TueFebTue2017

སྤེལ་དུས་མཐའ་མ།03:59:19 AM GMT

རྩོམ་གསར།:

༢༠༡༤ ལོའི་འབའ་གངས་རྒོད་ཀྱི་སྙན་ཚོམ།

ཉིན་མཚན་ཀུན་ཏུ་སྐྱོ་ངལ་ཁྱད་དུ་བསལ་ཏེ། རེ་སྒུག་ཁྲི་འབུམ་ཀློང་ན་ཤག་ཤག་རྒྱུའོ།

ཚོར་བའི་ཕྱི་ནང་།

ཚོར་བའི་སྣེ་རུ་ཤར་བའི་ཁྱེད་ཀྱི་གཟུགས་བྱད།།
རྩེ་གཏམ་ཀུ་རེའི་ཁྲོད་ཀྱི་གབ་ཚིག་ཡིན་ནོ།།
ཀུན་རྫོབ་ཐ་སྙད་འཐུ་བའི་གཡུལ་ས་དེ་རུ།།
དྲན་པ་སྣོད་ལ་བཅུག་སྟེ་མི་ཚེ་བདའ་འོ།།

རྨི་ལམ་སད་ཀྱིས་དཀྲོགས་པའི་དོ་ཞག་འདི་ལ།།
མེ་ཏོག་གློ་ཁ་ཞིག་གིས་ལག་བརྡ་བྱས་ཙང་།།
འཇའ་ཚོན་སྣ་ལྔ་ཡིན་པའི་རྟོག་འགྱུ་རྒོད་པོ།།
ཁྱེད་ཀྱི་འཇིག་རྟེན་ཁམས་སུ་རྣམ་པར་བཀྲ་བ།།

ཐ་སྙད་འཚེམ་བཟོ་བྱས་པའི་སྣང་བ་དཀར་པོ།།
སེམས་ཀྱི་གཤོག་པ་ཐོགས་ཏེ་མཁའ་རུ་འཕུར་ནས།།
སྤྲིན་པའི་གསེང་ལ་བྲིས་པའི་བརྩེ་བའི་རི་མོ།།
ཁ་བ་དཀར་པོར་བསྡེབས་ཏེ་ཁྱེད་སར་བབས་སོང་།།

ཚོར་བའི་རྗེས་ཁྲིད་བྱས་པའི་སྙན་ངག་འདི་ནི།།
ཀ་མད་སུམ་ཅུར་བརྒྱུས་ཏེ་མགོ་བོ་དགྱེས་ན།།
ཤོག་ལྷེ་ཟད་པོ་ཞིག་ལ་སེམས་པ་གླན་ཏེ།།
ཞི་བའི་ཏིང་འཛིན་ངང་ལ་ཞུགས་རྒྱུ་འེ་ཡིན།།

ལྗགས་ཀྱི་ཁུད་དུ་འཁྱིལ་པའི་རྒུན་ཆང་དེ་ལ།།
བཟི་ཁ་བཙན་པོ་ཞིག་གི་རོ་མངར་ཡོད་པས།།
རྣམ་རྟོག་ཡན་པར་བཏང་སྟེ་བཟི་གཏམ་མོད་པོ།།
དེ་རིང་ཁྱེད་ཀྱི་གམ་དུ་མང་པོར་ལབ་བཞག།
༢༠༡༥།༠༥།༡༠

དྲན་པའི་ན་བུན་སྨུག་པོ།

དྲན་པ་རྡང་ལ་བརྒྱུས་པའི་ལོ་དང་ཟླ་བ།།
སྟོང་འདང་མི་ཚེའི་ཁྲོད་དུ་ཡལ་ལ་ཉེ་བ།།
མུན་པ་གོས་སུ་བཀླུབས་པའི་དོ་ཞག་འདི་ལ།།
ཟླ་བའི་སྲིང་མོ་ཟེར་བ་མགྲོན་དུ་བསུས་སྐད།།

རྟོག་པ་འཇའ་རུ་ཤར་བའི་ནམ་མཁའི་དབྱིངས་ལ།།
ཚོར་བའི་བྱེའུ་ཆུང་འདི་ཡིས་ལྡིང་སྐོར་བྱས་ཡོད།།
གཤོག་སྣེ་རླུང་གིས་བསྒུལ་ཏེ་ཚོར་ཁམས་ཉུལ་ན།།
སེམས་ཀྱི་མྱི་ལ་དུངས་བའི་ཡིག་ཆུང་བསྐུར་ཆོག།

རྣམ་ཤེས་གྱང་ལ་ཁེན་ཏེ་ལོ་འགའ་འདས་ཀྱང་།།
དུང་བའི་རི་རྒྱུད་དེ་ལ་གཡོ་འགུལ་བསླངས་སོང་།།
དྲན་པ་སྣོད་དུ་བླུགས་ཏེ་མི་ཚེ་འདས་ཀྱང་།།
བརྩེ་བའི་མྱུ་གུ་འབུས་པར་དཀའ་ལས་ཆེའོ།།

ཤ་དང་མཆིན་པའི་བར་གྱི་ཁྲག་རྒྱུན་དྲོད་མོ།།
ཁྱེད་ཀྱི་སླད་དུ་ལུས་ཀྱི་རྩ་ཁུང་བརྒྱུད་དེ།།
ཉིན་མཚན་ཀུན་ཏུ་སྐྱོ་ངལ་ཁྱད་དུ་བསལ་ཏེ།།
རེ་སྒུག་ཁྲི་འབུམ་ཀློང་ན་ཤག་ཤག་རྒྱུའོ།།

རྟོག་པ་འོག་འགྱུ་བྱས་ན་དེ་འདྲ་རེད་པས།།
སེམས་ཀྱི་མེ་ལོང་ངོས་སུ་འཕྱོ་ཞིང་གཡོ་བ།།
ཚོར་བ་གཟུགས་སུ་བཀོད་ན་དེ་འདྲ་རེད་པས།
སྲིད་པ་སྒྱུ་མའི་ཁམས་སུ་རྒོད་ཅིང་རྩེན་ནོ།།

འཇའ་ཚོན་འདྲ་བའི་སྙན་ངག

སྣང་བའི་ཁམས་ལ་བྲིས་པའི་ཡི་གེའི་ཚོགས།།
ཚོར་བས་ལྕགས་ཀྱུས་བཅུམས་བའི་ང་རོ་ཡིན།།
བདེན་པ་འོད་དུ་སྦྲུམས་པའི་རྟོག་པའི་བཅུད།།
ཆང་དཀར་འབྲུག་རིས་ཁ་རུ་ལྟེམ་ལྟེམ་གཡོ།།

སེམས་པའི་གཞུང་དུ་བབས་པའི་ཁ་བ་འདིས།།
ངག་གི་རྩ་མདུད་བཤིག་སྟེ་སེམས་གཏམ་བརྐུས།།
འཁོར་བའི་ཀློང་རུམ་ཉུལ་བའི་བུ་ཆུང་འདིས།།
ཚོར་ཤེས་རྡང་ལ་བརྒྱུས་ཀྱང་ཤོར་སོ་སྐད།།

རྟོག་འགྱུ་འཇའ་ཚོན་འདྲ་བའི་སྙན་ངག་འདི།།
མཐའ་མེད་ཡུལ་གྲུ་འདི་རུ་འུར་གྱིས་ལངས།།
འོད་ཀྱི་གཤོག་པ་བརྐྱངས་བའི་མི་ཕོ་ཞིག།
ཁེར་རྐྱང་འཚོ་བའི་མལ་དུ་མི་ཚེ་བསྐྱལ།།

རང་ཤག་མདོག་མེད་འཁྲིས་ཀྱི་ཁེར་ལབ་དེ།།
སྣང་བ་དཀར་བོ་འཚོལ་བའི་ལྟས་ལ་ཞུགས།།
ནམ་མཁའི་ཉི་ཟླ་འདར་བའི་དངངས་འདར་གྱིས།།
ས་ཆེན་བྲང་གར་རྨ་ཤུལ་མང་པོ་བཏོད།།

སྣང་བའི་ཤེལ་ཕོར།

རྨི་ལམ་གཏོང་འཕྲོ་ལུས་པའི་མཚན་མོ་དེ་རུ།།
ངག་གི་རྩ་མདུད་གྲོལ་བའི་བུ་ཆུང་དེ་ཡིས།།
མགྲིན་པ་གཟེངས་སུ་བཏེག་པའི་སོ་ཁ་དེ་ཡི།།
དབྱངས་རྟ་ཟད་པོ་ཞིག་ལ་སེམས་པ་གླན་ཡོད།།

སེམས་པ་ཁབ་ཀྱིས་གཙག་པ་འཁོར་བའི་ཆོས་རེད།།
འཁྲུལ་བ་བདེན་དུ་འཛིན་པ་ང་ཚོའི་གཤིས་རེད།།
ཀུན་རྫོབ་ཐ་སྙད་འཐུ་བའི་ཞིང་ཁམས་འདི་རུ།།
གནས་ལུགས་སྤར་འཛིན་བྱས་ཀྱང་དོན་རེ་ཆུང་ངོ་།།

འཆར་ཡན་ལོ་ཟླ་རིང་མོའི་ཁུགས་སོ་ཞིག་ཏུ།།
གདོང་ལ་སེར་ཀ་གས་པའི་གསར་བུ་དེ་ཡིས།།
ཚོར་བ་ཆང་ལ་སྦངས་པའི་བཟི་གཏམ་ཞིག་ནི།།
ཆང་དཀར་འབྲུག་རིས་ཁ་ན་ལྟེམ་ལྟེམ་གཡོའོ།།

རྣམ་རྟོག་རྟ་རྒོད་བཞིན་དུ་རྒྱུགས་པ་དེ་ཡིས།།
དེ་རིང་ཚོར་བའི་ཁམས་ལ་རྨིག་རྗེས་དཔར་བ།།
སེམས་ཀྱི་ཕྱི་ནང་བསློགས་པའི་ཚོར་བ་ཞིག་གིས།།
སྲིད་པའི་སྒལ་གཞུང་འདི་ནས་དམག་སྒར་བཏབ་སོང་།།

འཁོར་བ།

དྲན་པའི་སྣེ་ལ་འདས་པའི་ལོ་རྒྱུས་འཁོར།།
སེམས་ཀྱི་དཀྱིལ་ལ་སྡུག་གི་ན་ཟུག་ལྷུང་།།
དོན་ལ་ཡོད་ཡོད་འདྲ་བའི་འཁོར་བ་འདི།།
ཚོར་བའི་ནས་ཆང་སྔོན་མོ་འཐུང་ས་རེད།།

འཁོར་བའི་ཀློང་ལ་འུབ་ཀྱིས་བསྡུས་པ་ཡི།།
སྐྱེ་འགྲོ་སེམས་ཅན་མ་རིག་རྨོངས་པའོ།།
སྒྱུ་མ་རྨི་ལམ་ཡིན་པའི་གནས་གྲོང་འདིར།།
བདག་འཛིན་རྣམ་རྟོག་ཕྲ་མོ་རྩེན་ས་རེད།།

དོ་ནུབ་ཕྱི་རོལ་དེ་ཡང་འུར་ལོང་ལོང་།།
ནང་གི་རྣམ་རྟོག་འདི་ཡང་ཀྲོག་ལྷང་ངེར།།
རྣམ་ཤེས་ཚོགས་དྲུག་གང་སར་ཡན་པ་འདི།།
གཟུང་འཛིན་འཁྲུལ་ཐག་མ་ཆོད་ལྷག་པས་རེད།།

མི་བརྟན་འགྱུར་བའི་སྒྱུ་མའི་འཁོར་བ་འདིར།།
རིགས་པའི་བུ་ཆུང་འཛུམ་གྱིས་འཁྱུད་ས་རེད།།
དེ་བས་བདག་མེད་རྟོག་པའི་ཤེས་རབ་ཀྱིས།།
བདག་འཛིན་ས་བོན་དྲུང་དུ་འབྱིན་པར་སྨོན།།


པིར་མིང་། འབའ་གངས་རྒོད། དངོས་མིང་། ཆོས་ཀྱི་ཉི་མ། སྡོད་གནས། གསེར་ལྗོངས་བླ་མ་རུང་ལྔ་རིག་ནང་བསྟན་སློབ་གླིང་།

ཡོང་ཁུངས། ངེད་དྲྭ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།