WedDecWed2017

སྤེལ་དུས་མཐའ་མ།08:20:03 AM GMT

རྩོམ་གསར།:

ཧོར་ནག་པ་འདྲེ་མིག་གི་སྙན་ཚོམ།

རྒྱང་ནས་ལྟད་མོ་བལྟས་ནས་ཅི་བྱེད འདིར་ཤོག་དང་ང་ཚོ་མཉམ་དུ་འགྲོ

དབུལ་བོ

ང་རང་དྭངས་གཙང་གིས་གསོན་ཆོག་པའི་ས་ཆ་དེ་གང་ན་ཡོད
ང་རང་གཤོག་པ་དང་ལྷན་དུ་འཕུར་ཆོག་པའི་མཁའ་དབྱིངས་དེ་གང་ན་ཡོད

ཆུང་མ་ཁྱིམ་ལ་བསུས་ནས
བུ་ཕྲུག་རང་ལ་ཡོད་པར་གྱུར་རྗེས
སྐུད་སྣེ་ས་གཞིར་ཐོགས་པའི་ཤོག་བྱ་ཞིག་གི་རང་གཟུགས
ངས་རང་ཉིད་ཀྱི་སྒེའུ་ཁུང་ནས་ཡང་ཡང་མཐོང
༢༠༡༢       ༦        ༡༢

མ་ཡུམ་དགུ་ཆུ

བྱ་ཁྱུང་རི་རྒྱུད་བདག་གི་མེས་པོའི་མགོ་བོ་ཡིན་དུས
དེ་ལས་བབས་པའི་དགུ་ཆུ་སྔོན་མོ་འཐུང་དུས་ང་ལ་འགོག་མེད་ཀྱི་ང་རྒྱལ་ཞིག་སྐྱེས་འོངས
དེ་ལས་སྐྱེས་ཤིང་འཚར་བའི་རི་ཆུ་ནགས་གསུམ་གྱི་འཚར་སྡུག་དང་རྟ་ནོར་ལུག་གསུམ་གྱི་བཀྲག་མདངས

ད་དུང  འབྲུ་དྲུག་ལོ་ཡག་གི་སྙེ་མའི་མགོ་ལྕོག་དུད་ཚུལ་སོགས་ཀྱིས
ང་རང་གི་ཕ་ས་ཕ་ཡུལ་ཏེ་རེབ་གོང་ནས་སྐྱེས་པར་སྤྲོ་སེམས་ཀྱིས་ཁེངས་ཡོད

ཡིན་ནའང  དུས་ཚོད་ཀྱི་དབང་གིས
འཛམ་གླིང་གོ་ལ་ཚ་དྲོད་ཅན་དུ་འགྱུར་བའི་དུས་ཀྱི་གོ་རིམ་ཁྲོད་ནས
ཁ་བའི་རིགས་ལ་ཆག་འཇིག་འབྱུང་སླ་བའི་དུས་ཀྱི་གོ་རིམ་ཁྲོད་ནས
རེབ་གོང་བ་ཁྲི་ཕྲག་གི་ཚེ་སྲོག་སྟེ་དགུ་ཆུ་སྔོན་མོ་ལོ་རེ་ནས་ཟླ་རེར་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར་དུས
རི་ཆུ་ནགས་གསུམ་གྱི་འཚར་སྡུག་དང་རྟ་ནོར་ལུག་གསུམ་གྱི་བཀྲག་མདངས

ད་དུང    འབྲུ་དྲུག་ལོ་ཡག་གི་སྙེ་མའི་མགོ་ལྕོག་བདག་གི་མཐོང་ལམ་ནས་མག་མོག་རབ་རིབ་ཏུ་གྱུར་དུས
དྭངས་གཙང་གིས་བཞུར་མྱོང་བའི་མི་ཚོགས་དེ་ཡང་ད་ནི་ངས་མག་མོག་རབ་རིབ་ཏུ་འགྱུར་གྱིན་པ་རྟོགས

མ་ཡུམ་དགུ་ཆུ་ཡ   མ་ཡུམ་དགུ་ཆུ
ད་ལྟ་ངས་རང་གི་མེས་པོ་དག་གིས་ཁྱེད་ང་རྒྱལ་དང་སྤྲོ་སེམས་ཀྱིས་འཐུང་གིན་པའི་རྣམ་པ་ཞིག་འབྲི་བཞེངས་བྱེད་ཀྱིན་ཡོད
ཡོད་ཚད་ཁྱེད་ལས་འཁྲུངས་ཤིང་ཡོད་ཚད་ཁྱེད་ལ་འཐིམ་པའི་གོ་རིམ་ཞིག་ལ་མནོ་བསམ་བཞེས་ཀྱིན་ཡོད

འདི་ལྟར་བསམ་བློ་གཏོང་དུས  ཁུ་སིམ་སིམ་གྱིས་བཞུར་གྱིན་མི་ཚོགས་འདི་ལ
མ་ཡུམ་དགུ་ཆུ་ཞེས་པའི་གླུ་གཞས་ཤིག་ང་རྒྱལ་དང་སྐྱོ་སྣང་གིས་ལེན་འདོད་སྐྱེས་འོངས

ཡིན་ནའང  གླུ་ལེན་འདོད་ཀྱི་སྤྲོ་བ་ཡོད་ཀྱང་གླུ་ལ་ཉན་མཁན་གྱི་ལྟད་མོ་བ་མེད་པ་ནི
མ་ཡུམ་དགུ་ཆུ་སྐམ་རུལ་དུ་གྱུར་ཀྱང་དེ་ལ་སྣང་དོགས་དང་ཚོར་ཤེས་མེད་པའི་ཁོར་ཡུག་དང་ཀུན་ནས་མཚུངས་ཨང
༢༠༡༢   ༡༢   ༣ དགོང་མོར་རང་མལ་ནས

གཅེར་བུར་བུད་པ

དྭངས་གཙང་གི་གཙང་བོ་མཐོང་བ་ནས                         
ཚ་གདུང་གི་དབང་གིས་ང་གཅེར་བུར་བུད་པ་ཡིན
ལྭ་བ་རེ་རེ་བཤུས་ནས་ཚར་དུས
མཁའ་དབྱིངས་ནི་རང་གི་ཁྱིམ་ཚང་ཡིན་པར་འཁྲུལ་མྱོང

ལུས་པོ་བཀྲུ་བ་ནི་རང་ཉིད་བཀྲུ་བ་དང་ཀུན་ནས་མཚུངས
དྭངས་གཙང་གི་ཞོགས་པ་དང་བསིལ་རླུང་གི་རམ་འདེགས་འོག་ནས
ཕ་ཡུལ་ལ་ལོག་པ་ནི་རྒོད་པོ་ཞིག་མཁའ་ལ་བསྐྱོད་པ་བཞིན
རང་ཉིད་ལ་རང་དབང་གི་ཁྱིམ་ཚང་ཡོད

ལུག་ཁྱུ་འདེད་ས་མཐའ་ཡས་པའི་རྩྭ་ཐང་ཡོད
རི་གླུ་ལེན་ས་ཁོད་ཡངས་པའི་རི་ལུང་གི་ཁ་ཞེང་ཡོད
ཆེས་མཐོ་ས་ལ་བུད་ནས་ད་དུང་ཁོར་ཡུག་འདིར་ཀི་གསུམ་འདེབས་དུས
གཙང་བོའི་ཀློང་ན་ངས་འཁྲུས་ལ་རོལ་གྱིན་ཡོད

བུ་མོ་དེ་ནི་ངའི་ཚེ་གཅིག་གི་སྐྱ་ཡ་ཡིན་སྲིད
མོ་མཐོང་བ་ནས་ང་གཅེར་བུར་བུད་པ་ཡིན
ཁོར་ཡུག་དང་བག་ཆགས་ལ་ངོ་ལོག་གནང་དུས
མེ་མདའ་དང་མྱི་ཁ་ནི་ཅི་ཡང་མ་རེད་ཟེར་ན་ཆོག་གམ

ངས་ངེད་གཉིས་ཀྱི་གཉེན་སྒྲིག་གི་ཉི་མ་དེ་ལ་ངང་སྒུག་བྱེད་ཀྱིན་ཡོད
བརྩེ་བ་དང་རང་དབང་ལྷན་འཛོམས་ཀྱི་ཉི་མ་དེ་ནི་ཅི་འདྲའི་གཡའ་དག་པ་ཞིག་རེད་ཨང
ཕུ་ནུ་མིང་བོ་ཚོ་དགད་ཆོག་ལ
མ་སྲུ་མོ་སྨན་ཚོ་ངུས་ཀྱང་ཆོག

ཐ་སྙད་ཀྱིས་རང་ཉིད་གཅེར་བུར་འཕུད་དུས
མི་རྣམས་ཀྱིས་ང་ལ་གད་མོ་དགོད་ཀྱིན་འདུག
དེ་དུས་ལྭ་བ་བཤུས་ནས་ང་དངོས་སུ་ཁྲོམ་སྐོར་ལ་ཕྱིན་པ་ཡིན
བགོད་ཀྱིན་པ་རྣམས་ངོ་མ་སྙིང་ར་རྗེ
མཁའ་དབྱིངས་སུ་འཕུར་བ་རྣམས་རང་དབང་གི་སྲོག་ཆགས་རེད་ཡ
ད་ནི་མགོ་བོ་གནམ་ལ་བཏེགས་ནས་དེ་དག་ལ་ཡིད་སྨོན་སྐྱེ་དོན་ཅི་རེད

ཁྲེལ་མེད་ཚོ
ང་ཚོ་ཆེས་ཐོག་མར་ས་ཆེན་པོ་འདིར་གཅེར་བུ་གཅེར་རྐྱང་འོངས་པ་མ་ཡིན་ནམ
ཆེས་མཐའ་མར་ཡང་གཅེར་བུ་གཅེར་རྐྱང་དུ་འགྲོ་དགོས་པས
རྒྱང་ནས་ལྟད་མོ་བལྟས་ནས་ཅི་བྱེད
འདིར་ཤོག་དང་ང་ཚོ་མཉམ་དུ་འགྲོ
༢༠༡༢     ༤    ༢༥  ནམ་གུང་རང་མལ་ནས

ལྷ་མོ་དག་ལ་བླངས་པའི་གླུ

སྒ་སྐྱ་ལོ་སེང་ལྕམ་འབྲུག་མོ་དེ་དྲན་ནས།།
ཕོ་ཁྱོ་ག་ཞིག་གི་རང་ཚིགས་དེ་ཤོར་ཡོད།།
དེ་ལོས་ཤོར་སྲེད་པའི་ལོངས་སྤྱོད་ལ་སྡང་བའི།།
སྙིང་ཆེན་པོ་དེ་འདྲ་ཡོད་ཚོད་ཅིག་མི་འདུག།།

མདོ་སྨད་པ་དགེ་འདུན་ཆེས་འཕེལ་གྱིས་མཛད་པའི།།
ལྷ་སྒྲོལ་མ་དཀར་མོའི་ཞལ་རས་དེ་མཐོང་ཚེ།།
སེམས་དད་པའི་ཀློང་གི་བརྩེ་བྱམས་ཀྱི་སྒྲོལ་མ།།
སླར་ཡང་གཅིག་མཇལ་བའི་སྨོན་ལམ་ནི་བཏབས་ཡོད།།

སྨག་མཚན་མོའི་ཀློང་གི་ཟླ་དཀར་གྱི་ལྷ་མོའི།།
འོད་ཟག་མེད་བདེ་བའི་དབྱིངས་རིམ་ལ་འཁྱུད་དེ།།
མ་དག་པའི་བློ་འདི་འཁྲུད་རྒྱུ་ཞིག་བྱུང་ན།།
མིའི་ལུས་རྟེན་ཐོབ་པར་རྟེན་འབྲེལ་ནི་འགྲིག་གོ།།

མ་གང་ཞིག་བྲལ་བའི་སྐྱོ་གདུང་གིས་མནར་ཀྱང།།
ཚིག་གྱོང་བས་སྙན་ངག་འབྲི་ཐབས་ཤིག་མ་བྱུང་།།
མ་ངག་དབང་ལྷ་མོའི་དཀྲོལ་ལེན་གྱི་མགོན་སྐྱབས།།
དབྱངས་སྙན་མོའི་ངག་གི་རམ་འདེགས་ནི་ཡང་ཡང་།།

མ་རང་དབང་ལྷ་མོར་རྒྱང་འབོད་ཞིག་བྱས་པས།།
ཁ་ངག་སྒོ་ཟུམ་ནས་འདུག་ཐབས་ཤིག་མ་བྱུང་།།
ལག་སྨྱུ་གུ་གོམ་ཟུང་ཡང་ཡང་ནི་འགུལ་ནས།།
གཞོན་དཔུང་ཚོགས་སད་པའི་སྟ་གོན་ཞིག་མཛད་ཡོད།།

ཐང་ཀོང་ཇོ་བོད་རྒྱལ་མདུང་རྩེ་ཡིས་བཀུགས་ནས།།
རི་ཉི་ཟླ་ཟེར་བའི་གཏམ་རྒྱུད་ཞིག་བཞག་ཡོད།།
ས་སུམ་ཉིས་འཛིན་པའི་གདོང་དམར་གྱི་དམག་དཔུང་།།
དུས་དེ་རིང་གཞོན་ཚོགས་རྩ་སྦུབས་སུ་ལངས་འགྲོ།།

ས་རང་སྐྱེས་ཤིང་གི་ཡོན་ཏན་ལ་དུངས་དུས།།
མ་མཛངས་མ་མ་ཅིག་ལབ་སྒྲོལ་རང་དྲན་བྱུང་།།
གསུང་སྙན་མོ་ལྷོ་རི་ནགས་མཐའ་ནས་བསྒྲགས་ཏེ།།
དབྱར་བུ་མོ་སད་པའི་ལམ་བུ་ཞིག་བཏོད་ཡོད།།

སྨན་གཡང་མོ་མཚོ་ཡི་རྒྱབ་གཟུགས་ལ་འཁྲེང་ནས།།
མི་ནད་མེད་ཞིག་ལ་སྙིང་ནད་ཞིག་འཕར་ཡོད།།
ཐུགས་བརྩེ་བ་ཆེན་པོས་ཕྱིར་མིག་གིས་དབེན་ཚེ།།
ཚེ་ད་ཐེངས་དྲག་བསྐྱེད་སྐལ་བ་ཞིག་མི་འདུག།།
༢༠༡༢      ༦     ༢༠

འབྲི་འདོད་པའི་ཐ་སྙད་དེ་དག

ཤ་རུས་ཀྱི་བརྩེ་བ་ཡོད་ཚད་འཁྱག་ལ་འབྱར་དུས་ཤིག་ལ
གསེར་གྱི་ཕོར་ཁ་ན་གཡེང་བའི་འབུ་ཚོགས
བླ་སྲོག་གི་འོད་སྣང་བཀུམས་པའི་ནད་འབུ་རེད
གསོན་ཐབས་བྲལ་བའི་མཆིན་ནད་པ་དེ་ཚོ་འཆི་ན་འཆི་རུ་ཆུགས
ནད་པ་དེ་ཚོ་མཐོང་ནས་འཚོ་བ་འདི་སྙིང་བོ་མི་འདུག་ཟེར་དོན་ཅི་ལ་ཡོད

ཨ་མྱེ་ཚོས་ལུག་ཁྱུ་འཚོས་ནས་རྩྭ་ཐང་བསྲུངས་ཏེ་བསྡད
ཚ་བོ་ཚོས་ལུག་ཁྱུ་ཡོད་ཚད་བཙོང་ནས་སྒོར་ལ་བརྗེས
སྒོར་མོ་བྲང་ཁུག་ལ་བཅུག་ནས་མཐའ་འཁོར་གྱི་མི་ཚོགས་ལ་རྫིག་ཉམས་སྟོན་དུས
མིག་ཟུང་ལག་པས་བཀབ་སྟེ
རང་ཉིད་ཀྱི་མེ་ལོང་ངོར་མི་བལྟ་བའི་མི་ནི་ཅི་འདྲའི་སྙིང་ན་བ་ཞིག་རེད་ཨང

རབ་རིབ་མག་མོག་ཏུ་གྱུར་བའི་བར་དོ་བ
ཁེར་རྐྱང་གི་སྙན་ངག་པ    ལོ་ཙྭ་བ
དབུལ་ཕོངས་ཀྱི་ཐ་སྙད་འགའ་འཚོས་ནས་ཁེར་རྐྱང་གི་འཚོ་དགོས་བྱུང་ཡང
མུན་ནག་པ་ཞིག་ཏུ་མི་འགྱུར་བའི་བློ་སྤོབས
ནུབ་ཁའི་མཚམས་སྤྲིན་གྱི་འོག་ཏུ་འགྲེང་ནས
ང་ཚོས་ཡང་ཡང་སྨོན་ལམ་འདེབས་འོས
སྨོན་ལམ་འདེབས་འོས
༢༠༡༢   ༤    ༥ཉིན

དབྱར་རྩྭ་དགུན་འབུ།

ཡུགས་ས་མའི་སྣང་བརྙན་ཁྱེད་ཀྱི་ཤ་གཟུགས་ལས་མངོན་དུས    
ཆེས་མཐོ་ས་འདི་ནས   ངས་ཁྲག་གི་ཆར་བ་འབབ་ཚུལ་དངོས་སུ་མཐོང

ཁྲག་གི་གཙང་བོ་མི་སེམས་ཀྱི་གཞུང་ལ་འདྲེས་ནའང
རང་སེམས་འདི་ནས་ཁྱེད་ད་དུང་ཡང་ངེད་ཅག་གིས་བློས་མི་ཐོངས་དོན་ག་རེ་ཡིན་ནམ
འཚོ་བ་ཞེས་པའི་ཐ་སྙད་འདིའི་ཀློང་ནས
དྭངས་གཙང་གིས་གསོན་རྒྱུ་ནི་ཅི་འདྲའི་དཀའ་ཁག་ཆེ་ཨང
༢༠༡༢  ༣    ༡༤དགོང་མོར

གཡང་མོ་མཚོ

གཡང་མོ་མཚོ   དུངས་པའི་འོ་འཛུམ་ཧུབ་ཀྱིས་བཞེས་པའི་ལོ་ཟླ་དེ་ནས་བཟུང
མི་ཚེ་འདི་དཀར་ཡོལ་ཞིག་ཡིན་པའི་དབང་དུ་བཏང་ཚེ
ཁྱེད་རང་དཀར་ཡོལ་དེའི་ནང་དུ་དྭངས་གཙང་དང་མཛེས་སྡུག་གིས་འཁྱིལ་བའི་འོ་ཇ་མངར་མོ་དེ་ཅི་ལ་མིན
དཀའ་སྡུག་དང་དྲན་གདུང་གི་སྐོམ་པས་མནར་དུས་ངས་ཧུང་གང་རེ་གང་རེ་བྱས་ནས་འཐུང་ཆོག་ཨང
བཀའ་དྲིན་ཆེ      གཡང་མོ་མཚོ

གཡང་མོ་མཚོ   ཟླ་བའི་ལྷ་མོ་ལྟ་བུའི་ཁྱེད་ཡོད་པ་ནས་བཟུང
ཁེར་རྐྱང་དང་མཚན་སྨག་གིས་བཟུང་བའི་ངའི་འཇིག་རྟེན་འདིར་ཇི་འདྲའི་མཛེས་སྡུག་ལྡན་པར་གྱུར་སོང་བ་ལ་ཨང
འོད་ཀྱི་ཉག་མ་རེ་རེས་ངའི་འཇིགས་སྐྲག་གི་མུན་པ་རེ་རེ་ག་ལེར་ག་ལེར་སེལ་ཞིང
དྭངས་གཙང་གི་བརྩེ་སེམས་རེ་རེས་ངའི་ཁེར་རྐྱང་གི་སྐྱོ་གདུང་རེ་རེ་དུམ་བུར་དུམ་བུར་གཏུབས
གཡང་མོ་མཚོ     ཡོད་ཚད་ངས་ག་ལ་བརྗེད་ཨང

གཡང་མོ་མཚོ      མུ་ཏིག་གི་སོ་ཕྲེང་ངོམས་པའི་ཁྱེད་ཀྱི་འཛུམ་དཀར་འོག་ཏུ
ངས་མི་ཚེ་འདིའི་ཆེས་མཐར་ཐུག་གི་རང་ཉིད་ཀྱི་བདེ་སྐྱིད་རྙེད་ཞིང
ཆེས་མཐར་ཐུག་གི་རང་ཉིད་ཀྱི་མཛེས་སྡུག་གི་བཞུད་ལམ་དེ་ཡང་བདེན་ལུགས་ཀྱིས་མཐོང་ནའང
ཕ་མ་དང་ཁོར་ཡུག་གི་སྐྱུག་བྲོ་བའི་བྱ་སྤྱོད་དང་གུ་དོག་པའི་བསམ་ཕྱོགས་འདི་དག་གིས
ངས་བརྗེད་ཐབས་མེད་པའི་ཁྱེད་རང་བསྐྱུར་ནས   རྐང་རྗེན་དུ་ཚེར་མའི་ལམ་ཕྲན་བརྒལ
གཡང་མོ་མཚོ      གསན་རོགས་ཞུ

གཡང་མོ་མཚོ     ཕྱིར་དྲན་གྱི་ཤོག་ལྷེ་རེ་རེ་དྲན་གདུང་གི་རླུང་བུས་སྒུལ་དུས
ཁྱེད་ཀྱི་མཐའ་ཡངས་པའི་བྲང་གཞུང་ནས་བདག་མེད་འཁྱམ་པོ་ངས་དྲོད་ཁོལ་གྱི་གནས་ཚང་རྙེད་ཞིང
འཁྱག་གྲང་དང་ཁེར་རྐྱང་གི་ལྭ་བ་ཡོད་ཚད་རྨང་ནས་བཤུས་ཚར་དུས
འོད་ཀྱི་གུར་ཁང་ན་སྒྲེན་པོར་ལུས་པའི་ངའི་འཇིག་རྟེན་འདི་ཁྱེད་ཁོ་ནར་དབང་བ་སེམས་ལ་བཟུང
དྭངས་གཙང་དང་མཛེས་སྡུག་གི་ཞིང་ཁམས་འདི་ནས་ང་རི་བོའི་ཕ་རོལ་བརྒལ་མ་འདོད
བརྗེད་མི་སྲིད       གཡང་མོ་མཚོ

གཡང་མོ་མཚོ     དབྱངས་ཅན་མའི་མཆོར་སྒེག་དང་མཛེས་པ་བཀླུབས་པའི་ལྷ་མོ
རྒྱུད་དྲུག་གི་པི་ཝང་རེ་རེའི་སྙན་འཇེབས་གདངས་དབྱངས་ལ་དཀྲོལ་དུས
གྱེས་གདུང་གི་རི་ལ་སྐྱོ་སྡུག་གི་ཁ་བ་བབས་པའི་གཏམ་རྒྱུད་རླུང་གིས་འཁུར་འགྲོ་ལ
དཀར་འཇམ་དང་འཛུམ་དཀར་གྱི་མེ་ཏོག་དགོད་པའི་ཉིད་ཀྱི་ཞལ་ཁྱིམ་གོར་མོ་དེའི་དབུས་ནས
མི་ཚེ་འདིར་ང་དུས་གཏན་དུ་བཟི་ཆོག་པར་ཞུ        གཡང་མོ་མཚོ

གཡང་མོ་མཚོ    ཟས་ཞིམ་པོ་ཡོད་ན་མཉམ་བཟའ་དང་གོས་ཡག་པོ་ཡོད་ན་མཉམ་གོན་གྱི་ལོ་ཟླ་དེ
ཁ་སང་བཞིན་ད་ནི་ཕྱིར་འོངས་མེད་པ་བདེན་ནམ
བྱས་ཉེས་ཡོད་ཚད་ལ་འགྱོད་བཤགས་ཞུས་ནས་ང་ཕྱིར་ཁྱེད་ཀྱི་པང་ལ་ལོག་འདོད
སྲོལ་ངན་པའི་གཉའ་ཤིང་ཐང་ལ་བཞག་ནས
རི་སྡེ་བའི་མི་ཁ་རླུང་ལ་བསྐུར་ནས
དྲིན་ཕ་མའི་བཀའ་ཁྲིམས་རྒྱབ་ལ་བསྐྱུར་ནས

གཡང་མོ་མཚོ    ཁྱེད་མེད་པའི་ལོ་ཟླའི་ནང
བསུང་ཞིམ་དང་མཛེས་སྡུག་གིས་ཁུར་དུ་ལྕི་བའི་མེ་ཏོག་ལྟ་བུའི་ཁྱེད་ཡིན་ཁུལ་གྱིས་འདོད་སྲེད་ཀྱི་འཚོ་བ་ལོངས་སུ་སྤྱད་ཀྱང
སྒེའུ་ཡོལ་ཕྱེས་ནས་གཡའ་དག་གི་ནམ་མཁའི་ངོ་གདོང་ལ་སེམས་པ་གཏད་དུས
སྦུ་རག་དང་ན་ཟུག་གིས་བཟུང་བའི་སྙན་ངག་འདི་དག་གིས་ངས་རང་ཉིད་ཀྱི་ངོ་གདོང་འགེབས་ཐབས་མེད་པ་ཚོར་ཡོད

གཡང་མོ་མཚོ   ཤ་རུས་གྱི་གཏིང་སར་ཟུག་ཟིན་པའི་སྙིང་གི་ལྷ་མོ
བརྩེ་བ་དང་གཞུང་དྲང་ལྷད་མེད་ཀྱིས་ཁུར་དུ་ལྕི་བའི་ནས་འཁུར་བུ་མོ
དྲན་གདུང་དང་ན་ཟུག་གི་མཚོ་ལ་བྱིངས་ཚར་བའི་འཇགས་མེད་ཀྱི་མིག་ཆུ
བརྩེ་དུང་གི་མངར་སྐྱུར་ལ་རོལ་ཏེ་ཚོར་དབང་གི་ཀློང་རིམ་ལ་ཞུགས་དུས
ངས་མུ་མེད་ཀྱི་བྱེ་ཐང་ཆེན་པོ་ཞིག་མཐོང་གིན་འདུག
ལྗང་མདོག་གི་གླིང་ཕྲན་ཞིག་ཀྱང་མཐོང་གིན་འདུག

གཡང་མོ་མཚོ    མཐའ་འཇུག་གི་ཞུ་འཕྲིན་ནི
མཚམས་སྤྲིན་གྱི་གོང་ཁ་ནས་ཁྱེད་ག་ལེར་འཛུམ་ཤོག་དང
དྭངས་གཙང་གི་བསིལ་རླུང་འདིས་ཁྱེད་ལ་ལག་འཇུ་བྱེད་རྩིས་ཡོད
གཡང་མོ་མཚོ    ཕེབས་ཤོག
༢༠༡༡    ༡༢     ༡༣ལ

ཡུལ་ཤུལ

ལོ་ངོ་སྟོང་ཕྲག་གི་མེས་པོའི་ཡིག་ཚང་བསྔོགས་ནས་
འོངས་དུས
དབྱངས་གསལ་སོ་བཞི་ཡི་ཚིག་མཛོད་མ་ལུས་བཀླགས་ནས་འོངས་དུས
ཡུལ་ཤུལ་ནི་ང་ཡི་ཡུལ་ཤུལ་ཡིན
ངོ་གདོང་དམར་སྨུག་ཅན་དག་གི
བུ་རབས་ཚ་རྒྱུད་རྣམས་ཀྱིས་དུས་ཚོད་ཀྱི་བཞུར་རྒྱུན་ཁྲོད་ནས་བརྗེད་མི་ཆོག་པའི་ཡུལ་ཤུལ་ཡིན

ཡུལ་ཤུལ ས་ཡོམ་གོད་ཆག་ཁྲོད་དུ
ཚེ་ཡི་འཕེན་པ་རྫོགས་པའི་ཕུ་ནུ་མིང་སྲིང་རྣམས་ལ་མྱ་ངན་ཞུ
ཡུལ་ཤུལ ས་ཡོམ་གོད་ཆག་རྗེས་སུ
“ཡུལ་ཤུལ”“ཡུས་ཧྲུའུ”རུ་བསྒྱུར་བའི་ཐ་སྙད་གོད་ཆག་སླད་དུ་མྱ་ངན་ཞུ

ཕུ་ནུ་ཚོ ད་ལྟ་ང་ཡི་རུས་རྐང་གི་གསེང་ནས་མྱ་ངན་ཞུ་འདོད་པ་ནི
རང་ཅག་གི་སྤུན་ཟླ་ཕོ་མོ་ཁོ་ན་མ་ཡིན་པར
ཐ་སྙད་འདི་དག་གི་ཕུགས་སུ་ཁ་རོག་གེར་བསྐུངས་པའི
སུ་ཡིས་ཀྱང་བྱ་ར་དང་དོ་འཁུར་བྱེད་མ་མྱོང་བའི
ཡུལ་ཤུལ་ཞེས་པའི་ཐ་སྙད་ཁེར་ཧྲེང་བ་འདི་ཡིན

དྲ་ལམ་དང་གསར་ཤོག་ན་ཁྱེད་ཀྱི་མཚན་ལ་ཡུས་ཧྲུའུ་ཞེས་འབོད་ཀྱིན་འདུག
སྨྱན་བྱད་དང་སྤུན་ཟླ་དག་གིས་ཀྱང་ཁྱེད་ཀྱི་མཚན་ལ་ཡུས་ཧྲུའུ་ཞེས་ཟློ་ཡིན་འདུག
ཀྱེ་མ ངའི་མེས་པོའི་ནམ་མཁའ་གང་ན་ཡོད
ངའི་མེས་པོའི་ས་གཞི་གང་ན་ཡོད
ད་དུང་ངའི་མེས་པོའི་ཐ་སྙད་གང་ན་ཡོད

“ཡུལ་ཤུལ”“ཡུས་ཧྲུའུ”རུ་བསྒྱུར་པ
ཐ་སྙད་ཅིག་གི་ཆག་གྲུམ་ཁོ་ན་མ་ཡིན་པར
ཐ་སྙད་དེའི་མངའ་ཞབས་སུ་འཚོ་ཞིང་བཞེས་པའི
སེམས་ཅན་ཁྲི་ཕྲག་གི་འཆི་བདག་ཁོ་ནའོ

ཡུལ་ཤུལ་ཨ་ཡུལ་ཤུལ
འཆི་མི་འདོད་པའི་སེམས་བྱུང་དེའི་དབང་གིས
མྱི་ཞིག་བྱེད་འདོད་པའི་ཚོར་ཤེས་དེའི་དབང་གིས
ངག་ལྐུགས་པའི་བརྟུལ་ཞུགས་འཛིན་མི་འདོད་པ་དེའི་དབང་གིས
ངས་ཚོད་ཚོད་ལ་ཡུལ་ཤུལ་ཞེས་བོས་ཏེ
ཡུལ་ཤུལ་ཞེས་བྲིས་ནས
རང་གི་སྙིང་ཉེ་བའི་བུ་མོར་ཀ་ཁ་བསླབ་པ་ཡིན
2014  12 22

རླབས་ཀྱིས་སྐྱོམ་པའི་རང་སྒྲ

བརྩེ་བའི་མཚོ་མོ་སྐམ་སྟེ་གངས་ལ་གཏུགས།།
གངས་ཀྱི་ཁ་བ་ཞུས་ཏེ་བྲག་ལ་ཐུག།
བྲག་གི་རང་བཞིན་འཁྱག་པ་རྡོ་ལས་གྲུབ།།
རྡོ་ལ་གླན་འདོད་སེམས་ཤིག་གང་ན་ཡོད།།

ཨ་ཕའི་ལུག་ཁྱུ་ནམ་མཁའི་སྤྲིན་ལ་འདྲེས།།
སྤྲིན་པ་དཀར་པོ་དུས་ཀྱི་རླུང་བུས་བདས།།
རླུང་བུའི་ཤུགས་འདི་རྒྱ་མཚོའི་རླབས་རྒྱུན་ཞིག།
ཉ་དང་འབུ་སྲིན་ཟས་སུ་ལོབས་དགོས་ཨང་།།

སྐྲ་ལོ་རང་གིས་ཤད་པའི་ཨ་མ་དེ།།
གནམ་འོག་སེམས་ཀྱིས་སྐྱོང་བའི་བདག་མོ་ཡིན།།
སྐྲ་དཀར་ཉག་མ་རེ་རེས་ཆག་འཇིག་གིས།།
བུ་དང་ཚ་བོར་བསམ་གཞིག་ཡང་ཡང་བསླངས།།

མེས་པོའི་ཐུགས་འདི་ནམ་མཁའི་མཐའ་ལ་ཁྱབ།།
ཚ་བོའི་སེམས་འདི་ཤ་དང་རུས་ལ་ཟུག།
གནམ་གྱི་མཐའ་དེ་མིག་གིས་མི་མཐོང་ན།།
རང་གི་རྐང་བའི་རྡོག་སྣེར་མཉམ་ཅིག་ཞོག།

དུངས་པའི་ཕ་གཞིས་བསྐྱུར་ཏེ་གྲོང་ལ་སོང་།།
གྲོང་གི་མེད་མུག་ཀློང་ནས་མི་ཚེ་བསྐྱལ།།
བརྒྱུས་ཐག་གཅིག་ལས་ཤོར་བའི་ཕྲེང་རྡོག་ཚོ།།
མ་ནི་ཡིག་དྲུག་ཁྱེད་ཀྱི་ཁ་དོག་ཨང་།།

སྲོད་ཀྱི་གྲིབ་ཆེན་ནག་པོ་ཁད་ཀྱིས་སླེབས།།
རི་དང་གཙང་བོའི་ཁ་དོག་གང་ལ་སོང་།།
ཡོད་ཚད་སྨག་ལ་འབྱམས་པའི་མཚན་མོ་འདིར།།
རང་གི་ཞལ་རས་མཐོང་ན་སྐྱིད་པ་ལ།།

ཨ་ཕ་ཨ་མྱེས་དྲན་ན་དགའ་བ་ལ།།
ཨ་མའི་གནའ་གཏམ་སྐྱོར་ན་སྐྱིད་པ་ལ།།
ཟླ་བའི་ལྷ་མོ་མཐོང་ན་དགའ་བ་ལ།།
བདག་མེད་སྐར་ཚོགས་བརྩིས་ན་སྐྱིད་པ་ལ།།
༢༠༡༥   ༡     ༡༨


དངོས་མིང་། བསམ་གཏན། སྨྱུག་མིང་། ཧོར་ནག་པ་འདྲེ་མིག ཕ་ཡུལ་རེབ་གོང་། སྡོད་གནས། བོད།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།