དབྱངས་གསལ་སོ་བཞི་མགུལ་བརྒྱན་སྤྲད་པའི་མགྲིན་བཟང་དབྱངས་རྟ་གྱེན་དུ་བཏེགས།།
རྣམ་དཔྱོད་རིག་པའི་མེ་དཔུང་དམར་པོ་རྨོངས་གནག་སྟུག་པོའི་མཁའ་དབྱིངས་བསྒྲོན།།
སྐྱ་རེངས་སྒེག་མོའི་འཛུམ་ཞལ་དཀྲོལ་པའི་དམ་བཅའི་དཔང་ཚིག་མཁའ་མཐར་བསྒྲེངས།།

གཟུར་གནས་མཁས་པའི་ཞབས་ཀྱིས་བཅགས་པའི་འབྲས་བཟང་ཆུ་སྐྱེས་འདབ་བརྒྱ་ཅན།།
མཚུངས་མེད་ལྷག་བསམ་མཚོ་ལས་ཟབ་པའི་མཁས་དབང་དམ་པའི་ལེགས་བཤད་ནོར།།
དུས་བསྐལ་མཐའ་མའི་ཚ་རླབས་འཕྱོར་ཡང་སྙིང་དམར་གསོན་པོའི་རུམ་ཁུགས་བཅངས།།
ཀྱེ་ཧུད་གངས་ཅན་ལས་དབང་བསམས་ནས་མདུན་སྐྱོད་ལམ་འཕྲང་སྟོབས་ཀྱིས་བརྫིས།།

ལེགས་ཉེས་འབྱེད་པའི་མིག་ཟུང་བཅངས་ནས་དུས་རབས་གསར་བའི་ཨམ་ཕྲག་ནས།།
ཉོན་་མོངས་དུག་གསུམ་གྲོགས་སུ་བཀུག་པའི་མག་མོག་འཇིག་རྟེན་གྲིབ་བརྙན་བརྫེས།།
ཤེས་རིག་འོད་མདངས་འཇའ་གུར་ཕུབ་པའི་ཕུགས་འདུན་མངོན་པའི་ལྡིང་ཁང་དབུས།།
དམར་ཡག་སྟག་བཙན་སྡེར་མོ་དང་མཚུངས་བློ་གསལ་སྦར་མོར་ཤུགས་ཀྱིས་བཙུགས།།

དུག་རྡུལ་ནག་པོས་ངོ་གདོང་གཡོགས་ནས་དམིགས་འབེན་མཁའ་ལམ་གཏོར་ན་ཡང་།།
མེ་ཞགས་དམར་པོའི་ཚུལ་བཞིན་འཕྱོར་བའི་འཇགས་མེད་སྙིང་སྟོབས་སྟོད་དུ་བརྫངས།།
མེས་པོ་དམ་པའི་ཞལ་ཆེམས་གསོན་པོ་གངས་དཀར་སེམས་པའི་རྩེན་གནས་བཅངས།།
ཕུགས་འདུན་རིང་པོ་ཐོད་དུ་བཅིངས་ནས་རང་རིགས་ལུགས་སྲོལ་སེམས་སུ་བསྡམས།།

ལས་སྐལ་དུ་མའི་རྡུལ་ནག་བརྩེགས་འདྲའི་བག་ཆགས་མཐུག་པོའི་རྨོངས་མུན་ནས།།
དུས་རབས་གསར་བའི་མཁའ་ལམ་ཡངས་པོའི་ཞལ་འཛུམ་འོད་མདངས་རྣལ་མ་ནི།།
རྫ་ཆུ་དྭངས་མོའི་ཟེགས་རླབས་དང་མཚུངས་མགྲིན་བཟང་འགྱུར་ཁུག་གསོན་པོ་ཞིག།
ཁམས་དང་མོས་པའི་ལྟེབ་ཁུགས་གསལ་བའི་སྨོན་འདུན་སྙན་ཚིག་དབྱངས་རྟ་གྱེར།།

མི་རབས་གྲངས་འདས་གཏམ་རྒྱུད་འཁྲུངས་སའི་ས་སྒང་འཛིན་མའི་མངལ་བཞད་པའི།།
སྲིད་པོ་གདོང་དམར་སྙིང་ལས་ཟགས་པའི་ཟུངས་ཁྲག་ཐིགས་པའི་དབྱངས་གསལ་དེ།།
གནམ་བསྐོས་གོང་མའི་བཀའ་ལུང་རེད་ཅེས་མ་འཇོག་འཆད་བརྩོད་རྩོམ་གསུམ་བྲེལ།།
ལུང་རིག་རྣམ་དག་གྲོགས་སུ་བཀུག་ནས་དྭངས་གཙང་ཉིང་ཁུ་མཁའ་དབྱིངས་དྲངས།།

མག་མོག་གི་བརྩེ་དུང་།

མཚར་སྡུག་འོད་སྟོང་འབར་བའི་ཁ་སང་གཏམ་རྒྱུད་དེ་རིང་འཇའ་བཞིན་ཡལ་བས་ཡིད་སེམས་ཤིག་མུག་ཐལ།།
མདང་ནུབ་བཀྲག་མདངས་ལྡན་པའི་རྒྱུ་སྐར་དཔུང་ཚོགས་དེ་རིང་མུན་ནག་གྱུར་བས་སྙིང་ཆུང་ཞིག་གད་ཐལ།།
སེམས་རྩ་གཅིག་ཏུ་འདྲེས་པའི་དམ་བཅའི་རི་མོ་ལས་དབང་བཙན་པོ་རྒྱུགས་པའི་ཤུལ་རྗེས་ཡིས་བསུབ་ཐལ།།
འཇིག་རྟེན་འཁོར་བའི་ཀློང་ནས་རེ་ཞགས་འཕངས་ཀྱང་སེམས་ཀྱི་རྒྱུ་བ་འགག་པས་འགྱོད་པ་ཡིས་གདུང་ཐལ།།

མག་མོག་གླུ་སྐད་འཛེར་བོའི་ཤུལ་རྗེས་འབྲངས་བའི་སང་ཉིན་འཇིག་རྟེན་རལ་བོར་སྒུག་ཡུན་ཞིག་རིང་ཐལ།།
ནམ་ཟླ་གྲང་ཤུར་ལྡང་བའི་མཚན་ལྗོངས་མོག་པོ་གོམ་པ་བགྲོད་འཚམས་བཞགས་པས་སྡུག་ཡུན་དེ་རིང་ཐལ།།
གནམ་རྒན་རྒྱལ་མོས་གནང་བའི་དགུན་རླུང་བཙན་པོ་བྲང་གཞུང་ཤུགས་ཀྱིས་ལྡང་བས་གྲང་ཡུན་དེ་རིང་ཐལ།།
ལུས་སེམས་འཁྱག་གིས་བསྡམས་པའི་ན་ཟུག་ལྕི་མོས་སྙིང་ཆུང་སྦར་གང་གད་པས་ཁྲག་བཞུར་ཞིག་མང་ཐལ།།

མགྲིན་སྔོན་དབྱངས་རྟ་གྱེར་བའི་དཔྱིད་ཀྱི་དཔལ་དབྱངས་འདྲེན་བྱེད་ལམ་དུ་འཆར་བ་སྒུག་ཡུན་དེ་རིང་ཐལ།།
སྟོན་མཇུག་བ་མོས་བཙིར་བའི་བདག་ཡིད་ཞིང་སར་འབྲས་བཟང་ལོ་ལེགས་བྲལ་བས་དངན་པ་དེ་རིང་ཐལ།།
གནམ་ལྕགས་ཐོག་ལས་བཙན་པའི་བརྩེ་དུང་རྣམ་ཤེས་ཟུངས་ཁྲག་ལྷན་དུ་འཕྱུར་བ་སྒུག་ཡུན་ཞིག་རིང་ཐལ།།
སེམས་མཐུན་དང་གཏམ་བཞུར་བའི་འགྱུར་མེད་དམ་བཅའ་བྲང་གི་དཀྱིལ་དུ་བཀོད་པའི་སྐལ་བ་དེ་བྲལ་ཐལ།།

བརྩེ་དུང་རྣམ་ཤེས་གསོན་པོ་དཀོན་མཆོག་ཕུལ་དུས་དཀོན་མཆོག་དག་པའི་ཞིང་ལ་གཉིད་ཡུན་དེ་རིང་ཐལ།།
བརྩེ་དུང་ལམ་འཕྲན་དྭངས་མ་ལས་དབང་བཀུར་དུས་ལས་དབང་རྫུན་གཏམ་ཡིན་པ་རྟོགས་པ་ཞིག་ཕྱི་ཐལ།།
བརྩེ་དུང་ཨ་ལོང་དགུ་བསྒྲིལ་གད་ཆག་ཤོར་དུས་དཀོན་མཆོག་འགྲོ་དྲུག་གཟིགས་པའི་སྤྱན་ཟུང་དེ་ལོང་ཐལ།།
བརྩེ་དུང་ཡིད་ཀྱི་དྭངས་མ་རྫུན་གཏམ་སྐོར་དུས་ལས་དབང་འཇའ་བཞིན་ཡལ་ཏེ་ནུས་ཤུགས་དེ་རྫོགས་ཐལ།།

དུང་གཏམ་མཚོ་མོ་འཁྱིལ་བའི་འདས་པའི་ནམ་ཟླར་སྲ་མཁྲིགས་དར་ཁ་འགྲིག་པས་ངང་མོ་ཞིག་འཕུར་ཐལ།།
དུང་གཏམ་མེ་ཏོག་བཞད་པའི་ཁ་སང་དཔྱིད་དཔལ་དགུན་ཟླ་དང་པོས་བཅོམ་པས་སྦྲང་ཕྲུག་དེ་འཕུར་ཐལ།།
དུང་གཏམ་ཞལ་ཁ་འཛུམ་པའི་མདང་གི་རྨི་ལམ་ནམ་ལངས་སྐྱ་རེངས་དང་པོས་དཀྲུག་དཀྲུག་དེ་བཏང་ཐལ།།
དུང་གཏམ་སྙིང་ཁོང་ཟུག་པའི་བརྩེ་དུང་མདའ་མོ་ངར་ཤུགས་གནམ་ལྕགས་བཙན་པོས་སོ་ཁ་དེ་བཅོམ་ཐལ།།

གངས་ཆར་ལེབ་མོ་བཞུར་བའི་ས་སྲོད་ཁྲོད་ནས་སྡོང་རྒན་ཁེར་ཧྲེང་འགྱིངས་བར་ལས་དབང་གིས་སྐུལ་ཐལ།།
རྨ་འབྲི་རྫ་གསུམ་བཞུར་བའི་དབྱངས་རྟ་དང་འགྲོགས་མིག་ཆུའི་བཞུར་སྒྲ་འཛེར་བོ་བརྩེ་དུང་གིས་སྐུལ་ཐལ།།
དམར་ཆུང་སྙིང་རུས་ཆག་པའི་ཟུག་གཟེར་ལྕི་མོ་བྲང་གཞུང་བཙན་གྱིས་བསྣུན་པ་དུང་གཏམ་གྱིས་སྐུལ་ཐལ།།
གདུང་བའི་དངན་ཤུཊ་རིང་མོ་རུམ་ཁུགས་འཐེན་པའི་གྲང་ཤུར་མིག་ཟུང་བགྲད་པ་སྔོན་ལས་ཀྱིས་སྐུལ་ཐལ།།

བྲལ་གདུང་སེམས་ཀྱི་རྨ་ཤུལ་གངས་འདབས་སྦས་ནས་རི་བོ་ཟུར་གསུམ་ཀླད་ལ་དབུགས་རིང་ཞིག་ཤོར་ཐལ།།
བྲལ་གདུང་་སེམས་ཁོང་མིག་ཆུ་གཙང་འགྲམ་བཞུར་ནས་ཆུ་བོ་དྭངས་མ་ཞིག་ལ་འཕྲིན་མཐུང་ཞིག་སྐུར་ཐལ།།
བྲལ་གདུང་སེམས་ཀྱི་སྡུག་ཡུན་ཁུར་བོ་དང་མཚུངས་སེམས་ཁོང་དཀྱིལ་དུ་སྒོམ་པས་གོམ་འཁྱོར་རེ་ཤོར་ཐལ།།
བྲལ་གདུང་སེམས་ཀྱི་ངུ་ངག་དབྱངས་དང་སྦྲེལ་བའི་ལས་དབང་མག་མོག་ཅིག་གིས་མགོ་བོ་དེ་གཡོགས་ཐལ།།

ཚོར་བའི་རྣམ་ཤེས།

ཐུལ་དཀར་འབྲི་མོའི་འོ་ཞགས་ས་གཞི་འཁྱིལ་བའི་འབྲོག་པའི་ལྷས་ར་སྨུག་པོའི་འདབས་རོལ་མཐའ་ནས།།
བརྩེ་སེམས་རྨུ་ཐག་རིང་མོ་ལྷན་གཅིག་སྦྲེལ་ནས་འགྱུར་མེད་དམ་བཅའི་ཕོ་བྲང་གསར་དུ་བཞེངས་དུས།།
རབ་དཀར་ཞོ་གསར་སྤུངས་འདྲའི་སེམས་འཇུ་དམར་པོ་གསེར་སྐུད་འཇམ་པོ་ཞིག་གི་ཐོག་ལ་དྲངས་ཀྱང་།།
འགྲུལ་བཞུད་གོམ་སྟབས་དང་པོ་རྗེས་ཤུལ་ཕབ་དུས་གྲིབ་གཟུགས་ནག་པོ་ཞིག་གིས་དུམ་བུར་བཅད་ཐལ།།

གནམ་ས་སྣོལ་མ་འདྲེས་པའི་བས་མཐའ་ཞིག་ལས་གྱེས་བྲལ་གདུང་དབྱངས་འཛེར་བོ་ངག་ལ་གྱེར་བཞིན།།
དྲན་གདུང་མིག་ཆུ་དམར་པོ་མཁོར་སྒོ་ཟགས་པའི་ནུབ་ཁའི་མཚམས་སྤྲིན་ཟེགས་མར་མིག་ཟུང་གཏད་དེ།།
སེམས་པ་ཆག་གྲུམ་ཤོར་བའི་རྨ་ཤུལ་གསེབ་ནས་བརྩེ་བའི་བདག་མོའི་གཟུགས་རིས་ཡང་ཡང་སྒོམ་གྱིན།།
འཕྲུལ་བཟོས་འཁོར་ལོ་བགྲོད་པའི་ཐག་སྒྲ་ཉན་བཞིན་རེ་འདུན་རྨི་ལམ་གསར་བའི་དབྱིངས་སུ་ཆས་ཐལ།།

ཁ་བའི་རྡུལ་བརྩེགས་སྲབ་མོས་དབུ་ཁྱུད་བྲིས་པའི་གནས་མཆོག་རྡ་སའི་སྲང་ལམ་གོམ་ཁས་ཉུལ་སྐབས།།
ཉིན་བྱེད་རྟ་བདུན་དབང་པོའི་ཟེགས་རླབས་འཁྱུད་པའི་འོད་ཟེར་གུར་ཁང་སྟོང་གི་མཛེས་པར་རྒྱན་ཡང་།།
དྲན་འཛིན་མཁའ་དབྱིངས་ཡངས་པོ་རྡུལ་གྱིས་བཟུང་ནས་དྲན་གདུང་མིག་ཆུ་དམར་པོ་ཁོག་ཏུ་བཅུག་སྟེ།།
མུ་མེད་བྱེ་ཐང་རིང་མོ་དཔྲལ་ཐོག་ཀེར་བའི་རི་སྤྱང་རྟུལ་ཞུགས་བཅངས་བའི་སེམས་ཁམས་ཐེབས་སོང་།།

ཆར་རླུང་ལྷོ་ནས་ལྡང་བའི་ནུབ་མཚམས་ཤིག་ནས་རེ་ཞགས་ཐོད་ལ་བཀོད་པའི་གནམ་རྒན་བཀའ་འགྲོས།།
གནམ་ལྕགས་ཐོག་ལས་བཙན་པའི་གཟེར་ཤུགས་དྲག་པོ་དམར་ཆུང་སྙིང་ལ་ཟུག་པའི་དངན་ཤོར་རིང་མོ།།
མཐོན་མཐིང་ལྷ་ལམ་ཡངས་མོའི་དབྱིངས་སུ་རྒྱུ་བའི་རབ་དཀར་ཆུ་འཛིན་སྒེག་མོའི་དཔལ་ལ་བརྒྱུད་ནས།།
དྲན་སེམས་རྨི་ལམ་གསར་བའི་རུམ་ཁར་འཐིམ་བའི་གངས་དཀར་ལྷ་མོའི་ཕྱོགས་སུ་དབང་མེད་ཤོར་ཐལ།།

ཁ་བའི་འདབ་མ་བརྩེགས་པའི་ས་འཛིན་དཀར་པོ་ཤར་གྱི་ཐིག་ལེ་གསལ་བའི་དགྱེས་འཛུམ་དང་འགྲོགས།།
གནས་འཛིན་བུ་མོའི་འཇིག་རྟེན་དཔལ་དབྱངས་བརྒྱན་ཏེ་སྤྲིན་དཀར་འདབ་མ་སྟོང་གི་ཤམ་བུ་གཡོ་དུས།།
དྲི་གཞོན་ལྷ་མོར་གཞོན་པའི་རྣམ་ཤེས་མོག་པོས་འཛིན་མའི་འཕང་བ་གྲངས་མེད་ཤུགས་ཀྱིས་གཏོར་ནས།།
རྨི་ལམ་ཞིང་ཁམས་ཉུལ་བའི་གངས་དཀར་ལྷ་མོའི་འགྲམ་པར་བྱིལ་བྱིལ་བྱེད་པའི་སྟོང་བསམ་སྒོམ་ཡོད།།

རབ་དཀར་ཆུ་ཤེལ་དབང་པོའི་འོད་རླབས་ཁྲོད་ནས་དྲན་གདུང་གློག་ཞགས་མྱུར་མོས་སྙིང་རྩར་འཁྱུད་དེ།།
སྣང་བ་རབ་རིབ་འབུམ་འདུས་དྲ་རྒྱར་བཅུག་པའི་གཞན་ཡུལ་ས་མཐར་བཞད་པའི་སྟེང་འཐུང་དཀར་པོ།།
ཉལ་འགྲོའི་བཞུར་དབྱངས་སྙན་མོའི་འགྱུར་ཁུགས་འཁྲེང་ཞིང་དུང་ཞེན་མེ་དྲོད་དམར་པོ་བྲང་དུ་གླན་གྱིན།།
ཐུན་གསུམ་མཚན་ལྗོངས་ཡངས་མོའི་ཀླད་ལ་རྒྱུ་བའི་འགྲོ་བའི་ངང་ཚུལ་འཇམ་པོའི་དུངས་བར་སྒུག་ཡོད།།

དྲན་གདུང་ན་ཟུག་བརྗི་མོ་ཕྲག་སྟེང་ཁུར་བའི་མཚན་ཐུན་མག་མོག་བཞུར་བའི་རྒྱུན་དང་འགྲོགས་བཞིན།།
དྭངས་གསལ་བརྩེ་བའི་མལ་ཆུང་ཐུ་འོག་ཅིག་ལ་འཛུམ་དཀར་འོ་ཆུ་འཁྱིལ་བའི་མཇལ་འཛོམས་རེ་སྨོན།།
ལོ་དང་ཟླ་བ་བགྲོད་བའི་དབར་མཚམས་ཤིག་ལས་བརྗེད་མེད་སེམས་ཀྱི་རྡོ་རིང་དབྱིངས་སུ་བསྒྲེངས་ཀྱང་།།
ནམ་ཟླར་བགྲོད་མཚམས་ཀྱོག་པའི་བར་ཐག་ཅིག་གིས་མཇལ་མཛོམས་རྨི་ལམ་སྒྱུ་མའི་ཀློང་དང་འདྲ་ཐལ།།


ཀུན་ཁྱབ་ནི་༢༠༡༢ ལོར་རྒྱ་གར་འབྱོར་བ་དང་ལོ་གཉིས་རིང་ཤེས་དགའ་སློབ་གླིང་ནས་སློབ་སྦྱོང་བྱས་རྗེས་ནོར་གླིང་བོད་ཀྱི་མཐོ་རིམ་སློབ་གྲྭར་ཞུགས་པ་དང་དེ་རུ་སློབ་སྦྱོང་བྱེད་མུས་ཡིན། དེ་སྔོན་ཁ་བའི་མེ་ཏོག་གི་དུས་དེབ་དང་། གཞན་ཚགས་ཤོག་ཁ་ཤས་ལ་རྩོམ་ཡིག་མི་ཉུང་བ་ཞིག་སྤེལ་བ་བཅས་ངོ་སྤྲོད་མདོར་བསྡུས།

ཡོང་ཁུངས། ངེད་དྲྭ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།