SatAugSat2017

སྤེལ་དུས་མཐའ་མ།05:18:50 AM GMT

རྩོམ་གསར།:

གཏེར་སྣང་བྱེད་ཀྱི་སྙན་ཚོམ།

རང་གི་སྒེའུ་ཁུང་ནང་གི་མུན་པ་ལ།། སེམས་པ་གླན་ཏེ་འདི་ལྟར་ཐལ་སོང་ངོ་།།

སྙན་ངག་འབྲི་འདོད་འདི་ལྟར་སྐྱེས།
རི་བོ་མཐོན་པོ་མེད་ཀྱང་ཅི་ལ་སྐྱོན།།
སྤྲིན་པ་ཡུག་གཅིག་ཡོད་པས་ང་ནི་སྤྲོ།།
ནམ་མཁའ་ནག་པོ་ཡིན་ཡང་ཅི་ལ་འཇིགས།།
ཉི་ཟླ་སེམས་ལ་ཚེས་པས་འཚེར་སྣང་གང༌།།
འཇམ་དབྱངས་རལ་གྲི་རང་གི་བློ་ན་ཡོད།།
དབྱངས་ཅན་རྒྱུད་སྐུད་དབྱངས་ཀྱི་སྙིང་ལ་ཟུག།

སྟོང་བའི་གྲོང་ཁྱེར་དཀྲུག་ལ་ངལ་བ་ཅི།།
མུན་པའི་གློ་སྙིང་གཏུབ་ལ་ཐེ་ཚོམ་གང༌།།
རང་གི་རྒྱལ་ཁམས་རང་དབང་ཁྲི་ལ་འགོད།།
ཤར་ནུབ་ཀུན་ལ་རླུང་གི་འཁོར་ལོ་སྐོར།།
ཁྱེད་ནི་འདི་ལ་མི་དགའ་གང་ལ་དགའ།།
སྲོག་ནི་འདི་ལྟར་མི་འཚོལ་ཇི་ལྟར་འཚོལ།།
སྙན་ངག་འདི་ལྟར་མི་འབྲི་ཇི་ལྟར་འབྲི།།

ཚོར་བ་དགྱེས་ཏེ་འདི་བྲིས།

རྨི་ལམ་འདི་ལ་མཐའ་ཞིག་མེད།།
མཐའ་ལ་ཐུག་ཙམ་བྱེད་རྒྱུ་མེད།།
གྲིབ་གཟུགས་མེད་པའི་ལྟེབ་གྲི་ཞིག།
གང་ནས་ཡིན་ཡང་ང་སར་བཅར།།

ནམ་མཁའ་ནག་པོའི་ཕ་རོལ་ན།།
ཟླ་བ་བརྒྱ་དང་བརྒྱད་ཅུ་ཡོད།།
གཅིག་དང་གཉིས་རེ་ཡལ་ནས་འགྲོ།།
དེ་ལ་འཁྲེང་བའི་མགྲོན་པོ་མེད།།

ང་ཡི་ཁྱིམ་ན་གསེར་བྱ་གཅིག།
ཡལ་ག་སྔོན་པོའི་སྟེང་ན་གྲགས།།
དམྱལ་བའི་ཡུལ་གྱི་སྐུ་དྲག་ཁྱོད།།
ལན་གཅིག་མི་ཡུལ་འདི་ལ་ཕེབས།།

ལྕགས་སྲེག་ས་གཞི་སྤང་ཐང་ཡིན།།
སྟེང་ན་མི་ཚོགས་ཧབ་རྒོད་བྱེད།།
བར་ན་རླུང་གི་གཤོག་པ་འགུལ།།
ཞབས་ན་ཆུ་དང་མེ་ཏོག་བཞུར།།

ན་ནིང་ང་ཡིས་རྨི་ལམ་བཏང༌།།
ད་ཚོད་དྲན་པའི་ངོས་སུ་མེད།།
རང་གི་ལག་ངོས་རི་མོ་ལས།།
འཇིག་རྟེན་ཕྱེད་ཙམ་འཇིག་པ་འདྲ།།

ཕྱེད་ཙམ་ད་དུང་ཡོད་ཡོད་འདྲ།།
རྡོ་དང་ཤིང་གིས་ཁང་པ་བརྩེགས།།
དེ་ཡི་ནང་ལ་ཅ་ལག་འཇོག།
ཐབ་ཚང་ནང་དུ་མེ་སྒོང་རྒྱག།

སངས་རྒྱས་འབྱོན་ཡང་མ་འབྱོན་ཡང༌།།
རྟེན་འབྲེལ་སྐར་རགས་ལྗང་སྐྱ་འདི།།
ཆོན་མགོར་འཕེན་པར་ལོས་བྱེད་དོ།།
སྦྲ་འདབས་ཡར་ལ་བཀྱགས་ནས་ནི།།

ཕ་གིའི་ཉག་ཁའི་སྐྱ་མིར་བལྟས།།
གྲིབ་མ་དང་ནི་རྟ་ཕོ་གཉིས།།
གཅིག་དང་གཉིས་ལ་ལོག་པ་འདྲ།།
དེ་ཡི་མི་ཚད་མཚམས་སྤྲིན་ཡང༌།།

ཞལ་ངོ་དམར་དམར་བྱེད་པ་དང༌།།
ཉི་འོད་ནང་ནས་འཕག་ཚག་རྒྱག།
ང་དང་ཁྱོད་ཀྱི་འཇིག་རྟེན་གྱི།།
ཕྱེད་དེ་འདི་ནས་ཡལ་ལ་ཁད།།

ཕྱེད་དེ་འདི་ནས་རྫོགས་ལ་ཁད།།
ད་ནི་རང་གི་ལྷ་ཚོགས་འབོད།།
ཀི་སྒྲ་དང་བཅས་ལྷ་ཚོགས་འབོད།།
བསང་མེ་འབར་ནས་དགུང་ལ་མཆེད།།

ལྷ་ཤིང་ཤུག་པ་དེ་དང་ལྷན།།
འབྲུ་དྲུག་ནས་དང་བཅས་ཏེ་འབུལ།།
དེ་ནས་ང་ཅག་ནུབ་ཇ་འཐུང༌།།
སླར་ཡང་རྨི་ལམ་གཞན་ཞིག་གཏོང༌།།

གསེར་གྱི་སྦྲང་ཆུང༌།

སྐུད་པ་ཕྲ་མོས་བཅིངས་བ་ཡི།།
དམ་བཅའ་ཡུངས་འབྲུ་ཙམ་ཞིག་ནི།།
བསྐལ་བ་སྟོང་དུ་མ་ཆད་པར།།
སྙིང་གི་ནང་དུ་འཐེན་ཡོད་སྐད།།
ཆུ་ཡི་ཁ་ན་བཞུགས་པ་ཡི།།
ང་ཡི་རྨི་ལམ་དཀར་པོ་ཨེ།།
རྫི་མ་པིར་གྱིས་མ་བྲིས་ཀྱང༌།།
ཚེས་རིས་འདྲ་ཞིག་གུག་གུག་ཤར།།
ཡིད་ནི་དགའ་སྟེ་ལག་པས་སྙོབ།།
ཅི་ཡང་མ་ཟིན་ཅི་ཡང་སྟོང༌།།
རྡོ་བ་མ་ངུས་རྡོ་བ་ངུས།།
འཇའ་ཡི་གོན་པའི་འདབ་ཁ་ལ།།
ཡང་ཡང་ཨེ་ཐུག་ལྟ་བཞིན་ངུས།།
ཝ་ཡེ་ང་ནི་སྦྲང་ཆུང་ལགས།།
གཤོག་པ་གསེར་གྱི་གཤོག་པ་ཡིན།།
སྟེང་གི་ལྷ་ཡུལ་འགྲིམ་པ་དང༌།།
འོག་གི་འཇིག་རྟེན་ཉུལ་བ་ལ།།
དཀའ་ངལ་ཨེན་ཙམ་ཡོད་མི་གདའ།།
༢༠༡༥་༣་༡༠

གཉིད་རན་དུས།

རྣམ་རིག་དཔེ་ངོས་སུ་བཟི་བས།།
མཚན་མའི་མུན་པ་ནི་བཞུར་བ།།
ཙི་གུའི་ཁ་སྤུ་བཞིན་རིང་བའི།།
ཡིག་འཕྲེང་དུང་ཕྱུར་གྱི་གསེབ་ན།།
ཞི་ལའི་སྡེར་མོ་བཞིན་རྣོ་བའི།།
སྙན་ངག་ཁྱོར་གང་ནི་ཟགས་པ།།
སྤྲིན་གྱི་ཁ་དོག་དང་འདྲ་བ།།
རླུང་གི་བསིལ་བ་དང་མཚུངས་བ།།
བུ་མོའི་མྱོས་བུམ་དང་འདྲ་བ།།
ཉི་མའི་ལག་པ་དང་མཚུངས་བ།།
སྨིན་མའི་བར་མཚམས་སུ་འཕྲོས་སོང༌།།
ཚོར་བའི་ཁ་ནང་དུ་འཚང་བྱུང༌།།
ཅི་ཞིག་བློས་བཏང་གི་སྐབས་དེར།།
ང་ནི་དགོད་རྒྱུ་ཞིག་ཡོང་བ།།
ཅུང་ཟད་ངུ་ཁ་ཡང་ལུག་པ།།
ཅུང་ཟད་དོགས་པ་ཡང་ཟ་བ།།
ཆུ་ལ་གྲུ་ཆུང་ནི་དགོས་པ།།
གྲུ་ལ་གྲུ་ཁེམ་ཡང་མེད་པ།།
དེ་དུས་བློ་འགྱོད་ཀྱང་བྱུང་བ།།
དེ་དུས་སྒྱུད་ལུག་ཀྱང་བྱུང་བ།།
རྟོག་པ་འོག་འགྱུ་ཡི་སྤུ་རིས།།
ཆུ་ལ་ཆུ་བཞག་དང་འཁྲུལ་བས།།
ཉིན་མཚན་རེས་མོས་སུ་བཞུད་ཀྱང༌།།
འབྱེད་དུ་མེད་པ་འདི་སྐྱོ་ཨང༌།།
༢༠༡༥་༣་༡༨་ལ།

སྙན་ངག་རློན་པ།

ང་ནི་མཚན་མོར་རྒྱུ་བའི་རི་བོང་འཛིན་པ་ཡྀན།།
མཐའ་རུ་འོད་ཆུང་རྒྱུ་སྐར་མང་བོ་འཚུབ་ཀྱང་རུང༌།།
ཡིད་ཀྱི་ཟེའུ་འབྲུ་མངར་མོ་སྦྲང་ཆུང་གཅིག་ལ་དབང༌།།
དེ་ཕྱིར་རྨ་བྱ་ཕྲག་དོག་ཅན་རྣམས་འདུ་བར་བྱེད།།
ཡིན་ཙང་རྨི་ལམ་རི་མགོར་ཁངས་སྐྱ་མར་མར་བབས།།
རྐང་ལམ་ཅི་ཙམ་བཏོད་ཀྱང་ཕྱིར་ཕྱིར་གསུབ་པར་བྱེད།།
མིག་ཟུང་རིག་རིག་རྒྱང་ལ་གཏད་དང་ཕྱིར་ལ་འཁྲེང༌།།
གཅེས་སུ་འོས་པའི་མེ་ཏོག་གཅིག་གིས་དྲན་ཤིང་བཞག།
སྣང་བའི་ཕ་རོལ་ང་ཡིས་བཙལ་ཀྱང་མ་རྙེད་པས།།
རྨི་ལམ་ནང་ནས་རྨི་ལམ་སྟོན་མགོའི་སྤྲིན་ལ་འདྲེས།།
འདི་ནི་སེམས་ཀྱི་རྔ་ཆེན་རྡུང་བའི་སྔངས་འདར་ཡིན།།
༢༠༡༥་༢་༡༩

མི་ཞིག་ལ་བྲིས་པ།

སེམས་ཀྱི་ཆུ་བོ་གཅིག་ཏུ་འཁྱིལ་བ་ཡིན།།
ཟབ་ཚད་ང་ལ་མ་འདྲི་ཁྱོས་ཀྱང་རྟོགས།།
ཆུ་ལ་རི་མོ་མི་འབྲི་རྡོ་ལ་འབྲི།།
རྡོ་བ་འབྱུང་བཞིའི་ནང་གི་སྲ་མོ་ཡིན།།
དེ་ལ་སེར་ཁ་གས་པར་ཡིད་མ་ཚོམ།།
དེ་ལ་འགྱུར་བ་འགྲོ་བར་དོགས་མ་ཟ།།
ཤིང་སྡོང་གྲིབ་མར་ཁེན་པའི་ཟོལ་གྱིས་ནི།།
འོ་ཆུ་གཅིག་ལ་འདྲེས་པའི་རྣམ་པས་ནི།།
ལུས་ཀྱི་ཕྱི་ནང་བསིལ་ཞིང་སྣང་བ་བཟི།།
སྣང་བའི་མཁའ་ལ་རླུང་གི་གཤོག་པ་འགུལ།།
སྤྲིན་ཚོགས་དུམ་བུ་དུམ་བུ་འགྲོ་བ་ཀན།།
བྱ་ཁྱུ་སྐོར་རེ་སྐོར་རེ་འཕུར་བ་ཀན།།
གོང་མོ་གཉིས་རེ་གཉིས་རེ་ཚོམས་པ་ཀན།།
ནུབ་ཀྱི་དར་སྐུད་ལྷོ་ལ་འཐེན་པས་ཡིན།།
དགུ་ཚོགས་མི་ཡི་ཡུལ་དུ་དཔྱངས་བས་ཡིན།།
ལས་དབང་ཞེས་པ་རླུང་བུ་ལྡོམ་པོ་ཞིག།
རྩི་ཤིང་དག་ནི་དབང་མེད་སྒུལ་བར་བྱེད།།
ཡིན་ཡང་རང་ཚུགས་ཕ་བོང་སྒོམ་པར་བྱེད།།
ཆར་དང་རླུང་གི་ནང་ནས་སྒོམ་པར་བྱེད།།
ཐོག་དང་སེར་བུའི་དཀྱིལ་ནས་སྒོམ་པར་བྱེད།།
རྨི་ལམ་ཤོག་གྲུར་བསྡད་པའི་ལོ་ཟླ་ནི།།
སྲིད་པའི་རྟེན་དུ་བཞག་པའི་དྲན་ཤིང་ནི།།
ཡིག་ཆུང་ཤོག་ངོར་འཕྱུར་བའི་ཟིན་ཐོ་ཡིན།།
གང་གང་མཐའ་ལ་ཟགས་པར་འགྱུར་བར་རྩོམ།།
ཡོད་ཡོད་མཐའ་ལ་མེད་པར་འགྱུར་བར་རྩོམ།།
འདི་ལ་འཁང་ར་མི་བྱེད་ཆོས་ཉིད་ཟེར།།
ཆོས་ཉིད་གནམ་གྱི་རྒྱལ་མོའི་བཀའ་ལུང་ཟེར།།
འུ་གཉིས་སྤང་ཐང་སྔོན་མོར་བཞུགས་བྱས་ཏེ།།
གློ་ཉལ་བྱེད་བཞིན་འོ་ཇ་དཀར་བོ་འཐུང༌།།
མེ་སྒོང་བརྒྱབ་སྟེ་ཁྱིམ་ནི་དྲོན་པར་བྱེད།།
བུད་ཤིང་འཐུས་ཏེ་དྲོད་ལ་དྲོད་ཅིག་སྣོན།།
འདི་ནི་རྨི་ལམ་སྒོམ་པའི་སྔ་ལྟས་ཡིན།།
འདི་ནི་སྐྱེ་བ་བླངས་བའི་ཚུགས་ཀ་ཡིན།།
འདི་ནི་ལས་ཀྱིས་བསྐོས་པའི་ཐང་ཁ་ཡིན།།
ལྷ་ཡུལ་ཞེས་ཀྱང་གཞན་དུ་བཙལ་མི་བྱ།།
མེ་ལོང་མེད་པའི་ང་ཅག་སུ་ལ་རྟོན།།
གཤོག་པ་མེད་པའི་ང་ཅག་གང་ལ་འཕུར།།
འདང་རྒྱག་ཧ་ཅང་མང་བའི་མཚན་མོ་ལ།།
རང་གི་སྒེའུ་ཁུང་ནང་གི་མུན་པ་ལ།།
སེམས་པ་གླན་ཏེ་འདི་ལྟར་ཐལ་སོང་ངོ༌།།


དངོས་མིང༌། འཇིགས་མེད་ཆོས་དབྱིངས། སྨྱུག་མིང༌། གཏེར་སྣང་བྱེད། ཕ་ཡུལ། མཚོ་ལྷོ། སྡོད་གནས། བོད་ཡུལ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།