TueFebTue2017

སྤེལ་དུས་མཐའ་མ།03:59:19 AM GMT

རྩོམ་གསར།:

༢༠༡༤ལོའི་སྙིང་མིག་གི་སྙན་ཚོམ།

ཤིང་དང་ཤུག་པའི་ཉན་རྣ་བྱེད་ས་རུ།།           སུ་ལ་མ་ཤོད་ངག་འདི་ས་མ་ཡ།།

ཉི་མའི་མིག་ཆུ།

ཉི་མའི་མིག་ཆུ་མེ་ཏོག་ཚལ་ན་ཡལ།།
ཟླ་བའི་ཁ་ཆུ་རི་བོའི་རྩེ་ནས་འཛར།།
ཨ་གར་སྒྲོན་ཤིང་བསླེས་མའི་ལུང་གཤོང་ནས།།
དྲན་པའི་རྨུ་ཐག་ཡིད་ཀྱི་མཁའ་ལ་བཏགས།།


དུང་བའི་ཆོན་ཐག་འཐེན་པའི་སྦྲ་འདབས་ན།།
ཚོར་བའི་ཉི་གུར་ཕུབ་པའི་ལྷས་འདབས་ན།།
སེམས་ཀྱི་འགྱུ་བ་དྲན་པའི་མེ་ཏོག་འདི།།
གུར་གུམ་ལྷ་མོ་སྒེག་པའི་སྟངས་ཀ་ཡིན།།

ཉལ་བའི་རྨི་ལམ་མདངས་ལ་འཁྱུད་དེ་འོང་།།
སྣང་བའི་ན་བུན་གཤིས་ལ་ཐིམ་སྟེ་འོང་།།
དྲོད་དང་རླངས་པ་འཕྱུར་བའི་རྒྱུད་མངས་འདི།།
རླུངས་དང་ལྷཌ་པ་འཁྲོལ་བའི་རོལ་དབྱངས་ཡིན།།

ཞི་ཞིང་དུལ་བའི་མི་གཞི་བཟང་པོ་མ།།
ལྷོད་ཅིང་སྒམ་པའི་བརྟུལ་ཞུགས་ཟིན་པོ་མ།།
ཤ་དང་རུས་པ་སྦྲེལ་བའི་བརྩེ་བ་འདི།།
རྐང་དང་ལྷ་བའི་བཅུད་དུ་ནེམ་ཞིང་ནེམ།།

བྲལ་བའི་སྙིང་ལ་ཐེབས་པ་ལྕགས་ཀྱི་མཛེར།།
སོག་པའི་མེ་ལོང་དཀྱིལ་ནས་ཕུག་སྟེ་འོང་།།
ཁྱོད་ཉིད་འཛུམ་པའི་དྭངས་ཤ་ལྷོད་མོ་མ།།
དྲན་པའི་མཚོ་ལ་ཟུག་པའི་གཞའ་རིས་ཡིན།།

ད་ནི་དགུ་ཚིགས་གནམ་གྱི་མཐའ་ནས་ཡལ།།
ད་ནི་སྨིན་དྲུག་ཚོམས་སེ་ལྷོ་རུ་བཞུད།།
བྱང་ཁོག་སྟོད་ལ་འཚང་བའི་གློ་བ་འདི།།
འབྲུ་དྲུག་སྙེ་མའི་རླབས་ཀྱི་ས་བོན་ཙམ།།

གྱེས་ཁའི་གཏམ་རྒྱུད་ཨ་ལོང་གོར་གོར་ཡིན།།
བྲལ་ཁའི་སྐྱོ་བ་ཆུ་མོ་ཤག་ཤག་ཡིན།།
ཡིད་ཀྱི་བྲག་ལ་བརྐོས་པའི་སྣང་བརྙན་འབུམ།།
ད་ཀོ་སེམས་ཀྱི་གནའ་རྫས་ནོམ་ཆེན་ཡིན།།
༢༠༡༤།༡༡།༣


གནམ་ལ་ལྐོག་ཁ།

སྤུར་སྒམ་མེ་ཏོག་འདབ་མས་བཞེངས་པ་ཡི།།
ལོ་མའི་བཅུད་ཁུ་འཇིབ་པའི་བུང་བ་འགའ།།
སྐོམ་གྱིས་གཤེགས་པའི་རྣམ་ཤེས་ཡི་དྭགས་ཁྱུ།།
རྗེས་ཐོ་ལ་མོའི་ཉག་ན་བཞག་སོང་སྐད།།

དྲོད་ཀྱིས་བཞུས་པའི་ཕ་བོང་རློན་པ་དག།
མདའ་དང་མདོ་རུ་འཁྱིལ་བའི་ཆུ་མིག་ཡིན།།
ཟེགས་མ་གནམ་ལ་བཏགས་པའི་མཚོ་མོ་ཡང་།།
ད་ཞག་ས་ཡི་ལྷ་མོའི་རྐང་ལ་ནེམ།།

སྐྲུ་མའི་ཤིང་ཕོར་འདི་ཡང་ནམ་མཁའ་སྟེ།།
ཟས་ཀྱི་སྤྲིན་པ་ངོགས་སུ་འབྱར་མ་མྱོང་།།
ཇ་ཡི་སྨུག་པ་ཁ་རུ་ཆགས་མ་མྱོང་།།
གནམ་འདེགས་རི་བོ་དག་ཀྱང་སྐེམ་ཞིང་རིད།།

བུ་ར་ཁུར་བའི་ཉི་འོད་གནམ་གྱི་ཇག།
ནམ་གྱི་གུང་ཡང་ཁང་པའི་སྦུག་ཏུ་གཞའ།།
ཆུ་སྟོད་ཟླ་བ་འོང་བའི་ཞག་མ་དེར།།
སྤྲིན་གྱི་ཕོ་ཉའི་སྔུན་དུ་ཞིབ་རྩིས་འགོད།།
༢༠༡༥།༥།༣༠

རང་མོས་བཅད་མ།

ཉི་མ་མནན་པའི་མཛུབ་མོ་བུག་སོང་ན།།
ཟླ་བ་སྒྲུག་པའི་ཁྱོར་བ་རྡོལ་སོང་ན།།
སྨིན་དྲུག་ཚོམས་སེ་འཁྱིལ་བའི་སྒོ་ཁ་རུ།།
གནམ་གྱི་ཀ་བ་ཞིག་གི་སྐྱེ་བ་ལེན།།

སྙིམ་པར་གླན་པའི་ལུ་གུ་མེ་ཏོག་དག།
ཨ་ཞེའི་སྐེ་རྒྱན་བརྐོས་པའི་རྩིབ་མ་འོ།།
པུས་མོ་རུམ་པའི་མི་ལོ་འདི་ཚད་ཅིག།
ཤེལ་གྱི་མཆོད་རྟེན་བཞེངས་པ་ད་ཚོད་ཡིན།།

ཉི་མའི་ཁ་ཆུ་དམར་བའི་མཚམས་སྤྲིན་ངོགས།།
ལྷ་མོ་རལ་བ་ཅན་གྱི་ལན་བུ་འཛར།།
སྨག་གི་འདམ་ལ་འོང་བའི་འོད་ཤ་ཅན།།
ང་རང་སྲིན་བྱ་ཡིན་པའི་ལུང་བསྟན་ཡིན།།

མྱི་ཁའི་རྟ་ཕོ་རྣ་རྒོད་ཤུ་རེ་བ།།
མགོ་ཁྲག་རྡོ་ལ་བླུད་པའི་འཆར་ཡན་གྱིས།།
དུར་ཁྲོད་དག་ནས་སྐྲག་སྡིག་སྐུལ་ན་ཡང་།།
གྲོ་སྡུད་གཤམ་པའི་དབུ་སྒོ་བསླངས་ནས་འོད།།

རི་བོ་ནུད་པའི་གཉའ་བ་དམའ་སོང་ངོ་།།
ཆུ་མོ་འཕུར་བའི་གཤོག་རླབས་མཐོ་སོང་ངོ་།།
རྨི་ལམ་མེ་ལོང་འཆར་བའི་རུས་པ་འདི།།
ཞོ་འཐུང་མལ་ནས་ཐོབ་པའི་དངོས་གྲུབ་ཡིན།།
༢༠༡༥།༥།༢༩

ཧེ་ཧེ་ལྷ་མོའི་སྙན་ངག

ཁུད་ཁུད་གཅར་ནས་ཤ་གཅུས་རྒྱག་ཀྱང་ཡིད་འཕྲོག་མ་ཁྱོད་ཧེ་ཧེ་ཧེ།།
བྱོལ་བྱོལ་གྱེས་ནས་སོར་རྡེལ་འཕངས་ཀྱང་མཚར་སྡུག་མ་ཁྱོད་ཧེ་ཧེ་ཧེ།།
རྩ་སྒྱེ་དེ་ཚོས་བསྙད་ཅིག་བརྐོས་ཀྱང་གཤིས་འཇམ་མ་ཁྱོད་ཧེ་ཧེ་ཧེ།།
དོ་དོ་དན་དན་ཞིབ་ཞིབ་དཔྱད་དེ་ཧེ་ཧེ་ལྷ་མོ་མཚན་དུ་གསོལ།།

རྒྱ་མཚོ་ཆེན་པོ་རྩར་ལ་འཇོག་ནས་ཀོ་གྱོང་མཆི་མས་སྦོང་མཁན་ཚོ།།
བདུད་རྩི་བསིལ་མ་གློ་ལ་འདོགས་ནས་ཆུ་སྙོག་ཕོར་གང་འཐུང་མི་ཚོ།།
པགས་རྩག་དྲོན་པོ་རྒྱབ་ལ་བཟེད་ནས་གྲངས་བའི་འདར་སིག་རྒྱག་མི་ཚོ།།
ཧེ་ཧེ་ལྷ་མོ་མདུན་དུ་བཤམས་ནས་ལུས་ཕྲ་གཞན་ལ་སྨོན་མི་ཚོ།།

ཏོ་ཏོ་ལྷ་མོ་གནམ་ལ་འགྱོག་པའི་ཀ་དག་མཐོང་ན་ཁོང་དགོད་རེ།།
འབྲི་མོ་ཐོད་དཀར་ཞེ་ལ་བཏགས་པའི་ཨ་ཉོག་དྲན་ན་སྣ་ཤུ་རེ།།
ཤོག་སྒམ་ནང་ནས་སོ་མར་བཏོན་པའི་ནོམ་ཆེན་རྒྱུ་དང་འདྲ་བ་ཡི།།
ཨ་ཞེ་ཧེ་ཧེ་ལྷ་མོ་ཁྱོད་ནི་སེམས་ཀྱི་དྲོད་ཐིག་ཁེ་རུ་མ།།

འཛིན་ཁང་ནང་དུ་ཚུར་ལ་བྱོན་པའི་ལམ་ཕྲན་མར་ནས་དོད་བསྡད་གདའ།།
སྟེང་ནས་སྒུར་སྒུར་བལྟས་བལྟས་དེ་ཡིས་ཕོ་རིགས་ཀུན་གྱི་གཟུགས་པོ་སྒུར།།
ཉལ་ཁང་ནང་དུ་ཕར་ལ་ཕེབས་པའི་གསེང་ལམ་ཡར་ནས་རེད་བསྡད་གདའ།།
གཡོན་ནས་ཀེ་ཀེར་བལྟས་བལྟས་དེ་ཡིས་ཡོད་ཚད་མཇིང་པ་གཡོན་ལ་ཡོ།།

ཏོ་ཏོ་ལྷ་མོའི་སྙན་ངག་བཀླགས་རྗེས་ཞིབ་འཇུག་ནང་དུ་ཁ་རྩོད་ཤོར།།
ཧེ་ཧེ་ལྷ་མོ་ལོགས་སུ་བཏོན་ནས་ཏོ་ཏོ་ལྷ་མོ་ཅི་རེད་ཟེར།།
མཚམས་སྦྱོར་ཀ་ཁ་གཉིས་ཙམ་མིན་པ་དངོས་གཞི་སློབ་མ་མཆིས་སོ་ཅོག།
ཀ་དག་སྟེང་དུ་ལྐོག་ཁ་བྱས་པ་ཀུན་གྱི་སེམས་ལ་ཁྲིགས་སེ་ཡོད།།

དབུ་སྐྲ་རྒྱ་ལྕང་ལོ་མ་དེ་ལ་རླུང་བུས་དྲི་བསུང་སྣོམ་གྱིན་འགི།
ལན་བུ་ཆུན་པོ་གདོང་དུ་འཛར་བས་བདག་གི་སེམས་ཀྱི་རྟ་ཕོ་འདྲོག།
མ་གི་འཁོར་བའི་རྡོ་ལ་བརྡབ་སྟེ་མགོ་བོ་གཅག་ན་སྐྱིད་པ་ལ།།
ཁྱོད་ཀྱི་ཆེད་དུ་དམྱལ་ཁམས་འགྲིམ་ན་གླིང་ཁ་ཞག་མ་གསུམ་ལ་གཏོང་།།

ཞལ་རས་མེ་ཏོག་འདབ་མ་དེ་ལ་གཡུ་སྦྲང་སྐོར་བ་རྒྱག་གིན་གདའ།།
འཛུམ་ཀོང་གོར་གོར་འགྲམ་པར་གླན་པས་བདག་གི་སེམས་ཀྱི་མདའ་མོ་ཟུག།
ཕ་གི་མི་ཡི་སེམས་ཁམས་རྨས་ཏེ་རྐང་པ་གཅག་ན་དགའ་བ་ལ།།
ཁྱོད་ཀྱི་དོན་དུ་འཆི་རྒྱུ་བྱུང་ན་ལོ་སར་ཉི་མ་བཅུ་ལ་གཏོང་།།

སྒེག་ལྡེམ་འཁྲི་ཤིང་སར་པ་དེ་ལ་ལང་ཚོའི་མེ་ཏོག་སྨིན་གྱིན་འདུག།
འཕོང་ཚོས་ཟླུམ་ཟླུམ་གཡུག་ཐེངས་རེ་ཡིས་བདག་གི་དྲན་པ་དེ་རུ་འཐོར།།
རྣམ་ཤེས་རློན་པ་ཚུར་ལ་མ་འོང་ད་ལན་འཆི་ན་སྤྲོ་བ་ལ།།
ཁྱོད་ཕྱིར་ཕྱི་མར་ཆས་རྒྱུ་བྱུང་ན་ཞབས་བྲོ་བདུན་ཕྲག་བདུན་ལ་རྒྱག།

ལྷོད་ཅིང་འཇམ་པའི་གཤིས་ཀ་དེ་ལ་མཛེས་མའི་སྒེག་ཆོས་བསྣན་པ་མོ།།
ཐུབ་པ་རྣམས་ཀྱང་བསམ་གཏན་འཇིག་པའི་མིག་གི་བདུད་རྩི་སྟོབ་པ་མོ།།
ཕོ་བརྒྱའི་སེམས་པ་ཕར་ལ་འཕྲོག་སྟེ་ཚལ་གཏུབ་གྲི་ཡིས་གཙབ་པ་མོ།།
མོ་བརྒྱའི་ཞེ་ལ་སྙིང་རླུང་སློང་སྟེ་རོ་སྟོད་ཟུག་གཟེར་འགྱེད་པ་མོ།།

རྨ་བྱའི་སྒྲོ་གུར་ཕུབ་པར་འདྲ་བ་ཉིན་བཞིན་ཇེ་མཛེས་ཇེ་ཡག་རེད།།
དཔྱིད་ཀའི་མེ་ཏོག་བཞད་པར་འདྲ་བ་ཉིན་བཞིན་ཇེ་རྒྱས་ཇེ་སྨིན་རེད།།
མ་མཐོང་མ་ཐོས་ཉི་མ་རེ་རེ་ལོ་དང་ཟླ་བའི་གཟུགས་སུ་འོང་།།
མ་དྲན་མ་སྒོམ་སྐར་ཆ་རེ་རེ་ཞག་དང་ཟ་མའི་རྣམ་ཤེས་སྦྲུམ།།

སྙན་ངག་འབྲི་བཞིན་ཡོོད་ཁུལ་བྱས་ཏེ་ལྐོག་ལྟས་སྒུམ་བུ་ཞིབ་ཏུ་བཏུས།།
བྱིའུ་ཞིག་ཡིན་ན་མཆུ་ཟོར་འདེབས་ནས་སྐེ་ལ་རྨ་ཞིག་མི་བཟོ་རེ།།
གྱོད་དང་ཁ་མཆུའི་འདམ་ལ་ཚུད་དེ་སྒྲོ་གཤོག་བཏོག་ན་དགའ་བ་ལ།།
གཏམ་དང་མྱི་ཁ་གྲོང་ལ་མཆེད་དེ་རྒྱ་སྡེས་འཕྱ་ན་སྐྱིད་པ་ལ།།

ཕར་ཁ་སྐོར་ན་རྟ་བརྒྱ་རི་བའི་ཨོང་ཤ་དེ་ལ་ཞིམ་སྣང་ཤར།།
ཁྱོད་ཉིད་མཐོང་ཚེ་མཆིལ་མ་མིད་པའི་བུ་རེའི་འགྲམ་ན་ཁྲོག་སྒྲ་རེ།།
ཚུར་ཁ་སློག་ན་མཛོ་བརྒྱ་རི་བའི་འོ་འཛིན་དེ་ལ་མངར་སྣང་ཤར།།
ཁྱོད་ཉིད་ཐོས་ཚེ་ཧུ་རེ་ཧྲེང་བའི་བུ་རེའི་གམ་ན་ཐོ་ཡོར་རེ།།

ཞི་མི་བཞུད་པའི་བཞུད་སྟངས་མ་རེད་དེ་ཕོ་འགྲོ་སྟངས་འདྲ་བ་ལ།།
སུ་གེ་སྤོ་བའི་འདེགས་འཇོག་རེ་ལ་ལྡེམ་ལྡེམ་ཡག་མོ་གསུམ་རེ་འགི།
ཟླ་བ་བཞད་པའི་བཞད་སྟངས་མ་རེད་མེ་ཏོག་འཛུམ་སྟངས་འདྲ་བ་ལ།།
དུང་སོ་ངོམ་པའི་དགོད་ཐེངས་རེ་ལ་མཚར་མཚར་ལྟད་མོ་བརྒྱད་རེ་འགི།

གཤིས་ཀ་ཡག་མོ་དེ་ཡི་སྒང་ལ་བརྩོན་འགྲུས་མེ་ལས་ཚ་བ་ལ།།
ཤེས་རབ་རྣོན་པོ་དེ་ཡི་ཐོག་ཏུ་གུ་ཡངས་མཚོ་ལས་ཟབ་པ་ལ།།
གསུང་སྐད་འཇེབས་མོ་དེ་ཡི་ཞོར་དུ་དག་གཙང་བལ་ལས་འཇམ་པ་ལ།།
ཞིབ་ཞིབ་ནན་ནན་ཇི་ཙམ་བརྟག་ཀྱང་ཉིན་བཞིན་ཇེ་དགའ་ཇེ་མགུ་རེད།།

ཁ་རྩང་ལག་རྩེད་ཕོ་ལོང་ཐང་ནས་ཏོ་ཏོ་ལྷ་མོས་ཁྱོད་ལ་ལྟ།།
ད་ནངས་འཛིན་ཁང་སྒོ་རྭའི་ནང་ནས་ཐོད་དཀར་འབྲི་མོས་ཁྱོད་ལ་སྒུག།
སྒེག་འགྲོས་ངོམ་སྟངས་བརྐུ་སེམས་མིན་ན་ཨོང་དོ་གཡུག་གིན་གཡུག་གིན་ཤོག།
མཚར་སྡུག་ལང་ཚོ་བསྡུར་འདོད་ཡིན་ན་བློ་བཟང་དབང་རྒྱལ་སྐད་ཅིག་ཐོངས།།

ང་ནི་ངོ་ཚ་སྨིན་ཐག་ཆོད་ནས་ཚུར་ལ་གཟིགས་ན་ཟ་འུ་ལངས།།
ལྕགས་ཀྱི་འབག་ཅིག་གཡར་རྒྱུ་རྙེད་ན་ཕར་ལྟ་ཚུར་ལྟ་མི་བྱེད་རེ།།
ཁྱོད་ནི་གཤིས་ཀ་ཡག་ཐག་ཆོད་ནས་ཕར་ལ་བལྟས་ན་འཛུམ་མདངས་ཕྱུངས།།
ཐིམ་ཐིམ་ནེམ་ནེམ་བརྩེ་བ་འདྲེས་ན་ཚེ་གཡོག་མགོ་ནག་མི་བྱེད་རེ།།

ཧེ་ཧེ་ལྷ་མོ་ལྷ་ཞིག་མིན་པ་སྟག་ཤར་འདི་ཚོ་བསོད་བདེ་རེད།།
ཧེ་ཧེ་ལྷ་མོ་མི་ཞིག་མིན་པ་ཁོ་བོའི་སེམས་ཀྱི་འཆར་སྒོ་རེད།།
ཧ་ཧ་ཧེ་ཧེ་ཧུ་ཧུ་འདི་ཡང་ཁྱོད་ཀྱི་དངོས་གྲུབ་རྣལ་མ་ཡིན།།
ཧོ་ཧོ་ཧི་ཧི་ཧང་ཧང་འདི་ཡང་ཁྱོད་ཀྱི་བྱིན་རླབས་དག་མ་ཡིན།།
༢༠༡༥།༡།༡༩ ས་རཱ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གྲྭ་རུ་སྦྱར།

འཁོར་བའི་མདུན་རྒྱབ།

ཚེ་ཡི་གདང་འདི་གླེགས་བམ་ནག་པོ་སྟེ།།
བོང་བུའི་རྐང་རྗེས་སྲིད་པའི་རྔམས་སུ་བསྟད།།
ཨ་ཁུ་གཤིན་རྗེ་ཁ་ངོ་ནག་པོ་མ།།
ད་ཚོད་ཚིག་པ་ཟ་ནས་རྒྱགས་ཚོད་ཡིན།།

རོ་མྱགས་འདམ་ནས་སྒུག་པའི་ཕོ་ཉ་དག།
འགྲོན་གྱི་ཤོག་བུ་རླུང་ལ་ནམ་སྐུར་ཡིན།།
མ་ཎི་མན་རྡོག་གཉེར་བ་ཨ་ཉོག་དུས།།
ང་རང་གྲུབ་ཆེན་ཡིན་པའི་ལུང་བསྟན་རྙེད།།

ཟླ་བས་ཆུ་འཁྱག་ཁྱོར་གང་སྦྱིན་པ་ཡི།།
རི་མགོ་སེ་བའི་སྒང་གཤོང་མང་མང་དེར།།
རྨི་ལམ་ཡུད་ཅིག་སྒོམ་པའི་མི་ལོ་དག།
ལས་འཕྲོ་པིར་གྱིས་གབ་བླའི་ངོགས་ལ་བཞེངས།།

ཉི་འོད་ཕྲ་མོ་ཞིག་གིས་བདས་པ་ཡི།།
བདག་གི་རྣམ་ཤེས་ལྷོ་རུ་སྤུར་བ་ཡང་།།
བགེགས་དང་བར་ཆད་མོད་པའི་གྲོག་རོང་དུ།།
བཙན་དང་གཉན་གྱིས་བསླུས་པ་ད་ཚོད་གོ།

ཤེལ་གྱི་རི་བོ་ཉལ་བའི་འདབས་ཞོལ་ན།།
འཁོར་བའི་མེ་ལོང་ངོས་སུ་ལྡིང་བ་ཡི།།
སྡོང་ལོའི་ཕང་ནས་ཟགས་པའི་འདབ་ལོ་འདི།།
ད་ནི་དུས་ཀྱི་རྟོག་འགྱུ་རྨི་ལམ་ཞིག།
༢༠༡༥།༥།༡༧


ནམ་སྨད་ཀྱི་འཇམ་ཤ།

ནམ་གྱི་སྨད་ཆ་ཡོལ་བའི་རྨི་ལམ་ངོགས།།
བདག་གི་ཁ་ངོར་འོ་ཞིག་བཞེངས་པ་ཡི།།
པན་བད་འདབས་ན་ཕྱི་སྐོར་འཁྱིལ་བ་མོ།།
ཕུག་རོན་ལྷ་མོས་ད་ཚོད་ཅི་ཞིག་རྨུགས།།

ཚེས་གསུམ་ཟླ་བའི་སྣེ་ནས་དཔྱངས་པ་ཡི།།
མེ་ཏོག་རློན་པའི་ཕྲེང་བ་ཡ་ཟུང་ཞིག།
སྤྲིན་གྱི་ཕོ་ཉས་བསྣམས་ནས་དམའ་དམའ་རུ།།
རི་བོའི་གཤའ་གཤོང་ཉུལ་ནས་གང་ཞིག་བོར།།

གསེར་འོད་ཁྱུག་ཁྱུག་འདར་བའི་རྒྱ་ཕིབས་རྩེར།།
ཟིལ་པ་ཁྲོམ་ཁྲོམ་སྒོང་བའི་ཚོས་ཀ་ནི།།
སྤྲིན་གྱི་མེ་ཏོག་འགུག་པའི་ཞགས་པ་སྟེ།།
དོ་ནུབ་ཟ་ཟིའི་ཀློང་དུ་རོལ་དབྱངས་སྦྲེངས།།

བྲང་ཁར་གླན་པའི་སྔས་ཤུབ་འཇམ་པོ་མ།།
ཚོར་ཞེང་ར་རོའི་འདམ་གྱི་བུ་རམ་ཡིན།།
དག་སྣང་ཐང་ཀའི་ངོས་ཀྱི་དགའ་མ་ཡི།།
འགྲམ་པའི་བ་སྤུ་ཉག་མ་ཉག་མར་སྡེབ།།

རྐང་གདུབ་མལ་དུ་ཟགས་པའི་ཐིངས་སྒྲ་ཡིས།།
སྒྱུ་འཕྲུལ་སྒོམ་པའི་རྨི་ལམ་བསླངས་བ་མོ།།
མེ་ལོང་ནང་དུ་འཕོངས་ཚོས་འདར་བ་ཡིས།
དྲན་པའི་ཀ་ཆེན་གནམ་གྱི་དཀྱིལ་ན་སྒྲེང་།།

༢༠༡༥།༥།༡༢

བླ་རྒན་གྱིས་སྐྲ་བཏབ་རྗེས།

ཕ་གི་རི་བོ་དེ་ཡིས་རྔ་འཚུབ་ཅི།།
ནོར་དཀྲོགས་སྦྲང་མ་ཞིག་གིས་རྨུགས་པ་འམ།།
ཟེ་བའི་སྒང་ལ་སྒུམ་བུ་འཐུ་བ་ཡི།།
འབའ་འབུ་འདི་ཚོ་ལས་ཀ་མོད་པ་ལ།།

ད་ལོ་རི་བོའི་མགོ་རུ་སྤུ་ཞིག་སྐྱེ།།
སྤུ་ཡི་རྩེ་མོ་འགའ་ཞིག་ཐུར་ལ་གུག།
རྩེ་མོ་འགའ་ཞིག་གྱེན་ལ་ཀེ་རེ་ལངས།།
སྤུ་རེའི་གདོང་ལ་ཁ་ཆུ་ཉི་ལེ་བ།།

རི་འདི་བྱིས་པ་ཡིན་དུས་ཀླད་སྒག་ཅིག།
གཉེར་མ་རེ་རེས་སྤུ་རེ་བསྣམས་འོང་བ།།
གསོ་བ་རིག་པ་ཚང་ལ་བསྟོད་སོང་ཡང་།།
ང་རང་ཁ་རོག་བསྡད་དེ་ཁེ་རུ་དགོད།།

ཆུ་མོ་ཁྱུག་ཁྱུག་རྦ་རླབས་མཐོན་པོ་མ།།
ཟེགས་མ་ཆེན་པོ་ཟུག་པའི་རྐང་རྗེས་ན།།
རི་དེའི་མགོ་ལ་སྤུ་དེ་སྦྲུམ་སོང་སྐད།།
ད་ནི་སྤུ་ཚེ་རིང་བའི་སྨོན་ལམ་ཡོད།།

སྤུ་དེ་སྐྱེ་བའི་ཉིན་མོ་ཚེ་ལོ་བརྒྱད།།
རྒས་དང་གཞོན་གྱི་ཚད་ཐིག་འཁྱོག་སོང་བའི།།
སྐྱེ་དངོས་རིག་པ་རྒད་པོའི་དངོས་གྲུབ་ལ།།
ང་རང་ཡ་ཡུད་མཚར་སྣང་སྐྱེ་སོང་ཀེ།།

གནམ་གྱི་སྤྲིན་པ་འགའ་ཞིག་ས་རུ་འོང་།།
རི་བོ་མཐོན་པོའི་སྐེ་ལ་སྐོར་བ་རྒྱག།
ཟོལ་གྱིས་རྡེབ་པའི་པར་རེ་ཁུར་སོང་བ།།
ད་ཚོད་ལྷ་མོ་དགོད་ནས་རྒྱུ་མ་ཆད།།

ན་བུན་འགའ་ཡང་ཁུག་རྣ་ཁྲིད་དེ་འོང་།།
རི་དེའི་སོག་པའི་བར་ན་འཇབ་སོང་ངོ་།།
ལྟག་ནས་བཏོག་པའི་སྤུ་ཉག་ཐོགས་ཏེ་བྲོས།།
ད་ཚོད་ཀླུ་མོ་དགོད་ནས་ཕོ་བ་གཟེར།།

རི་དེའི་སྣ་ལ་བཙན་དང་གཉན་པོ་མཆིས།།
ང་རང་འདྲེ་ལ་ཞེད་པའི་རྣམ་རྟོག་འདིས།།
ཤིང་དང་ཤུག་པའི་ཉན་རྣ་བྱེད་ས་རུ།།
སུ་ལ་མ་ཤོད་ངག་འདི་ས་མ་ཡ།།
༢༠༡༥།༥།༩

མ་ཡུམ་ས་རཱ།

དོ་ནུབ་བདག་ནི་མུན་པའི་ཕག་ཏུ་ཡིབ།།
མུན་པའི་སྔུན་ཐུ་ཚོར་བའི་འཕོངས་སུ་འགེབས།།
ལོ་མ་འཛར་བའི་དྲ་མིག་བུག་བུག་ནས།།
འཆར་ཡན་མུར་བའི་རུས་པ་ལྡེམ་ལྡེམ་འདར།།

ལམ་ཁའི་ཟར་ཟུར་དག་ན་ཧྲེང་བ་ཡི།།
མ་ཧེ་འགའ་ཞིག་རླུང་སྣོམ་སྣ་མགོ་བརྫེ།།
ཁ་ཁུ་སིམ་པའི་ལྷིང་འཇགས་རི་ངོགས་འདིར།།
བདུད་རྩི་མྱོང་བའི་རི་མོ་ད་ཚོད་འབྲི།།

མུན་པ་ཐགས་སུ་འཐག་པའི་རྨི་ལམ་གྱིས།།
པུ་ཤུའི་འདབས་ན་གཡེར་ཁའི་དྲིལ་ལྕེ་སྒུལ།།
མདའ་ཡབ་སྣེ་རུ་དཔྱངས་པའི་འཕྱང་འཕྲུལ་དག།
སྒྱུ་མའི་རོལ་དབྱངས་སྔ་ནས་རྣོ་བར་སྦྲེངས།།

འགྲམ་པའི་ངོས་སུ་ཐར་ཐོར་སྐྱེས་པ་ཡི།།
མེ་ཏོག་སོ་མའི་རུམ་ནས་གྱེས་པ་ཡི།།
ལམ་རེ་བླངས་ཏེ་མལ་རེ་འཚོལ་བ་ཡི།།
བུང་བ་ཆེ་མ་ཆུང་དག་མུན་པར་དེངས།།

བྱི་ལའི་སུ་གེ་གཡར་བའི་མྱི་ལྡོམ་འགའ།།
ལོ་མ་སྐམ་པོའི་ངུ་སྐད་འབྱིན་པར་དོགས།།
གྱ་གྱུའི་གསེང་ལམ་ཁུག་པ་གཤོང་གིན་དུ།།
ཀུ་ཤུའི་མཇིང་པ་འཚིར་གྱིན་གང་དུ་འཇབ།།

སྨག་གི་ཡོལ་བ་འདི་ཡི་གོང་བ་ན།།
ཟླ་འོད་རློན་པའི་ཁ་ངོ་བཀྲུས་པ་ཡི།།
རྣམ་ཤེས་བྱེ་བ་རུམ་པའི་མ་ཡུམ་གྱིས།།
སྟོང་འདང་གདུང་བའི་མིག་ཆུ་གང་གིས་འབྱིད།།
༢༠༡༥།༤།༨

ཡུལ་སྣང་རོག་རོག

ཐབ་ཀ་སུམ་ཚུགས་འདི་མགོ་བོ་རུག་རུག།
སྐྲ་ལོ་བྱི་བྱི་ཡིས་ཟངས་ཀྱི་ཁོག་མ།།
སྨྲ་ར་ཚོམ་ཚོམ་ཡང་གཞོབ་ནས་འཁུམ་པ།།
འགྲམ་རུས་ནག་ནག་ལ་གཡའ་རྩི་འགོས་འདུག།

ཇ་རོ་ཕང་ཕུང་ཡང་རླུང་བུས་བཏོག་ན།།
རྐང་རྡུམ་རྩ་ལོ་འགའ་མལ་དུ་ནུད་ན།།
མུན་ཆུ་རབ་རུབ་ལ་རུ་བ་བསྐྱས་སམ།།
ལ་མོ་ཉག་ཉག་འདིར་ཚ་འབོག་བརྒྱབ་བམ།།

ལྷ་བ་ཐག་ཐག་གི་མགོ་རུས་སྐམ་པོ།།
སྤུར་བའི་བྱེ་རྡུལ་གྱིས་ཕྱེད་ཀ་སྣུབ་པ།།
སྒྲོ་སྤུ་ཟད་ཟད་ཀྱི་གོ་བོ་ཡ་ཟུང་།།
བྲག་ཐོ་སྐྱ་སྐྱ་ལས་གླལ་སྒྱིང་འཐེན་གྱི།།

རླུང་ཡན་ནལ་ནལ་གྱི་སྤྲིན་པའི་ཀ་བ།།
ནུབ་ཁའི་གྲིབ་མ་ཡིས་གནམ་ལ་བཏགས་ན།།
ངོ་མདོག་ལོག་ལོག་གི་ཐལ་བ་ཤི་བོ།།
དེ་རུ་འཇུ་འདོད་ཀྱི་རྨི་ལམ་རིང་སྐད།།
༢༠༡༥།༣།༡

དམྱལ་བའི་དག་ཞིང་།

བུང་བ་བབས་ཏེ་ལོ་མ་དབྲལ་སོང་བ།།
ཟེའུ་འབྲུ་ལྡག་སྟེ་སྙིང་རྩ་སྒུལ་སོང་བ།།
མགོ་བོ་རུག་པའི་ལྡུམ་ར་གཡས་གཡོན་ན།།
མེ་ཏོག་སྦྲང་མ་དག་གི་གཤོག་ཡ་ཟགས།།

ཅི་ཞིག་བྲུས་ཏེ་སེན་ཁ་གས་སོང་བ།།
སུ་ཞིག་གྲབས་ཏེ་རྡོག་སྣ་འཐོག་སོང་བ།།
མདོག་རོ་ཤོར་བའི་མཁུ་ར་གཡས་གཡོན་ན།།
སྤུ་ཡི་ཉག་མ་དག་ཀྱང་མགོ་བོ་དིབ།།

ནམ་ཞིག་བུད་དེ་རོ་སྟོད་གཅོང་སོང་བ།།
གང་ཞིག་དྲན་ཏེ་ལག་རྒྱབ་བརླན་སོང་བ།།
མགོ་ཡུ་འཁོར་བའི་སྐས་ཐེམ་གཡས་གཡོན་ན།།
འབར་འབུར་རྡོ་བ་དག་གི་ཐོད་པ་རྨས།།

ག་ཤེད་བོར་ཏེ་ཉུག་སྣ་བྱས་སོང་བ།།
འདི་ཤེད་བྲོ་སྟེ་རྫི་རླུང་སྣོམ་སོང་བ།།
སྡོང་ལོ་འགྱོག་པའི་གསེང་ལམ་གཡས་གཡོན་ན།།
ལོ་མ་སྐམ་པོ་དག་གིས་ཅོང་སྒྲ་འབྱིན།།

མེ་ཏོག་རློན་པས་གློ་བ་དྲས་སོང་བ།།
བདུད་རྩི་བསིལ་མས་རྩ་ཁམས་ཚིག་སོང་བ།།
འགྲམ་ཡ་སྐྱོར་བའི་མ་ནེ་གཡས་གཡོན་ན།།
ལྡེམ་ལྡེམ་མཛུ་གུ་དག་གི་བརྫིས་རྗེས་དོད།།
༢༠༡༥།༤།༢༥

ཨོ་ཡོ་ཨོ་ཡོའི་དབྱངས་རྟ།

མལ་དུ་བསྙལ་བའི་ཚོར་བ་སྤར་མོ་གང་།།
ད་ནི་རྒུན་ཆང་བསིལ་མ་ལྷན་དུ་ལངས།།
ཐང་ཀའི་ངོས་ནས་འགུལ་བའི་ལྗོན་ཤིང་དག།
ལོ་མ་གསིག་ཅིང་གསིག་ཅིང་རྡེབ་ནས་འོང་།།

ལོགས་སུ་བྲིས་པའི་རི་མོ་ཆུ་བོའི་རླབས།།
གཡའ་དང་གངས་རིའི་ཟེ་ན་བྲོ་ཆེན་བརྡུང་།།
གནམ་གྱི་མཐའ་ནས་བཏབ་པའི་ཀི་རིང་ཞིག།
ཤིང་དང་ཤུག་པའི་ལྷན་དུ་བྲག་ལ་འཁོར།།

སྐར་མའི་མིག་ཆུ་དུང་བའི་མཚོ་ལ་ཟགས།།
མི་ཁའི་ཟེགས་མ་བདག་གི་གདོང་དུ་འཐེན།།
གྲང་རེག་ལྷགས་པས་འབིགས་པའི་གནམ་ངོ་འདི།།
དྷོ་ལ་དྷ་རིའི་འདབས་ཀྱི་རྨི་ལམ་ཡིན།།

འཇའ་ཚོན་བསླེས་མ་བཅིབས་པའི་ལྷ་མོ་ཞིག།
མེ་ཏོག་རྒུམ་བུ་འཐུ་བའི་མི་མོ་ཞིག།
སྨུག་པ་སེམས་དང་འདྲེས་པའི་ཁ་ངོ་འདིས།།
བསླུས་པའི་གྲངས་ཀ་སུས་ཀྱང་མི་ཆོད་སྐད།།

དེ་ཕོ་དག་ནི་ཏོང་སྒྲ་སྒྲོག་གིན་འོང་།།
ཕྱེ་མ་ལེབ་ཀྱང་འཕུར་ལྡིང་རྩེ་གིན་འོང་།།
ཀོམ་བུ་སྟན་ལ་གོར་གོར་ཉལ་བ་ཡི།།
བདག་གི་སེམས་པ་ཨོ་ཡོ་ཁྲ་ཁྱུག་ཡིན།།
༢༠༡༤།༡༡།༢༣

དུས་ཀྱིས་གཙེས་པའི་ང་།

སོལ་བའི་རླབས་ཀྱིས་སྐྱོམ་པའི་རི་བོ་དག།
གནམ་གྱི་མཐའ་ནས་གྱེན་དུ་ཀེ་རེ་ལངས།།
བོར་ནས་འཚོལ་བའི་སྤྲིན་པ་དམ་དུམ་ཞིག།
སྨིན་དྲུག་ལྷ་མོའི་མཐའ་ནས་གོར་གོར་ཆས།།

ལྒང་གཞུ་མག་མོག་འདྲེས་པའི་ནམ་གུང་ན།།
དུས་ཀྱིས་འདར་བའི་ཆུ་ཚོད་སྐར་ཆ་འཕར།།
ཕྱིར་འདེང་གཉེར་མའི་ཡུར་བ་ཆེ་མ་ཆུང་།།
རྣམ་ཤེས་ཆུ་བུར་སོབ་སྒྲ་ཆལ་མ་ཆིལ།།

མུན་པའི་ཕག་ནས་འོང་བའི་ཚག་སྒྲ་རེ།།
རྨི་ལམ་སྐྲ་ལོ་ཤེད་ཀྱིན་རླུང་ལ་རྡེབ།།
རླུན་ཡན་དྲི་བསུང་འཐུལ་བའི་ལེ་དབར་རེ།།
རྟོག་ཡན་རྒྱ་མཚོའི་རླབས་ཀྱི་རྩེ་རུ་འགྲེང་།།

བསམ་ཡན་སྒྱུ་མའི་རོལ་རྩེད་སྒེག་པ་མོ།།
ཡིན་ཡིན་མེ་ལོང་ངོགས་སུ་རྩེ་འཇོ་ངོམ།།
དབྱིངས་རིག་མ་བུ་འདྲེས་པའི་རྣལ་འབྱོར་པ།།
དབེན་པའི་རི་ལ་ཟླ་བའི་མིག་ཆུ་མྱོང་།།

ཁྱི་ལྡོམ་ཟུག་པའི་སྒྲ་གདངས་གཉོམ་གཉོམ་ཞིག།
ཁེར་རྐྱང་བྲག་རིའི་འདབས་ནས་ཚུར་ཚུར་འོང་།།
ཆར་དང་ཁ་བ་སྐམ་པའི་ནམ་གུང་ན།།
གཅིག་པུ་མཚན་ཡུག་ཕུད་དེ་གནམ་ལ་ཅེར།།

སྐར་མདའ་རེ་རེ་ནུབ་པའི་གཟུགས་བརྙན་འབུམ།།
ཤེལ་གྱི་བུམ་པ་ཆག་རོའི་གསེང་ནས་ཚོར།།
ཆུ་སྒྲོམ་མཐོན་པོར་འཛེགས་པའི་ཆུ་ཕྲན་དག།
རྐ་ལའི་སྦུབས་ནས་ཤག་ཤག་བཞུར་བ་ཐོས།།

འགྲམ་ཆང་མྱོང་བ་སིམ་པའི་ཚོར་བ་འབུམ།།
རླུང་བུ་སིབ་སིབ་རྒྱུ་བའི་མལ་ལས་བསླངས།།
མུ་འབྲེལ་འདར་བའི་དུས་ཀྱི་གཙང་པོའི་རླབས།།
ཡིད་ཁམས་སྒུལ་བའི་རྔ་ཆེན་ཡིན་པར་གོ།
༢༠༡༤།༡༠།༢༡


ན་གཞོན་སྙན་ངག་པ་སྙིང་མིག་ལགས་ནི། ཁམས་ལྷ་ཐོག་ཡུལ་དུ་སྐྱེས་ཤིང་། ཆུང་དུས་ནས་སྒྱུ་རྩལ་རྩོམ་རིག་གི་ལམ་ཁར་བསྙེགས་ཞོར་ནང་དོན་རིག་པའི་གཞུང་ལུགས་ལ་བསླབས། ༢༠༠༤ ལོར་རྒྱ་གར་དུ་འབྱོར་རྗེས་ཁམས་པ་སྒར་འབྲུག་མཐོ་སློབ་ཏུ་གཞུང་ཆེན་ཁག་ལ་ཐོས་བསམ་རྣལ་མ་བགྱིས། ༢༠༡༢ ལོར་སྙན་དེབ་ཐོག་མ་《དབྱངས་ཅན་དགྱེས་པའི་ཟུར་མིག་》བཏོན། ༢༠༡༣ ས་རཱ་མཐོ་སློབ་ཏུ་ཞུགས། སྙན་ངག་འགྲན་བསྡུར་ཐེངས་བཅུ་ཙམ་ལས་ཕུལ་བྱུང་སྙན་ངག་ཨང་དང་པོའི་གཟེངས་བསྟོད་ཐོབ་པ་མ་ཟད།ཕུལ་བྱུང་གི་སྙན་ངག་པ་ཞེས་པའི་མཚན་སྙན་ཐོབ། ༢༠༡༤ སྙན་དེབ་གཉིས་པ་《སྙུ་གུའི་རྐང་རྗེས་》བཏོན། དེ་སྔོན་ཁོང་གིས་བྲིས་པའི་སྙན་ངག་སྟོང་ཕྲག་ལས་བརྒལ། ས་རཱ་མཐོ་སློབ་ནས་ལོ་འཁོར་ཡིག་རྒྱུགས་སྐབས་རྟག་པར་ཨང་དང་པོའི་བྱ་དགའ་བླངས། ད་དུང་ཁོང་གིས་རྩོམ་བསྒྲིགས་གནང་བའི་དཔེ་དེབ་ལྔ་དང་། ད་ལྟ་སྒྲིག་བཞིན་པའི་རྒྱལ་བ་མདོ་ཁམས་པའི་གསུང་འབུམ་པོད་སུམ་ཅུ་ལོངས་པ་ཡོད།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།