MonJunMon2017

སྤེལ་དུས་མཐའ་མ།04:53:59 AM GMT

རྩོམ་གསར།:

འདན་མ་ཚུལ་ཁྲིམས་ལེགས་བཤད་ཀྱི་སྙན་ཚོམ།

འོད་ཐིག་གངས་སྣེ་ལ་འཁྱུད་པའི། མར་མེ་རྐང་གཅིག་དེ་འབར་བ།

མར་མེ་རྐང་གཅིག

___༧རྒྱལ་མཆོག་ཀརྨ་པར།

ཞོགས་ཀའི་སྤྲིན་དམར་གྱི་ཆུན་པོ།།
མཐོ་པོའི་མཐིང་ག་ནས་ཡལ་ཤུལ།།
འོད་ཞགས་ཉི་གཞོན་གྱི་ཕུང་པོས།།
དྲོད་ཀྱི་བདེ་ཁོལ་དེ་སྦྱིན་པ།།

མགོན་པོའི་མགྲིན་པ་ཡི་གཤོག་པ།།
ཡངས་བའི་ས་ཆེན་དུ་དཔྱངས་ན།།
ཤེས་བྱའི་བང་རིམ་དེ་རྔམ་ཡང་།།
མདའ་སྒྲོ་ལེབ་མོ་ཡི་འོག་རེད།།

བྱམས་བརྩེ་ཆུ་འཛིན་གྱི་ཕོན་པོ།།
ཁྱེད་ཀྱི་ནམ་མཁའ་རུ་འཐིབ་ཚེ།།
དྲང་གདུང་མིག་ཆུ་རུ་ཟག་ཀྱང་།།
ཡ་ཁོག་སྙིང་ཆུང་འདི་སྐྱིད་པ།།

ན་ནིང་དབྱར་གཞུང་གི་མེ་ཏོག།
ཤར་རླུང་སེར་བུ་ཡིས་གཏོར་རུང་།།
རང་བྱུང་དུས་བཞི་ཡི་ལྷ་མོས།།
མེ་ཏོག་མཛེས་པོ་ཞིག་སྐྱེས་སོ།།

གཟུགས་སྐུ་བྱང་ཆུབ་ཀྱི་ལྗོན་པར།།
འདབ་འབྲས་ལོ་མ་ཡི་ལེབ་མོ།།
སེམས་ཀྱི་ཟབ་ས་ལ་སྨིན་པས།།
ཡིད་ཀྱི་ཞིང་ས་ནས་མི་འདོར།།

མུན་རྡུལ་ས་ཞིང་ལ་འཚུབ་ནས།།
རླུང་བུ་གང་ས་རུ་ལྡང་ཡང་།།
འོད་ཐིག་གངས་སྣེ་ལ་འཁྱུད་པའི།།
མར་མེ་རྐང་གཅིག་དེ་འབར་བ།།
༢༠༡༥།༠༣།༣༠ལ་བྲིས།

འཚོ་བའི་ཁ་དོག

བདག་གི་སྐྲ་ལོ་སྟོང་པའི་དབྱིངས་སུ་ཡིབ།།
མཛེས་མའི་འཆོར་སྒེག་མེ་ལོང་ངོས་སུ་འཆར།།
མི་ཚེ་གློ་བུར་འཇའ་རིས་ཚོན་མདངས་ཤིག།
མདུན་གྱི་གྲིབ་གཟུགས་ཕར་ཕར་བཞུར་གྱིན་ནོ།།

རས་གཟན་དམར་པོ་ཁྲོམ་པའི་དཀྱིལ་ན་སྒུལ།།
གླེགས་བམ་ལྕི་མོ་དད་པའི་ཀློང་ན་འཚེར།།
ལས་དང་སྨོན་གྱིས་འཕོས་པའི་མི་ཚེ་ཞིག།
ཆར་རླུང་གསེབ་མའི་ཕག་ཏུ་བཞའ་གྱིན་གདའ།།

མདུན་གྱི་འོད་ཐིག་མུན་རྡུལ་རབ་རུབ་ཁེངས།།
རྐང་ལམ་ཕྲ་མོར་མི་ཚོགས་འགྲུལ་བཞུད་འདུ།།
མི་ཚོགས་འདི་དང་ལས་དབང་མཉམ་ཁྱེར་ནས།།
མི་ཚེ་གློག་དམར་འདྲ་བོ་འཁྱུག་ནས་ཡོད།།

ང་ཡི་འཇིག་རྟེན་མུན་པའི་གཏིང་རུམ་འབྱམས།།
སྙིང་ཆུང་ལྷད་པོ་གྲང་བས་སིག་སིག་འདར།།
ཤ་རུས་གཏིང་ནས་རྒྱུ་བའི་སྐྱོ་ཤས་ཏེ།།
མི་ཚེའི་ལོ་ཟླ་ཟད་པར་སེམས་ཚོར་ལྕི།།
༢༠༡༥།༠༢།༢༡ ནུབ་ལ་གྲུབ།

ཚོར་བ་ཁེར་ལབ།

རྨོངས་མུན་འཁྲེགས་པོ་རྡོ་ཡིས་གྲུབ་པ་འདྲ།།
མདུན་གྱི་སྐྲ་སྒྲོན་འོད་ཐིག་ཟད་པ་འདྲ།།
མཁའ་མཐའི་ཐོག་སེར་ས་ལ་འཕོ་མེད་འདྲ།།
དཔྱོད་མིག་ཅན་ཚོས་ལེ་ལན་འདེད་པ་འདྲ།།

སྙན་ངག་མོས་ཀྱང་འཛུབ་མོ་རྡོ་ལ་རྡབ།།
གླིང་བུ་ཉན་ཤེས་བུ་ག་འཚང་ཡོན་མཆིས།།
ལས་དབང་སྐོར་ཀྱོག་རླུང་བུ་ངེས་མེད་འདིས།།
ཐལ་རྡུལ་འཚུབ་པའི་རི་མེད་བྱེ་ཐང་བཅུག།

སྤྱང་ཀི་ཤ་བཟས་རྩྭ་ཉག་འཚོལ་བ་འདྲ།།
ལུ་གུ་མ་མོས་ཤ་ཁྲག་འཚོལ་ཞུབ་བྱེད།།
འཚོ་བར་སུར་སྣང་གང་ཡོད་མ་ངེས་མོད།།
མུན་ཁྲོད་མཚན་མོར་འཐབ་མོ་འགྱེད་པ་འོ།།

དོ་ནུབ་མཐོན་མཐུང་འཇའ་གུར་ཕུབ་པ་འདྲ།།
ཉ་གང་ཟླ་བས་རྒྱུ་སྐར་དོ་ཤལ་སྤྲས།།
སྒོ་ཁྱི་ནམ་གུང་ཟུག་རྔུ་འདོན་ནས་ཉུལ།།
མཚན་གུང་རྨི་ལམ་བཞི་ཤད་དེ་ཡིས་གྲུབ།།

སྟོན་གྱི་སེར་བུས་དྲི་ངད་གཏོར་བ་འདིས།།
ལྡེམ་ལྡེམ་སྐྱོམ་པའི་ཆ་མེད་སྦྲང་ཆུང་ཞིག།
དཀར་ཁུང་དོད་པའི་འཁྲིས་ཀྱི་ཤེལ་ལྷེབ་སྟེང་།།
སྨེ་ངག་གྱེར་ཏེ་འགྲིན་པ་འགག་ལ་ཉེ།།

གནམ་གྱིས་ས་བཀབ་རི་མེད་ཐང་ཆེན་རྔམ།།
རྟ་མཆོག་རྗེན་ཞོན་བང་རྩལ་གློད་པ་འདིས།།
མཁའ་དབྱིངས་ཉི་ཟླར་འཐེན་ཁ་རྒྱོང་རེས་བྱས།།
ཁྲམ་ཚོགས་དཀྱིལ་ནས་ཨ་ཕ་གད་མོ་བགད།།

ཉིན་གུང་ཉི་ཟེར་མཐའ་ཡས་རྒྱ་ཁམས་འཕྲོ།།
མུན་ནག་མཚན་མོར་གྲང་རླུང་གངས་ཆར་འཚུབ།།
ཉིན་དང་མཚན་གྱི་ཧེ་བག་གོ་རིམ་འཁྲོད།།
སྒོ་ཁྱིའི་ཞུ་བཏུག་ཁྱི་བདག་ཐུགས་སེམས་ཁྲོ།།

ལོ་ཟླའི་གོམ་སྟབས་ཡབ་མེས་མཁར་ཤུལ་རྙིང་།།
སེམས་ལ་བསྙལ་བའི་ཆང་རྒྱུ་རུལ་སུངས་ཐུལ།།
ལོ་ཟླ་ག་ཙམ་ས་མཐར་ཉུལ་བ་ལས།།
སྙིང་པོའི་ཡང་སྙིང་རི་རྭ་བུ་ཡིས་ཁྱེར།།
༢༠༡༤།༠༦།༢༢ བྲིས།

མཚན་ཐུན་གྱི་རོལ་དབྱངས།

མཚན་ཐུན་རིང་མོར་རོལ་དབྱངས་དཀྲོལ།།
རྨི་ལམ་འཁྱག་པ་མུན་ནག་ཡིབ།།
གནས་མལ་བོར་བའི་ཀེང་རུས་ཀྱང་།།
འཚོ་བ་སྡེ་བཞི་ཕུན་ཚོགས་རོལ།།

རྨི་ལམ་ལྡོམ་པོ་ཆུ་ལྟར་བཞུར།།
སྣང་བའི་མུན་རྡུལ་སྤྲིན་ལྟར་གཡོ།།
མཚན་ནག་མོག་པོ་ཁྲི་སྟོང་ངོར།།
འོད་ཀྱི་སྣེ་མ་ཆུ་ཐིགས་འཛར།།

ཉི་མ་ནུབ་ཁ་ས་སྲོད་རེད།།
རི་དང་གཙང་པོ་མུན་གསེབ་བཞའ།།
རྒན་པོ་འདི་ཀོའི་རྐང་འཁྲིས་ལ།།
གློག་འོད་སྦར་བའི་འཕྲིན་རྟ་ཞིག།།

ཕ་ཀའི་རྐང་ལམ་ཀྱོག་གེ་བ།།
ལམ་ཟུར་གློག་སྒྲོན་གཡང་སར་ལྷུང་།།
ངོ་ཤ་འཇམ་པོ་གྲང་ལྕི་ཡང་།།
མཚན་ནག་འུག་པའི་སྤྱན་ཞིག་བྱིན།།

མྱ་ངན་ཐང་ལ་མེ་ཏོག་མེད།།
སྦྲང་ཆུང་སྐྱོ་བས་རྩ་ཁམས་སྒུལ།།
ཅི་ཡང་བོར་ལ་གང་ཞིག་འཚོལ།།
རྩྭ་ཐང་ཡངས་པོར་སྙན་ངག་འཁྱིལ།།
༢༠༡༤།༠༨།༠༥ ལ་བྲིས།

སེམས་པའི་སེམས་པ།

ཆུ་བོ་ཚུར་ལ་མ་འཁོར་ཕར་ལ་བཞུར།།
གསེར་མིག་ཉ་ཆུང་ཡར་གྱི་མཁའ་ལ་ལྡིང་།།
སེམས་པ་སུ་ལ་མ་འཁྲེན་རང་སར་སུབ།།
བརྩེ་བ་རིལ་རིལ་མ་ཡིན་ལེབ་མོ་རེད།།

ང་ཡི་མདུན་དུ་མེ་ཏོག་ཕོན་པོ་ཞིག།
སྦྲང་མ་མོད་པོས་འཕུར་ལྡིང་བྱེད་ཀྱི་གདའ།།
མཛེས་སྡུག་ཡུན་ལ་སོན་པར་སུན་སྣང་སྟེ།།
བརྩེ་བ་ལེབ་མོ་མིན་ཏེ་རིལ་རིལ་རེད།

སེམས་པ་ཤེལ་གྱི་དམ་བེ་དྭངས་ལ་མཛེས།།
བརྩེ་བ་རི་ལ་མ་མངག་རུམ་དུ་འཐེན།།
དུང་བ་ཆུ་ལ་མ་སྐྱེལ་ནང་མར་འཚང་།།
བརྩེ་བ་འདི་ཀོ་ལྦུ་ཆང་ངར་མོ་ཞིག།

ཞོགས་ཀའི་འཇའ་ཚོན་ཉི་མའི་འོད་ཐིག་ཅིག།
མིག་ལ་མཛེས་པས་སྣང་བ་གྱ་གྱུ་སྒུལ།།
ཡུན་ཙམ་ཟད་ལ་སྟོང་པའི་མཁའ་རུ་ཐིམ།།
བརྩེ་སེམས་ཟེར་ནོ་འདི་ལས་བཙལ་བ་མེད།

ཆུ་བོའི་རླབས་རྒྱུན་དྲག་ལ་ལྦུ་བ་འཕྱོ།།
མེ་ཏོག་མཛེས་པ་ཆེ་ལ་དུས་ཐུང་ཞིག།
མཚན་མོ་ཇི་ལྟར་ནག་ན་རབ་རིབ་ཅིག།
སེམས་པའི་སེམས་པ་ཟེར་ནོ་འདི་ཙམ་ཟད།།
༢༠༡༤།༠༩།༠༡ ལ་བྲིས།

རྨི་ལམ་སྙིགས་རོ།

ཁ་ནུབ་ང་ཡི་རྨི་ལམ་གསེང་།།
མཛེས་མ་མོད་པོ་ཕྱི་ནང་རྒྱུ།།
སྐད་ངག་སྙན་པོ་རྣ་ལ་ཁེངས།།
བདག་ནི་རོལ་རྩེད་ཁང་དུ་ཐོན།།
ལུས་ཀྱི་འདོད་ཆུ་འཛག་པ་མང་།།
ད་དུང་ལག་པ་གཡས་གཡོན་དུ།།
འཕྱན་མོ་མང་པོས་སྣང་བ་སྒུལ།།
གློག་སྒྲོན་སྣ་ཚོམ་འཁྱུག་ཙམ་འཁྱུག།
སྤྲོ་གསེང་གྲུ་ག་ཡོམ་ཡོམ་འདར།།
སྣང་བ་དེ་དག་སྙིལ་ཞིང་བྲོས།།
ཕྱི་རུ་བྱིས་པ་མང་པོས་རྩེད།།
བར་སྣང་དུད་པས་མགོ་བོ་གཟེར།།
རྣམ་རྟོག་སྒྱུ་འཕྲུལ་ལྷད་པོ་འདི།།
སུ་ཡི་ངན་གཡོ་སླུ་བྲིད་ཡིན།།
ཡར་མར་ཁམས་ལ་ཀི་འབོད་བྱས།།
ཁྱིམ་མཚེས་ཁག་ལ་ཕག་ལྟར་ཕྱིན།།
ཕྱི་རོལ་འཇིག་རྟེན་ལྷིང་འཇགས་ཤིག།
མཚན་མོའི་བསིལ་རླུང་དེ་ལས་འཇམ།།
སླར་ཡང་རྨི་ལམ་ཞིང་ལ་འཐིམ།།
༢༠༡༥།༠༢།༠༩ ཕྱི་དྲོ་གྲུབ།


འདན་མ་ཚུལ་ཁྲིམས་ལེགས་བཤད། གཞུང་ཆེན་ཁག་ལ་སློབ་གཉེར་བྱེད་བཞིན་པའི་གྲྭ་བཙུན་རྩོམ་པ་པོ་ཞིག་ཡིན། དྲ་མིང་ལ་ཨཱ་ཡིག་འབོད། སྤྱི་ལོ་༡༩༩༤ལོའི་ཟླ་༣ཡས་མས་ཤིག་ལ་འདན་རྣམ་རྒྱལ་གླིང་དུ་སྐྱེས་ཤིང་། ༢༠༠༦ལོར་ཆོས་སྒོར་ཞུགས་ཏེ་ཞེ་ཆེན་བཤད་གྲྭ་ནས་་ཐུན་མོང་རིག་གནས་སོགས་ལ་སློབ་སྦྱོངས་བྱས། ༢༠༡༡ལོར་རང་ཡུལ་དུང་དཀར་བཤད་གྲྭར་ཞུགས་ཏེ་གཞུང་ཆེན་ཁག་ལ་སློབ་ཞོར་རྩོམ་ཡིག་སོགས་བྲིས་ཏེ་ལོ་དེབ་ཁག་ལ་ལྷུག་རྩོམ་དང་བཅད་རྩོམ་སོགས་བཀོད། ད་ལྟ་རང་ཡུལ་སློབ་གླིང་ནས་སློབ་གཉེར་བྱེད་ཀྱིན་ཡོད།

ཡོང་ཁུངས། ངེད་དྲྭ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།