FriAprFri2017

སྤེལ་དུས་མཐའ་མ།06:49:09 AM GMT

རྩོམ་གསར།:

ཟླ་བ་གཞོན་ནུའི་སྙན་ཚོམ།

དྲན་པའི་གཉེན་པོར་འོངས་པ་ཡི། ཁྱོད་ཀྱི་འཛུམ་བཞིན་ལྟ་ན་སྡུག

དྲན་པའི་སྒྲུང་། སྨྲེང་བའི་གཏམ།

༡༽ དྲན་པ་ཡལ་བ་འདྲ་ན་ཡང་།། དུངས་པ་མཁའ་ལ་ཁྱབ་པ་ལྟར།།
སྨྲེང་བའི་དུད་སྤྲིན་འཐིབས་གྱུར་ཏེ།། འཆར་ཡན་ཆར་གྱི་ཚོགས་བཞིན་འབེབས།།

༢༽ འཛུམ་པའི་རྨི་ལམ་གྲོལ་བའི་ཚེ།། སད་པའི་འཇའ་ཚོན་ཡལ་ན་ཡང་།།
ཚོར་བ་དུང་བའི་བྱིལ་བྱིལ་བཞིན།། ལུས་ཀྱི་སྤུ་ཡང་ལྡང་བར་བྱེད།།

༣༽ གཙང་བོ་ཁེར་གྱི་འགྲོ་རོགས་དེ།། ཁུ་སིམ་ཁད་ཀྱིས་དྲུང་ན་འབབ།།
བརྗིད་ཀྱིས་འགྱིང་བའི་ཁང་བརྩེགས་ཀྱང་།། མྱ་ངན་གཟུགས་ཀྱིས་ཧྲེངས་པར་གྱུར།།

༤༽ བསིལ་འཇམ་རླུང་བུ་ལྡང་གྱུར་ཚེ།། ལྕང་ལོ་ལྷུག་ལྷུག་འགུལ་བ་ནི།།
དྲན་པའི་གཉེན་པོར་འོངས་པ་ཡི།། ཁྱོད་ཀྱི་འཛུམ་བཞིན་ལྟ་ན་སྡུག།

༥༽ གོས་ཀྱི་འདབ་མ་བསྐྱོད་པ་ཡི།། སྣང་བརྙན་གསོན་པོ་ཤར་གྱུར་ཚེ།།
ཞེ་སར་བཅས་པའི་དགའ་བ་ཡི།། དབྱངས་ཀྱི་འདེགས་པ་གསལ་བར་བྱེད།།

༦༽ དྲན་དང་གདུང་བ་ཉིན་མཚན་བཞིན།། རེས་ཀྱིས་འཁོར་ཏེ་གདུངས་བྱེད་ན།།
སྐུད་པའི་སྣེ་མོས་བསྲིངས་བྱས་པའི།། མིག་ཆུའི་འཁང་ར་ཡིད་གར་འཇེབས།།

༧༽ ཡིད་འོང་རྟོག་པའི་ལྗོངས་རྒྱུ་བའི།། མ་འོངས་མཚར་སྣང་སྡུག་གུ་མ།།
དུས་ཀྱི་བགྲོད་པའི་རྡོག་སྒྲར་བཅས།། མི་རིང་མཚམས་ན་གྲག་ཅིང་གདའ།།

༨༽ དྲན་པའི་སྐར་ཚོགས་འཚེར་བ་ཡི།། སྡུག་པའི་ནུབ་མོ་ལྷག་ཏུ་ཞིམ།།
དུངས་པའི་སྙིང་གཏམ་ལྷུག་བརྗོད་མ།། ད་དུང་ཡིད་མཁའི་ཟླ་བཞིན་མངར།།

༩༽ ཟླ་འོད་བསིལ་བསིལ་འབབ་པའི་དུས།། སྐར་ཚོགས་ཆེམ་ཆེམ་འཕྲོ་བའི་ཚེ།།
ཐག་མི་རིང་བའི་ཐག་རིང་ནས།། ཁྱེད་ཉིད་བདག་གི་སྙིང་ལ་སིམས།།

༡༠༽ འཇིག་རྟེན་བར་སྣང་ཇི་ཙམ་ཆེ།། བདག་གི་བརྩེ་བ་དེ་ཙམ་ཆེ།།
གངས་ཀྱི་རང་མདངས་ཇི་ཙམ་དཀར།། བདག་གི་དུངས་པ་དེ་བཞིན་དཀར།།

༡༡༽ ཚོར་བའི་ཤྭ་འོད་རྒྱུགས་པ་ཡིས།། རྩ་ཡི་སྦུབས་རྣམས་གས་པ་བཞིན།།
ཕུང་བོའི་རི་ལུང་ཐམས་ཅད་དུ།། ས་གཡོས་རྣམ་པ་དྲུག་ཏུ་འོངས།།

༡༢༽ སྣང་བ་ནམ་མཁར་རྒྱུ་བ་ཡིས།། སྤྲིན་གྱི་མེ་ཏོག་འཐོག་པར་བྱེད།།
དགའ་བ་ས་ལ་བྱི་ཟུལ་གྱིས།། ཀླུ་ཡི་རིན་ཆེན་ལེན་པ་ཤར།།

༡༣༽ བསྟང་བས་ཡོངས་སུ་བཟུང་བ་ཡི།། མོས་ལྡན་སྨོན་པ་ཤར་བ་བཞིན།།
བདག་གི་སྨོན་པ་རིང་མོ་ཡང།། ཐར་བ་དམ་པ་བཞིན་དུ་འོངས།།

༡༤༽ བདག་གི་དགའ་བ་དམ་པ་ནི།། ས་ཡི་ཐོག་མ་ཐོབ་པ་བཞིན།།
བདག་གི་དགའ་མ་དམ་པ་ནི།། དུབ་པ་སྒྲོལ་བའི་སྒྲོལ་མ་བཞིན།།

༡༥༽ རྒན་པོ་ལོ་བརྒྱ་ཐུབ་པ་ཡི།། མིག་གི་དཔྱིད་དུ་གྱུར་བ་ཡི།།
ཁྱེད་ཀྱི་སྡུག་གུ་གེ་སར་བཞིན།། འབྲུག་མོའི་མེ་ཏོག་བཅུད་བཞིན་བཞད།།

༡༦༽ ཁྱོད་ནི་ཏིང་འཛིན་དཀྲོགས་བྱེད་བཞིན།། སྒྲ་སྒྲོགས་ཞི་བ་འཇོམས་བྱེད་བཞིན།།
རང་གི་ཉམས་པ་བསྙེགས་པ་བཞིན།། རང་གི་རྒུད་པ་འདེད་པ་བཞིན།།

༡༧༽ ཁྱོད་ནི་རི་དྭགས་ཤ་བ་བཞིན།། མདའ་ཡི་སྣེ་ན་འབྲོས་པ་བཞིན།།
ཁྱོད་ནི་མེ་ཏོག་པད་མ་བཞིན།། ཆར་གྱི་ཐིགས་པས་བརྡུངས་པ་བཞིན།།

༡༨༽ བསོད་ནམས་ལས་ཀྱིས་གྲུབ་པ་ཡི།། ཐོད་པའི་ཁ་ཡིག་གསལ་གྱུར་བས།།
སྙན་ངག་བཞིན་དུ་ཁྱོད་ཀྱི་འཛུམ།། སྙན་ངག་མཁན་ཏེ་བདག་ལ་འོངས།།

༡༩༽ བདག་ནི་དགའ་བྱེད་རཱ་མ་བཞིན།། ལང་ཀ་མགྲིན་པ་བཅུ་བཏུལ་བཞིན།།
བདག་ནི་འོད་སྟོང་འབར་བ་བཞིན།། པད་མའི་འདབ་མ་བཀད་པ་བཞིན།།

༢༠༽ རྒྱལ་མཚན་རྩེ་མོ་མཁའ་ལ་ཟུག། གྲགས་པའི་བ་དན་ཕྱོགས་བཅུར་གཡོ།།
སྣང་བའི་ལྡ་ལྡི་མཁར་བྲེས་ཏེ།། དགའ་བའི་དགའ་སྟོན་བསུ་བར་བྱས།།

༢༡༽ ཁྱེད་ཀྱིས་མཁའ་ལ་ཟླ་བ་བཞིན།། ཡིད་ཀྱི་མུན་པ་བསལ་བར་བྱས།།
ཁྱེད་ཀྱིས་དབྱངས་ཅན་ལྷ་མོ་བཞིན།། དགའ་བའི་པི་ཝང་བརྡུངས་པར་བྱས།།

༢༢༽ ཟླ་ལྟར་མཛེས་པ་ཁྱོད་ཀྱི་ཞལ།། ལན་ཅིག་བདག་གི་མཁར་འོངས་པ།།
རབ་རིབ་སྒྱུ་མའི་སྣང་བ་བཞིན།། སྡུག་གུའི་འཆར་ཡན་ཅི་ཡང་བསྐྲུན།། ༢༢

༢༣༽ ཐག་རིང་སྣེ་ནས་འོངས་པ་ཡི།། སྒྲ་དེ་རྡོག་སྒྲ་ཡིན་ནམ་ཅི།།
འོད་ཀྱི་ཕུང་བོ་གསལ་བ་དེ།། ཁྱེད་ཀྱི་འཛུམ་མདངས་ཡིན་ནམ་ཅི།།

༢༤༽ ཁྱེད་ཀྱི་འཛུམ་མདངས་མི་མངའ་བའི།། རྒྱལ་སྲིད་འདི་ཡིས་ཅི་ཞིག་བྱ།།
ཁྱེད་ཀྱི་འདུག་རོགས་མ་ཡོད་པའི།། རྒྱལ་ཁྲི་འདི་ལ་སྙིང་བོ་ཅི།།

༢༥༽ ཁྱེད་ཀྱི་འཛུམ་པ་འཁྱུད་པ་བཞིན།། མེ་ཏོག་བཞིན་དུ་པང་དུ་འཁྲུངས།།
ཁྱེད་ཀྱི་དུངས་པ་འཐམས་པ་བཞིན།། ལི་ཤི་བཞིན་དུ་དྲི་ངད་ལྡང་།།

༢༦༽ འཕྲུལ་གྱིས་རྣ་རྩར་བསྐྱེལ་བ་ཡི།། ཁྱེད་ཀྱི་གསུང་སྐད་རྣ་བར་འཇེབས།།
འཚེར་བའི་འཛུམ་དང་ལྷན་ཅིག་ཏུ།། གསང་གཏམ་བཟློ་བའང་བརྗེད་པར་དཀའ།།
༢༠༡༥། ༥། ༡༥


དངོས་མིང་། རྡོ་རྗེ་སྐྱབས། སྨྱུག་མིང་། མ་ཎཱི་བ་ལ།     ཟླ་བ་གཞོན་ནུ། ཕ་ཡུལ། གཅན་ཙ། སྡོད་གནས།  ཝཱ་ར་ཎ་སི།

ཡོང་ཁུངས། ངེད་དྲྭ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།