TueJunTue2017

སྤེལ་དུས་མཐའ་མ།04:53:59 AM GMT

རྩོམ་གསར།:

རྭ་རྒྱ་འཕྲིན་ལས་ཀྱི་སྙན་ཚོམ།

སེམས་སོང་མཛའ་མོ་ཞིག་ལ་སེམས་ཀྱིས་མཐུན་མྱོང་།

ཕྱིར་དྲན་ཞིག

མི་ལོ་བརྒྱད་ཙམ་འདས་པའི་ཡར་སྔོན་ཞིག་ལ།།
བསིལ་རླུང་ཐོལ་གྱིས་རྒྱུ་བའི་སྟོན་དུས་དེ་ལ།།
ཚ་སྨུག་རིས་སུ་འབབ་པའི་ཉིན་མོ་ཞིག་ལ།།
སེམས་སོང་མཛའ་མོ་ཞིག་ལ་སེམས་ཀྱིས་མཐུན་མྱོང་།།

སྙིང་གཏམ་འོ་མ་འདྲ་བོ་སེམས་ལ་བླུགས་མྱོང་།།
གསང་གཏམ་དགུ་མདུད་མ་བོས་དམ་པོར་སྦྲེལ་མྱོང་།།
དྲང་གཏམ་ལྷད་མེད་ཅན་པོ་སྙིང་ལ་འདེབས་མྱོང་།།
མི་འགྱུར་དམ་བཅའ་ཆུ་མོའི་གཞུང་ལ་སྐུར་མྱོང་།།
མི་ཁ་ལྕགས་མཆུ་ནག་པོས་སྙིང་ལ་གཙེས་ཀྱང་།།
ཡུལ་དཔོན་བཙན་འདྲེ་འདྲ་བོས་བཀའ་ཆད་ཕབས་ཀྱང་།།
སྡོད་ར་བཙོན་ཁང་འདྲ་བོས་རྒྱ་ལ་བཅུག་ཀྱང་།།
སྙིང་ཐུབ་ཁྱོད་དང་འབྲལ་ཐབས་ཡེ་ནས་མ་བྱུང་།།
ཉལ་ཁང་འཛིན་ཁང་བར་ནས་ཁྱེད་ཉིད་བཙལ་ཅིང་།།
ཇ་ཁང་ཟ་ཁང་ནང་ནས་ཁྱེད་རང་གླེང་ཞིང་།།
འགྲོ་རོགས་འདུག་རོགས་ཚོ་ལ་ཁྱེད་གཅིག་བཤད་དེ།།
སྙིང་གི་ཕྱེད་ཀ་ཁྱོད་ནི་སེམས་ཀྱིས་མ་བོར།།
རྐྱེན་མེད་བརྩེ་བ་བརྟན་པོའི་རི་ཚོམས་བརྒལ་ནས།།
ལྷད་མེད་དུངས་ཀ་སྣུམ་པོའི་ཀློང་རུམ་ཉུལ་ནས།།
ཁྱེད་དང་འགྲོགས་པའི་ལོ་ངོ་གཅིག་ཙམ་འགོར་བ།།
ད་ལྟ་དྲན་ཚེ་དུས་ཡུན་ཤིན་ཏུ་ཐུང་བ།།
དེ་ལྟར་སྐྱིད་མེད་ས་མཐའི་སྐྱོ་བ་བསངས་ནས།།
སྣང་བ་བན་བུན་ནམ་མཁའི་རླུང་ལ་བསྐུར་ཅིང་།།
རྣམ་ཤེས་སྐམ་པོར་བརྩེ་བའི་གསོན་ཤུགས་རྒྱས་བ།།
བུ་ངའི་དྲན་ཤིང་ཡིན་གྱི་ན་ཟུག་མིན་ནོ།།
འོན་ཀྱང་སད་ཀྱིས་ཁྱེར་བའི་མེ་ཏོག་བཞིན་དུ།།
མི་འདོད་གོ་ལོག་ནག་པོས་རྒྱ་ལ་ཐེབས་པས།།
དུངས་པའི་རི་མོ་འཇའ་བཞིན་དུ་རྒྱང་དུ་བཀྱེད་པ།།
མི་ཐེག་ན་ཟུག་ཅིག་གི་སྣོན་མ་ལོས་ཡིན།།
འབྲས་ཞིང་ལེབ་མོའི་བར་ནས་ཐུག་པའི་ཉིན་མོར།།
ཁྱེད་ཀྱི་གདོང་ལ་རྔམ་གནག་སྤྲིན་པ་འཁྲིགས་བཞིན།།
རང་རང་ས་ལ་འགྲོ་ཞེས་གྱེས་ཚིག་རྩུབ་མོས།།
བུ་ངའི་སྙིང་ཆུང་ཚལ་བ་སྟོང་གིས་བཏང་ཐལ།།
སྙིང་རྩ་དྲག་ཏུ་ལྡིང་བའི་སྐབས་ཐོག་དེ་ལ།།
གཏན་ནས་ཉན་འདོད་མེད་པའི་སྐད་ཆ་གཅིག་གིས།།
འགྲོགས་འདྲིས་འཚོ་བ་སྔོན་མོའི་ཆུ་བསྐྱུར་བས།།
གོ་ལོག་བཤད་ཡམས་དེ་ལ་འགྲེལ་བརྗོད་མ་འདོད།།
ཚིག་གཅིག་གོ་བ་ལོག་པར་བསམ་ཤེས་མེད་ན།།
གཏན་གྱི་ཚེ་གྲོགས་ཞེས་པ་ཁ་ཙམ་ཡིན་པའི།།
གནས་ལུགས་འདི་ཀོ་ཁོ་བོས་གཞི་ནས་རྟོགས་པས།།
ད་གཟོད་སེམས་ཀྱི་རེ་བ་གཏིང་ནས་ཆད་སོང་།།
འོན་ཀྱང་བརྩེ་བའི་རི་མོ་རྡོ་ལ་བབ་ན།།
ལོ་དང་ཟླ་བས་རྙིང་ཞིང་བརྗེད་པ་ཡོད་ཀྱང་།།
གཟུགས་མེད་སེམས་སུ་བཞག་པའི་མཛེས་རིས་ཁྲ་བོ།།
ལོ་ཟླ་ཅི་ཙམ་འདས་ཀྱང་ཡལ་ཐབས་མི་འདུག།།
ཁ་བཤད་རླུང་ལ་བསྟིམས་པའི་འདས་སོང་ཞིག་ལ།།
མཐུན་པའི་རེ་བ་གཏན་ནས་མེད་པ་ཤེས་ཀྱང་།།
ངོ་ཚ་ཡེ་ནས་མེད་པའི་སེམས་གཅོང་འདི་ཀོ།།
བདག་པོ་ལན་འགར་བརྒྱབ་ཀྱང་འཛིན་ཐབས་མེད་དོ།།
ཚེ་གཅིག་འགྲོགས་པའི་ལས་ལ་ཡིད་ཐང་ཆད་ཀྱང་།།
ཐེངས་གཅིག་འདྲིས་བའི་དུངས་ཀ་བརྗེད་དུ་མེད་པའི།།
མི་འདོད་སེམས་ངལ་འདི་འདྲས་སྙིང་ལ་ཟིན་ན།།
འཁོར་བ་སྡུག་བསྔལ་ཟེར་བ་གནས་ལུགས་ཡོད་ཀི།
༢༠༡༤༌༨༌༢ཉིན་ནོར་གླིང་དུ།

ཁེར་རྐྱང་གི་སེམས་པ།

སྟོད་ཕྱོགས་གངས་རི་དཀར་བོའི་རྩེ་མོ་ནས།།
ཚ་ཟེར་བྱེ་བའི་འོད་ཐིགས་སྙིང་ལ་ཟུག།
མཚན་མོའི་རྒྱ་མཚོ་སྐྱོམས་པའི་རླབས་རྩེ་ནས།།
གཏན་ཏུ་འདྲིས་བའི་གོང་མོ་ལྷོ་རུ་འཕུར།།  

སྐར་ཚོགས་གྲང་འདར་རྒྱག་པའི་ཟླ་ངོགས་ནས།།  
ས་མཐའི་འཁྱམས་པོའི་སྐྱོ་སྣང་རླུང་བུས་ཁུར།།
ཡངས་བའི་ཕ་མཐའ་འདི་ན་མི་མངོན་པའི།།
དྲན་ཤིང་སྙིང་གི་འཇོལ་མོ་གང་དུ་བཞུད།།

ས་ཆེན་སྒེག་མོ་འཛུམ་པའི་ལྷས་རྭ་ནས།།
བརྩེ་བའི་མུ་ཁྱུད་རྟེན་འབྲེལ་རང་འགྲིག་ཡོད།།
ང་དང་མཛའ་མོ་བྲལ་བའི་ཐུ་འོག་ན།།       
ཀུན་རྟོག་བྱེ་མའི་མྱ་ངམ་ཐང་ཆེན་འཁྱིལ།།  

ཡ་གའི་བྲག་རི་སྨུག་པོའི་རྫ་གསེང་ནས།།     
གྲོགས་མེད་གཅིག་པུར་འགྲིམས་པའི་འབྲོང་ཆུང་ཞིག།
སྐྱོ་བའི་རྭ་རྩེ་རྡོ་ལ་བསྣུན་པའི་ཚེ།།       
ཆུང་འདྲིས་ལྷ་བྱ་གོང་མོ་ལྷག་ཏུ་དྲན།།

མ་གའི་སྤང་ཐང་སྔོན་མོའི་ཁྱམས་ངོགས་ནས།།
ལྷིང་འཇགས་འདམ་རྩྭར་རོལ་བའི་ཤེའུ་ཆུང་ཚོ།།
བག་ཡངས་སྤང་ལ་རྒྱུ་བའི་རོལ་རྩེད་ཀྱིས།།
འཁྱམས་པོའི་མིག་ལ་སྐྱོ་བའི་མྱ་ངན་བྱིན།།

བཀྲགས་མདངས་འོད་དུ་འཁྱིལ་བའི་ལྗོངས་ཤིག་ན།།
སྦྲ་ནག་སྟོང་གི་ལང་ཚོ་ཙག་གིས་འགམས།།
ལྷིང་འཇགས་སྨག་རུམ་གཏིབས་པའི་ཟླ་ངོགས་ནས།།
སྒོ་ཁྱུ་ནག་པོའི་ཟུག་སྐད་རྣ་བར་གཟན།།

ལྷོ་མཐའི་སྤྲིན་པ་ལེབ་མོའི་བང་རིམ་ནས།།
སྦྲང་ཆར་སིལ་མའི་དོག་པ་ཆད་པའི་ཚེ།།      
ས་འཐའི་གྲོང་ན་ཉུལ་བའི་འཁྱམས་པོ་ཞིག།།
མིག་ཆུའི་དོག་པ་ཕྲ་མོ་རྐང་རྩེར་ཟགས།

ཞོགས་པའི་མཚམས་སྤྲིན་དམར་པོའི་ཐོང་ཁ་ནས།།
ཀུན་གསལ་སྒེག་མོས་འཛུམ་མདངས་བཞད་པའི་ཚེ།།
ནགས་ཀློང་སྟུག་པོའི་བྱ་ཚོགས་སྟོང་འདུས་ཀྱིས།།
ས་འཐའི་འཁྱམས་པོ་ང་ལ་སྐྱོ་རོགས་བྱས།།      

གངས་དཀར་ཏི་སེ་རི་བོའི་ཕྲག་གོང་ནས།།
ལྷ་སའི་མཚན་ལྗོངས་རིང་མོ་མཐོང་བའི་ཚེ།།
ང་ཡི་འཇོལ་མོ་གདུང་བའི་གྲེ་འགྱུར་ཞིག།
སྒྲ་འཛིན་རྣ་བའི་གཏིང་ལ་དལ་གྱིས་ལྷུང༌།།

ཡ་ཆུང་ན་བུན་འཐིབས་པའི་ཧྲག་བར་ནས།།
དུངས་སེམས་ཆུ་མོའི་ཀླུང་དུ་རྐྱལ་བ་མ།།
སྙིང་ཆུང་ལུ་གུ་ལྡིང་བའི་འཕག་འཚག་གིས།།
དྲན་རིག་བྱེ་མའི་རི་བོ་ཉིལ་ལ་ཁད།།

དྲན་གདུང་འབྱུང་བཞི་འཐབས་པའི་སོ་ཁ་ན།།
འཆར་ཡན་སྒྱུ་མའི་རླུང་རྟ་ཟད་ལ་ཁད།།
དུངས་སེམས་ཁུགས་པ་བསྣོལ་བའི་འདྲེས་མཚམས་ན།།
གཟུགས་མེད་བརྩེ་བའི་དམུ་ཐག་རླུང་གིས་ཟད།།

དྲན་རྟོག་བྲག་རི་འཛིངས་བའི་ལྟག་རྒྱབ་ནས།།
གྲང་རླུང་ཧུབ་གྱིས་འཐུང་བའི་འཁྱམས་པོ་ཞིག།
སྙིང་གི་ཕྱེད་ཀ་བོར་བའི་སྡུག་ཡུས་ཀྱིས།།
སྐྱོ་བའི་ཤུགས་རིང་སྟོང་བའི་བྲག་ཅར་ཟུག།།

སྟོང་འཇགས་མཚན་མོའི་ཟླ་དཀར་འཛུམས་པའི་ཚེ།།
རྒྱང་རིང་སེམས་ཀྱི་ལྷ་མོ་ལྷག་ཏུ་དྲན།།
ཐ་མག་རྐང་རེར་བསྒྲོན་པའི་བསམ་གཞིག་ཁྲོད།།
སྣང་བ་ཕྲ་མོའི་དར་ཐག་རླུང་གིས་བདས།།

རྡ་སའི་རྫ་རི་མཐོན་པོའི་བང་རིམ་ནས།།          
སྤྲིན་དཀར་དོག་པ་དགུང་ལ་ཆད་པའི་ཚེ།།
སྙིང་གི་སྒྲོལ་མ་བོར་བའི་སྡུག་ཡུས་ཀྱིས།།
སེམས་གཅོང་ཆུ་མོའི་རླབས་རིས་ལྷག་ཏུ་སྐྱོམས།།    

མི་ཚོགས་འདུ་ལོང་འཁྲུགས་པའི་རླུང་ཁ་ནས།།
དཔུང་བ་ཟུང་དུ་བསྡེབས་པའི་ན་ཆུང་དག།།  
ངེས་མེད་ཕྱོགས་མཐར་ཉུལ་བའི་རྩེད་ངོགས་ནས།།
འཁྱམས་པོ་ཁེར་རྐྱང་ཡིན་པ་གཞི་ནས་ཚོར།།
༢༠༠༥་༡་༥ཉིན་གསོག་སློབ་དུ།

ཤ་གསེང་ནས་བརྡོལ་བའི་སྙིང་ཆུ་ཁོལ་མ།

༼དཔའ་བོའི་རྟོགས་བརྗོད༽ཅེས་པའི་ཁ་བྱང་གཅིག་པའི་སྙན་ཚོམས་སུ་ཕུལ་བ།

གཅིག
བོད་ཡུལ་ཞི་བའི་བཅིང་འགྲོལ་'ཡོད་ཅེས་སྙན་པོ་ཚིག་གིས་བསླུ་བྲིད་བཏང་།།
གྲངས་ཉུང་རིགས་ལ་ཆད་པ་མེད་ཅེས་མགོ་བདེ་གཏམ་གྱིས་སྲོག་ཁྲིམས་བཅད།།
ཆོས་དང་རིག་གཞུང་རྡུལ་དུ་བརླགས་ནས་བོད་ཡུལ་སྲིན་པོའི་གླིང་དུ་བསྒྱུར།།
བཙན་པོ་ཚང་གི་རུམ་ཁ་ཤོར་བས་རྟོགས་བརྗོད་དང་པོའི་དབུ་ཁྱུད་བྲིས།།
རྒྱལ་བ་དོན་གྱི་བདག་པོ་ཁོང་ཡང་ཆ་རྒྱུས་མེད་པའི་གླིང་དུ་དེད།།
བོད་སྲིད་སྐྱོང་བའི་དཔོན་བློན་ཚོ་ཡང་ཁ་འཐོར་ལུང་པ་དགུ་རུ་བྱེར།།
དངས་བླངས་དམག་དང་མི་སེར་བྱེ་བས་རང་སྲོག་མེ་འདའི་སོ་ཁར་དྲངས།།
གནམ་ས་འཐབ་པའི་སྐྱོ་གར་མ་བཟོད་འབངས་མི་བྱེ་བས་གྱེན་རྒོལ་བརྩམས།།
ཕོ་བྲང་དམར་པོའི་ཕྱི་ནང་ཡོངས་རྫོགས་དམར་པོ་ཁྲག་གིས་མཚོ་མོ་བསྐྱིལ།།
བླ་མ་སྤྲུལ་བའི་སྐུ་ལོ་ཡོད་ཚད་བཙན་གྱིས་དེད་ཅིང་ཁྲིམས་ལ་སྦྱར།།
བློ་ཅན་དྲང་བོའི་བགྲེས་སོང་རིགས་རྣམས་མུན་ནག་བཙོན་གྱི་ཕུགས་སུ་བསྐྱལ།།
བཙན་རྒོལ་དཔའ་པོ་སྟོང་ཕྲག་དུ་མ་མདེལ་སྒྱོགས་འཐབ་པའི་སོ་ཁར་མཆོངས།།
རྒོད་པོའི་མི་རྣམས་འབེན་ལ་བཏགས་ནས་ཀླད་ཞོ་དཀར་པོ་ས་ལ་གཏོར།།
ལོ་གཞོན་དར་མ་གཉེན་དང་བཀར་ནས་བདུད་དམག་གཤེད་མའི་གཡོག་ལ་བཀགས།།
ཁྱོ་ག་བསད་པའི་ཡུག་མོ་དེད་ནས་རྒྱ་འདྲེ་དག་གིས་རྩེད་ཆས་བྱས།།
དུད་འགྲོའི་བྱུས་ངན་ཐལ་མཐའ་དྲག་པས་ཕོ་རྒོད་སྟོང་གི་རང་སྲོག་ཤོར།།
དགོན་སྡེ་མེད་པའི་གྲྭ་བཙུན་རྣམས་ལ་བཙན་གྱིས་ཆོས་ཁྲིམས་གཏོར་དུ་བཅུག།
དམ་ཚིག་བརྩི་བའི་སློབ་མ་བསྐུལ་ནས་རང་གི་བླ་མར་རྡུང་གི་བཅུག།
དར་མའི་མི་ལ་འཇིགས་སྣང་བསྐུལ་ཏེ་ཕ་དང་ཨ་མར་འཐབ་རྩོད་བཏང་།།
གོ་ཟློག་གནམ་སའི་ཁ་རླངས་ཁྲོད་ནས་དཔའ་རྒོད་གང་མང་ས་ལ་བརྡབས།།
རྒན་པའི་མི་ལ་བཙན་བསྐུལ་བྱས་ཏེ་ཆོས་དང་བླ་མར་སྐུར་འདེབས་བརྩམས།།
ཕ་མ་བོར་བའི་དྭ་ཕྲུག་དེད་ནས་དགོན་སྡེའི་ཆོས་ཁང་གཏོར་དུ་བཅུག།
རིན་ཐང་བྲལ་བའི་བཙན་པོས་བསགས་ནོར་བཅིང་འགྲོལ་དམག་གིས་ཕངས་མེད་བརླགས།།
སྟོང་ཕྲག་བདུན་གྱི་བསྟི་གནས་བཅོམ་སྟེ་དགོན་སྡེའི་ལྷ་ཤུལ་འཇག་སྐྱས་བཀང་།།
བདུད་དམག་བྱེ་བས་ལམ་རྒྱགས་འཚོལ་ཆེད་ཉམ་ཆུང་འབངས་མིའི་ཁ་ཟས་འཕྲོག།
རྒྱ་མི་དུང་ཕྱུར་མུག་ལས་སྐྱོབས་ཕྱིར་འབྲུ་དང་ཕྱུགས་ཀྱིས་གནམ་ཁྲལ་བསྡུས།།
བོད་འབངས་ཡོངས་རྫོགས་ཆམ་ལ་ཕབ་སྟེ་ས་ཆེན་ཞིང་སའི་གཡོག་ཏུ་བཀོལ།།
དཀའ་སྡུག་འགམ་པའི་མི་སེར་དག་གི་རྐང་ལག་སེན་རྩ་རྣག་གིས་བཀངས།།
སྟོན་ཐོགས་ཡོད་རྒུ་གཙང་བཤབས་བྱས་ཏེ་ཀྲུང་གོའི་མཛོད་ཁང་འབྲུ་ཡིས་བཀང་།།
བཙན་པོའི་རིང་གི་གནའ་རྫས་མོད་པོས་ཀྲུང་གོའི་དངོས་མིང་བཤམས་སྟོན་བཀང་།།
གཏིང་ཟབ་རིག་པའི་གདམས་ངག་དྲོན་མོས་ཀྲུང་གོའི་རིག་གཞུང་བླ་རུ་བཏགས།།
བློ་མིག་ཟབ་པའི་མི་བུ་དག་གིས་བདེན་གཏམ་ཤོག་བུའི་རྒྱ་ལ་བཏབ།།
བླ་མ་སྤྲུལ་སྐུ་རྫུན་གྱིས་བསླུས་ཏེ་བོད་འབངས་མགོ་འཕང་སྨད་དུ་བཅུག།
ཆོས་ལུགས་དད་པའི་ཁ་གཡང་སྙན་མོས་གོང་ས་མཆོག་ལ་འབོད་བརྡ་བཏང་།།
མི་ཡི་གྲངས་འབོར་ཁ་ལ་ཁྱེར་ནས་བཙན་པོའི་རིགས་རྒྱུད་དམ་དུ་བསྒགས།།
འགྲོ་བ་མི་ཡི་ཐོབ་ཐང་འཚོལ་བའི་སྨྱུག་ཐོགས་ཁ་ལ་དམ་རྒྱ་བཞག།
རྒྱང་མཐོང་མིག་རྒྱ་ཕྱེ་འདོད་ཡོད་ཀྱང་གཡོན་སྲིད་ནག་པོའི་ཡོལ་གྱིས་བསྒྲིབས།།
རང་དབང་མགོ་བོ་དགྱེ་འདོད་ཡོད་ཀྱང་གཉའ་ཁྲིམས་བཙན་པོས་མགོ་ནས་མནན།།
གདོས་བཅས་ལུས་ལ་རྩལ་ཤུགས་ལྡན་ཡང་མདའ་དང་སྒྱོགས་ཀྱིས་རྒྱབ་ནས་དེད།།
གོམས་པའི་བློ་ལ་འཆར་ཡན་འཛོམས་ཀྱང་སྨྲ་བའི་མགྲིན་པ་ལྕགས་ཀྱིས་བསྡམས།།
གྲངས་ཉུང་ཞེས་པའི་ཁ་ཚིག་སྙན་མོས་རོགས་སྐྱོར་དངུལ་དངོས་ཉུང་དུ་བཏང་།།
ཐོན་སྐྱེད་ཅེས་པའི་གཡོ་ཐབས་སྤྱད་ནས་ཀོ་རྩིད་བལ་གསུམ་རྒྱ་ལ་དྲངས།།
མཐོ་སྒང་ཞེས་པའི་བརྡ་ཚིག་འོག་ཏུ་ཅ་དངོས་རིན་གོང་གནམ་ལ་བསྟད།།
བཤད་ན་སྙིང་ལ་གས་ག་འཆོར་བའི་གཏམ་རྒྱུད་འདི་དག་སུ་ཡིས་བརྗེད།།

གཉིས།
མ་སྐད་དག་མོའི་ཚེ་སྲོག་བཅད་པས་མི་བཤད་ཐབས་མེད་ལས་ལ་ཐུག།
ཕ་གཞིས་གོར་མོ་དུག་གིས་བཙོས་པས་མི་རྒོལ་ཐབས་མེད་ལས་ལ་འཇུས།།
མི་ལོ་ལྔ་བཅུའི་མནར་སྡུག་ཁུར་ནས་སྒེར་གཅོད་གཞུང་ལ་ཞུ་རྒོལ་བྱས།།
ཚེ་སྲོག་དམར་པོ་མེ་ལ་བསྟིམས་པའི་གསར་བརྗེས་དཔའ་བོའི་རྟོགས་བརྗོད་བྱུང་།།
སྨྱུག་ཐོགས་སྟོང་ཕྲག་བཙོན་དུ་བཟུང་བས་ནང་མིའི་སེམས་པ་འཁྱག་གིས་བསྡམས།།
གཅེས་བའི་བུ་ཕྲུག་དམར་གསོད་བཏང་བས་གཉེན་དང་ན་ཟླའི་སྙིང་ཁམས་དཀྲིགས།།
ཡ་ང་སྙིང་རྗེ་སྤུ་ཙམ་མེད་པའི་དམར་པོ་གཞུང་གི་དྲག་སྤྱོད་ཀྱིས།།
དེ་རིང་སྡུག་གི་ཁུར་བོ་མ་ཐེག་འདི་ལྟར་སྲོག་གི་སྟ་གོན་བྱས།།
ཟུངས་ཁྲག་ལྟ་བུའི་རིག་གཞུང་གླེང་ནས་དེ་རིང་སྨྱུག་ཐོགས་བཙོན་དུ་ཆས།།
ཚེ་སྲོག་ལྟ་བུའི་སྐད་ཡིག་ཆེད་དུ་དེ་རིང་སློབ་མ་གྲོང་ནས་ལངས།།
ཕ་ས་གོར་མོའི་བདེ་སྡུག་བཤད་ནས་དེ་རིང་བཙུན་པ་དགོན་ནས་ལངས།།
སེང་གེ་དཀར་མོའི་བུ་རྒོད་འདི་ཚོ་དེ་རིང་ཁོ་བོས་གླེང་བར་སྤྲོ།།
རང་བྱུང་འབྱུང་བའི་སོ་ཁ་འཐབ་པའི་ཕ་ས་སྐྱིད་ཀྱི་རྩེད་ར་བསྐྱུར།།
བྲལ་ན་གདུང་བ་བཟོད་གླགས་མེད་པའི་བརྩེ་བའི་ཕ་མ་གཉེན་ཉེ་བཞག།།
དྲན་ན་སྙིང་ལ་སེར་ཁ་གས་བའི་ཆུང་འདྲིས་སྙིང་གི་ཕྱེད་ཀ་བོར།།
དེ་རིང་མི་རབས་གསར་བའི་དཔུང་ལ་ཅི་ཡང་ཕོད་པའི་སྙིང་སྟོབས་འཕྱུར།།
ཆུང་ཆུང་སྙིང་གི་གཅེས་ལོ་བཞག་སྟེ་ཕ་རྒོད་མེ་ལྕེའི་ཀློང་དུ་མཆོངས།།
གཅེས་པའི་གཉེན་ལ་གྱེས་ཕྱག་ཕུལ་ནས་སྨན་ཤར་ཞལ་ཁྱིམ་མེ་ལ་བསྒྲོན།།
ཨ་མའི་བྱམས་ཆེན་མར་ལོ་བསྐྱུར་ནས་བཙུན་ཆུང་ལང་ཚོ་མེ་ལ་བསྟིམས།།
གནམ་ས་འདར་བའི་འབོད་ཚིག་སྒྲོགས་བཞིན་མི་རིགས་ཤིག་གི་དོན་དུ་ཆས།།
བཙན་གནོན་ལྕགས་ཀྱི་ཐོ་བ་བཅགས་ནས་བོད་དོན་ནུབ་ཀྱི་ཕྱོགས་སུ་བསྐུར།།
མི་ལོ་ལྔ་བཅུའི་རྨ་ཁ་བསྐྱོར་ནས་ལུས་དང་སྲོག་གིས་མཆོད་མེ་སྤར།།
དམ་ཚིག་གཙང་མའི་འདུ་ཤེས་དཀར་པོས་གོང་ས་མཆོག་ལ་གདུང་དབྱངས་ཕུལ།།
ས་ཡ་དྲུག་གི་བདེ་སྡུག་བསམས་ནས་འབོད་ཚིག་རྣོན་པོ་དགུང་དུ་བཏེགས།།
མེ་ལྕེ་འདི་ནི་དམར་པོའི་གཞུང་ལ་ཡ་ལན་སློགས་པའི་མཆོན་ཆ་ཡིན།།
མེ་ལྕེ་འདི་ནི་དྲག་པོའི་ལས་ལ་ངོ་རྒོལ་བྱེད་པའི་སྒྱོགས་རྡོ་ཡིན།།
མེ་ལྕེ་འདི་ནི་མཐོན་པོའི་དཔོན་ལ་འཁོན་ལན་འཇལ་བའི་སྟ་གོན་ཡིན།།
མེ་ལྕེ་འདི་ནི་རྫོགས་མཐའ་བྲལ་བའི་མི་རབས་གསར་བའི་ལང་ཚོ་ཡིན།།
དྲག་པོའི་ལས་ལ་འཇིགས་སྙིང་མེད་པ་མི་རབས་གསར་བའི་དཔའ་སྙིང་ཡིན།།
མཐོན་པོའི་དཔོན་ལ་ཡ་ལན་སྤྲད་པ་འདས་དོན་ཞིག་གི་རྨ་ཁ་ཡིན།།
གཅེས་པའི་ཚེ་སྲོག་གཏའ་མར་འཇོག་པ་འཐབ་རྩོད་ཅིག་གི་ནུས་སྟོབས་ཡིན།།
རྩ་དོན་ཞིག་ལ་བློ་ཐག་ཆོད་པ་སད་རྟོག་འབར་བའི་མཚོན་རྟགས་ཡིན།།
འགྲོ་བ་མི་ཡི་ཐོབ་ཐང་རྩོད་པ་མི་ཆོས་རྣལ་མའི་ཕུགས་འདུན་ཡིན།།
བཙན་པོའི་གཞིས་ཁྱིམ་དྲོན་མོ་བརྩད་པ་གཞོན་རབས་ཤིག་གི་འཚོ་སྟངས་ཡིན།།
སྐད་དང་ཡི་གེ་སྲུང་སྐྱོབ་བྱེད་པ་མི་རིགས་ཤིག་གི་འགན་འཁྲི་ཡིན།།
གོང་ས་མཆོག་ལ་སྐྱབས་འབོད་བཏང་པ་རིགས་མཐུན་གཙང་མའི་དམ་ཚིག་ཡིན།།
སྤྱི་ཡི་ཆེད་དུ་རང་དོན་གཏོང་བ་རིག་ལྡན་སྐྱེ་བོའི་སྤྱོད་ཚུལ་ཡིན།།
མི་རིགས་ཆེད་དུ་རང་སྲོག་གཏོང་བ་གློ་བ་དཀར་པོའི་དན་རྟགས་ཡིན།།
སྲོག་ལ་བབ་ཀྱང་ཐེ་ཚོམ་མེད་པ་དཔའ་རྒོད་ཅིག་གི་རང་གཤིས་ཡིན།།
གཟི་བརྗིད་ངང་ནས་གཏན་དུ་ཆས་བ་ལོ་རྒྱུས་ཤིག་གི་དྲོད་ཐིག་ཡིན།།
བདེན་པའི་མཐའ་ལ་གློ་སྙིང་གཏོད་པ་མི་བུ་ཞིག་གི་མཛེས་སྡུག་ཡིན།།
དྲག་པོའི་དཔུང་ལ་མགོ་སྒུར་མེད་པ་བཙན་པོ་ཚང་གི་རུས་རྒྱུད་ཡིན།།
སྤྱི་དོན་ཞིག་ལ་འགན་འཁྲི་ཁུར་བ་ལྷག་བསམ་ཅན་གྱི་བླ་རུས་ཡིན།།
ཁ་བའི་ཆེད་དུ་ཡོད་ཚད་བཏང་བ་རྒྱལ་གཅེས་དཔའ་བོའི་སྙིང་སྟོབས་ཡིན།།
༢༠༡༢།༡༡།༢༢ཉིན་ནོར་གླིང་དུ།


ཕྱི་ལོ་༡༩༧༣ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་ཁོངས་རྨ་བྱང་གྲོང་བརྡལ་དུ་སྐྱེས།
ཕྱི་ལོ་༡༩༨༠ལོ་ནས་ས་དེའི་སློབ་ཆུང་དུ་སློབ་སྦྱོང་བྱས།
ཕྱི་ལོ༡༩༩༡ལོ་ནས་རྭ་དགོན་གྱི་ཆོས་སྒོར་ཞུགས་ཏེ་བསྡུས་གྲྭ་ནས་ཕར་ཕྱིན་སྐབས་བཞི་བ་བར་སྦྱང་བ་བྱས།
ཕྱི་ལོ་༡༩༩༢ལོར་ལྷ་ས་སེ་རྭ་ཐེག་ཆེན་གླིང་དུ་ལོ་གཉིས་རིང་བོད་ཀྱི་ཚད་མ་རིག་པ་དང་། འཚན་ཉིད་རིག་པ་སྦྱངས།
ཕྱི་ལོ༡༩༩༥ལོ་ནས་རེབ་གོང་རོང་བོ་དགོན་ཆེན་དུ་སྙན་ངག་དང་། བོད་ཀྱི་བློ་སྦྱོང་རིག་པ་སོགས་སྦྱངས།
ཕྱི་ལོ༡༩༩༦ལོ་ནས་རྭ་རྒྱ་གངས་ལྗོངས་ཤེས་རིག་མཐོ་སློབ་གླིང་དུ་ལོ་ལྔའི་རིང་དབྱིན་བོད་རྒྱ་གསུམ་གྱི་བརྡ་སྤྲོད་དང་བོད་ཀྱི་སྲོལ་རྒྱུན་སྙན་ངག སྐར་རྩིས་སོགས་ལ་སྦྱངས་བ་བྱས།
ཕྱི་ལོ་༢༠༠༡ནས་ལོ་གཉིས་རིང་རེབ་གོང་རོང་བོ་དགོན་དུ། བོད་ཀྱི་སྙན་ངག་མེ་ལོང་དང་སྙན་ངག་ཆབ་ཤོག་སོགས་ཐུན་མོང་རིག་གནས་དང་། ལམ་རིམ་དང་བློ་སྦྱོང་རིག་པ་སོགས་ལ་སྦྱང་བ་བྱས།
ཕྱི་ལོ་༢༠༠༣ལོར་རྒྱ་གར་དུ་ཡོང་ནས་ལོ་བཞིའི་རིང་དབྱིན་ཡིག་འཛིན་གྲྭ་བདུན་པ་བར་སློབ་སྦྱོང་བྱས་ཤིང་ཞོར་དུ་ཤེས་རབ་དགའ་ཚལ་སློབ་གླིང་དུ་ལོ་གཉིས་རིང་ལས་ཞོར་བོད་ཡིག་དགེ་རྒན་བྱས།
ཕྱི་ལོ་༢༠༠༧ལོའི་༧་༡༡ནས་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་སུ་ཞུགས།
ཕྱི་ལོ་༢༠༠༨ལོའི་༦་༡ནས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ཉམས་ཞིབ་ཀྱི་ལས་ཀ་བྱས།
ཕྱི་ལོ༢༠༡༡ལོའི་༦་༡་ནས་ད་བར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་བོད་ཀྱི་ཆེས་མཐོའི་སློབ་གྲྭའི་བརྡ་སྤྲོད་དང་རྩོམ་རིག་དགེ་རྒན་བྱེད་མུས་ཡིན་པ་བཅས་སོ།།

ཡོང་ཁུངས། ངེད་དྲྭ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།