MonJulMon2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

རང་གི་སྐད་ཡིག་ལ་དགའ་སྣང་འབྱུང་བཞིན་པའི་སྣང་ཚུལ་ཞིག་ཀྱང་ཡོད་པར་སྙམ།

༡་༽ ཐོག་མར་ཁྱེད་རང་གི་ལོ་རྒྱུས་མདོར་བསྡུས་ཤིག་གསུངས་རོགས་གནང་།

ལན་དུ། ཕྲན་ནི་བོད་ཆོས་ལྡན་ཞིང་ཁམས་ཀྱི་མདོ་སྨད་བླ་བྲང་ཨ་མཆོག་ཏུ་སྐྱེས་ཤིང་།ཁྱིམ་ཚང་གི་འཚོ་བ་ནི་ས་མ་འབྲོག་ཡིན་སྟབས་ཕྱུགས་འཚོ་དང་ཞིང་ལས་ཀྱི་ཉམས་མྱོང་སོགས་ད་དུང་ཡིན་ཡང་གསོན་ཤུགས་ལྡན།ཕ་དྲིན་ཆེན་ནི་ཕྱུགས་ཚོང་གིས་བྲེལ་བ་ཧ་ཅང་ཆེ་བས། རང་ཁྱིམ་དུ་དེ་ཙམ་འདུག་ཁོམ་མེད་པར་ས་གནས་གང་སར་བསྐྱོད་དགོས་ཡོད།དེར་བརྟེན་ཁོང་གིས་དགོངས་ཚུལ་ལ་ཡོན་ཏན་ཞིག་མེད་ཚེ་མི་ལུས་བླངས་པའི་རིན་ཐང་ཟད་པར་གཟིགས་ནས་མཐར་ཕྱི་ལོ་༢༠༠༠་ལོར་ཕ་མ་གཉིས་དང་།ངེད་གཅེན་གཅུང་རྣམས་ལྷ་སར་སེ་ར་དགོན་པ་དང་དེའི་ཉེ་འཁོར་དུ་འཚོ་བ་གསར་པ་ཞིག་གི་འགོ་བཙུགས་ཤིང་།ཐོག་མར་ངེད་ཕྲུ་གུ་བཞི་པོ་སློབ་གྲྭར་བཏང་འདོད་ནའང་།སློབ་སྦྱོང་གི་རྨང་གཞི་གང་ཡང་མེད་སྟབས་རྒྱ་གཞུང་གི་སློབ་གྲྭར་ཞུགས་པའི་གོ་སྐབས་རེ་ཞིག་མ་ལྡན་པར། གནས་སྐབས་རིང་ངེད་ཅག་ལ་ཕ་མས་མ་བྱན་ཞིག་དང་དགེ་རྒན་ཞིག་ཆེད་དུ་བཙལ་ཏེ།ངེད་ཅག་གཅེན་གཅུང་ཚོ་ནང་དང་རྒྱང་རིང་ས་ཞིག་ཏུ་ཁང་པ་གླས་ཏེ་ལོ་གཅིག་རིང་དུ་ལོ་རིམ་གསུམ་པའི་སློབ་གཞི་ཆ་ཚང་སྦྱང་པ་བྱས།མདོར་ན།ངེད་གཅེན་གཅུང་གསུམ་ནི་ངའི་འཛིན་གྲོགས་ཆེས་ཐོག་མ་དེ་ཡིན།དེ་ནས་ཕྱི་ལོ་༢༠༠་༡ལོར་ཨ་ཕའི་འཆར་གཞི་ལྟར་གཅེན་པོ་མགོན་པོ་དོན་གྲུབ་དང་ལྷ་མོ་སྐྱབས་གཉིས་པོ་ཕ་ཡུལ་དུ་སློབ་གཉེར་བྱ་བར་གཏོང་རྩིས་ཡོད་པས། སྐབས་དེར་ང་ཡང་འགྲོ་གི་ཡིན་ཞེས་ཉིན་རྒྱུན་ཞུ་བ་དང་ངུས་པས་ང་ཡང་ཁོང་གཉིས་དང་ལྷན་དུ་ལོ་དེ་ཡི་ཟླ་བ་ལྔ་པའི་ཚེས་ཉེར་དགུ་ཉིན་རྒྱ་གར་ཡུལ་འདིར་ཐོག་མར་འབྱོར།མཐར་ཕྱི་ལོ་༢༠༡༤ཟླ་བ་༤་ཚེས་༡ཉིན་ནས་མ་སུ་རི་བོད་ཁྱིམ་སློབ་གྲྭ་ནས་གཞི་རིམ་འཛིན་གྲྭ་བཅུ་གཉིས་མཐར་ཕྱིན་ཏེ།ལོ་དེའི་ཟླ་བ་༧ཚེས་༡ནས་ད་ལྟ་བར་མ་ཡུམ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་རང་མི་རིགས་ཀྱི་སྐད་ཡིག་ལ་སློབ་གཉེར་བྱེད་བཞིན་ཡོད་ལ།མི་རིང་བར་ཕྱི་ལོ་༢༠༡༨ཟླ་བ་༥ཚེས་༡ཉིན་ནས་རིག་གནས་རབ་འབྱམས་པ་སློབ་མཐར་སོན་རྒྱུ་དང་། དེའི་ཞོར་དུ་རྒྱ་གར་གཞུང་གི་མཐོ་སློབ་ཀྱི་དབྱིན་ཇིའི་སྐད་ཡིག་གི་ཡིག་འབྲེལ་བཏང་སྟེ་ད་ལོ་མཐར་ཕྱིན་པ་དང་དཀྱུས་གཅིག་ཏུ་འཁེལ་ཡོད།

 

༢ ༽ ད་ལྟའི་བོད་སྐད་ཡིག་གི་ཁྱབ་ཚད་སྔོན་ཆད་དང་བསྡུར་ན་ཅི་ལྟ་བུ་ཞིག་ཏུ་མཐོང་གི་ཡོད།

ལན་དུ། གནའ་སྔ་མོོ་དང་བསྡུར་ན་ཕྱོགས་མང་པོ་ཞིག་ནས་འགྱུར་ལྡོག་ཆེན་པོ་ཕྱིན་འདུག་སྙམ། གང་ལགས་ཟེར་ན་གནའ་དུས་སུ་བོད་ཀྱི་སྐད་ཡིག་ནི་བོད་ཙམ་མ་ཟད་འབྲུག་ཡུལ་དང་། འབྲས་ལྗོངས། ལ་དྭགས་སོགས་དང་། དེ་བཞིན་མི་རིགས་ལ་མཚོན་ནའང་ཤར་བ་དང་རྟ་མང་། ཡོལ་མོ། བཙུན་པ། སོག་པོ་སོགས་སུ་ཆོས་ཕྱོགས་ཀྱི་ཐོག་ནས་བོད་ཀྱི་སྐད་ཡིག་གི་བཀོལ་སྤྱོད་ནི་གཞི་གཙོ་བོར་འཛིན་སྲོལ་འདུག འོན་ཀྱང་ད་ལྟའི་ཆ་ལ་དོན་རྐྱེན་དང་གནས་སྟངས་མང་པོ་ཞིག་གིས་རྐྱེན་པས་རང་སྐད་ཡིག་གི་གནས་ཚད་དང་། རྒྱུན་ལྡན་མི་ཚེའི་འཚོ་བའི་ཁྲོད་དང་སྔར་བཞིན་རང་མི་རིགས་ཀྱི་སྐད་བརྡ་དང་ཉེ་བའི་ཐོག་ནས་ཐག་ཉེ་སོགས་བཀོལ་སྤྱོད་བྱ་རྒྱུ་ནི་ཧ་ཅང་དཀོན་པོར་གྱུར་དང་འགྱུར་བཞིན་པ་ནི་ཐག་རིང་པོ་ལྟ་མི་དགོས་པར་སོ་སོའི་ངག་ཐོག་ནས་ར་སྤྲོད་གསལ་པོ་མཐོང་གིན་འདུག འོན་ཀྱང་གྱོང་ཞིག་འཁྱེར་ན་ཁེ་ཞིག་ཅེས་པ་ལྟར་ཇི་སྲིད་བོད་མིི་རིགས་ནང་ཁུལ་ཁྲོད་དུ་དེའི་ཁྱབ་ཚད་ཉམས་ཀྱང་། རང་རེའི་དཔལ་ནཱ་ལེན་དྲའི་དམ་པའི་ཆོས་ཀྱི་གཞུང་ལུགས་ཡང་དག་སྟེ། ད་ལྟའི་ཆ་ལ་དབྱིན་སྐད་ནི་རྒྱལ་སྤྱིའི་སྐད་ཡིག་ལྟ་བུར་འགྱུར་བ་བཞིན་རང་རེའི་ནང་པ་སངས་རྒྱས་པའི་ཆོས་ཀྱང་རྒྱལ་སྤྱིའི་ཆོས་ལུགས་ལྟར་གྱུར་ཅིང་། ད་དུང་དེ་ཙམ་མིན་པར་ད་ལྟའི་དུས་རབས་ཉེར་གཅིག་གི་ཁྲོད་དུ་ཕྱིའི་བདེ་སྐྱིད་སྐྲུན་མཁན་ཡིན་ཟེར་མཁན་གྱི་ཡར་ཐོན་ཚན་རིག་དང་ལྷན་དུའང་དཔུང་པ་འདྲ་མཉམ་དུ་འགྲོ་ནུས་པ་ནི་ཆོས་ལུགས་ཀུན་ལས་དེ་ཉིད་གཙོ་བོར་གྱུར་པས་ཧི་མ་ལ་ཡ་དང་། ཨེ་ཤེ་ཡའི་མི་རིགས་བཞིན་དད་ལྡན་ཁོ་ནའི་དབང་གིས་མིན་པར་ཕྱི་གླིང་ནུབ་ཕྱོགས་པ་མང་པོས་དེའི་སློབ་གཉེར་བྱེད་རྒྱུ་ལ་སྤྲོ་བ་འཕེལ་བཞིན་ཡོད་པས་དེ་ཡང་དག་ཅིག་ཤེས་པ་ལ་བོད་པའི་སྐད་ཡིག་གཉིས་ནས་འགྲོ་ལམ་མ་མཆིས་ཚེ་རྒྱུ་རྐྱེན་དེ་དག་ལ་བརྟེན་ནས་སྔར་དང་བསྡུར་ན་བོད་ཀྱི་སྐད་ཡིག་གི་ཁྱབ་ཚད་ནི་རྒྱ་ཇེ་ཆེ་དང་གྲངས་ཚད་ཇེ་མང་དུ་འགྲོ་བཞིན་པ་དང་། རང་རེའི་སྤྱི་ཚོགས་ཁྲོད་དུའང་མགོན་པོ་གང་ཉིད་ཀྱི་བཀའ་སློབ་ལམ་སྟོན་རབ་དང་རིམ་པའི་དབང་གིས། ད་ལྟ་བཙན་བྱོལ་ཁོར་ཡུག་ལ་མཚོན་ནའང་བོད་ཀྱི་སྐད་ཡིག་ལ་དོ་སྣང་ཇེ་ཆེར་འགྲོ་བཞིན་པ་ནི་བོད་གཞུང་སྨན་རྩིས་ཁང་དང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་། ནོར་གླིང་མཐོ་སློབ། ཝ་ཎ་མཐོ་སློབ་དང་དཔེ་སྟོན་སློབ་གྲྭ་སོགས་ཀྱི་སློབ་མའི་གྲངས་ཚད་ལ་ལྟ་ཞིབ་བྱས་ཚེ། སྤྱི་ཚོགས་ཀྱི་ཁོར་ཡུག་ཆུང་ཆུང་ཞིག་ལ་ལྟོས་བཅས་ཀྱིས་དགའ་འོས་པའི་ཆ་ཡང་རྦད་དེ་མེད་པའང་མིན། དེ་ནི་སྔར་ལས་ཀྱང་རང་གི་སྐད་ཡིག་ལ་དགའ་སྣང་འབྱུང་བཞིན་པའི་སྣང་ཚུལ་ཞིག་ཀྱང་ཡོད་པར་སྙམ།

 

༣ ༽ བོད་རང་གི་ཡུལ་སྲོལ་གོམས་གཤིས་མངོན་ཐུབ་པའི་བོད་ཀྱི་སྐད་ཡིག་དེའི་མ་འོངས་པར་སྤུས་ཚད་ཇི་འདྲ་ཞིག་ཏུ་འགྱུར་གྱི་རེད་དམ།

ལན་དུ། དེ་ནི་དཔེ་ཆུང་ངུ་ཞིག་ལས་བརྗོད་ན། སང་ཉིན་གྱི་འཚོ་ཐབས་ཀྱི་དགོས་མཁོ་ནི་དེ་རིང་གི་འབད་བརྩོན་དང་། མ་འོངས་ཀྱི་ཕུགས་འདུན་ནི་ད་ལྟའི་ཉིན་རེའི་འཆར་གཞི་ཡི་ལག་བསྟར་བྱེད་སྟངས་ཀྱིས་ཁ་ལོ་སྒྱུར་སྟངས་ལ་རག་ལས་པ་བཞིན་མ་འོངས་པའི་བོད་ཀྱི་སྐད་ཡིག་གི་སྤུས་ཚད་ནི་ད་ལྟའི་མི་ཐོག་དེའི་འགན་འཁུར་དང་སྒུལ་ཤུགས། ལག་ལེན་དང་འབྲེལ་ཡོད་སྙམ། ད་ལྟའི་སྐད་ཡིག་ལ་དོ་སྣང་བྱེད་མཁན་ལྟོས་བཅས་སུ་འུར་སྣང་ཞིག་འདུག་ཀྱང་། སྤུས་ཚད་ཀྱི་ཆ་ནས་སྔར་དང་བསྡུར་ན་ཧ་ཅང་ཞན་དུ་འགྲོ་བཞིན་པའི་ཆ་ཞིག་ཀྱང་རྦད་དེ་མེད་པའང་མིན། དེ་ནི་གཙོ་བོ་ཕ་སྐད་ལ་གནད་དོན་བྱུང་བཞིན་པས་ཡིན་ངེས། ཕྱོགས་གཞན་ཞིག་ནས་བརྗོད་ན་མི་ཚང་ཞིག་ལ་ཆུང་མ་དང་བུ་ཕྲུག་ཚོའི་རང་ཉིད་ཀྱི་ཕ་རྒན་ལ་བརྩི་བཀུར་མི་ཞུ་བ་དང་། ད་ལྟའི་ང་ཚོའི་མི་དམངས་རྣམས་ཀྱིས་སོ་སོའི་གོང་མི་རྣམས་ལ་བརྩི་བཀུར་མ་ཞུས་ཚེ་ཕྱི་མི་རྣམས་ནས་མཐོང་ཆུང་དང་རིན་ཐང་སོགས་གང་ཡང་མ་སྤྲད་པའི་གནས་སུ་འགྱུར་ངེས།  དཔེར་ན། གནས་འདིར་ཡུལ་མིས་གང་བྱུང་དུ་བཀའ་ཤག་གི་ལས་ཁུངས་རྒྱལ་སྒོའི་མདུན་དུ་ཞེད་སྣང་དང་འཚེར་སྣང་གང་ཡང་མེད་པར་རླངས་འཁོར་སྣང་མེད་དུ་འཇོག་པར་བྱེད་པ་ནི་གཞན་གྱིས་རང་ཅག་གི་སྒྲིག་འཛུགས་ལ་མཐོང་ཆེན་མ་བྱས་པའི་དཔང་རྟགས་གསལ་བོ་ཞིག་ཡིན་ལ། དེ་མཚུངས་སུ་ང་ཚོའི་ཡབ་མེས་ཀྱི་སྐད་ཡིག་དང་རིག་གཞུང་ཐོག་ལའང་གང་བྱུང་དུ་དེ་ལྟར་སྣང་མེད་མ་ཤོར་བར། འགན་འཁུར་དང་དོ་སྣང་གི་ངར་གྱིས་ཁེངས་ཚེ་མི་ཐོག་འདིའི་རིང་བཀོལ་སྤྱོད་བྱེད་བཞིན་པའི་སྐད་ཡིག་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་སོགས་གསོན་པོར་གནས་བཞིན་ཡོད། དེ་ལྟར་ང་ཚོའི་ངོས་ནས་ཀྱང་མི་རབས་གསར་པ་རྣམས་ལ་བོད་མིའི་ངོ་བོ་ཚད་ལྡན་ཞིག་མཛམ་གླིང་དུ་རིན་ཐང་གནས་བབ་གལ་ཆེན་དུ་སྔར་བཞིན་འཇོག་འདོད་ན་གོང་གི་གནད་དོན་དག་ལ་ཡིད་གཟབ་དང་རྩིས་སྤྲོད་ཐུབ་པ་བྱ་དགོས་སྙམ།མདོར་ན་སྤུས་ཚད་རང་གི་ཐོག་ནས་བརྗོད་ན། ད་ལྟའི་ཕྱི་ནང་གི་ཛ་དྲག་གནས་ཚུལ་འདི་དག་ལ་སེམས་ཚེ། མ་འོངས་བོད་ཀྱི་སྐད་ཡིག་འདི་ཁ་སྐད་ཙམ་ལས་ནང་དོན་རིག་པ་དང་གསོ་བ་རིག་པའི་དོན་ཡང་དག་གི་ཐོག་ནས་དོན་གོ་མི་ནུས་པར་གྱུར་ཏེ། མཐར་ཁ་སྐད་དང་ཡིག་སྐད་གཉིས་ཀྱི་བར་ཐག་ཇེ་རིང་དུ་སོང་ནས་ཕྱིན་ཆད་མི་རབས་གསར་པ་རྣམས་ཀྱིས་རང་གི་སྐད་ཡིག་ཚད་ལྡན་ཞིག་སྦྱང་འདོད་ན། དུས་སྐབས་དེར་རང་མི་རིགས་ཀྱི་སྐད་ཡིག་ནི་མི་རིགས་གཞན་གྱི་སྐད་ཡིག་ལྟ་བུ་ཞིག་ཏུ་མཐོང་སྟེ། ཧ་ལམ་དབྱིན་ཇི་མགོ་སེར་བའི་སར་ནས་ཚུར་སློབ་གཉེར་བྱ་དགོས་པའི་དུས་ངན་ཞིག་ཤར་ལ་ཉེ་བ་ཞིག་ཚོར།

 

༤ ༽ ད་ལྟའི་བོད་ཀྱི་མཐོ་རིམ་སློབ་གྲྭ་རྣམས་ཀྱིས་རིག་གནས་སྣ་མང་སྦྱང་ཆེད་གཞན་སྐད་སྟེང་ཆེད་ལས་སྦྱོང་བ་མང་དུ་འགྲོ་བཞིན་པའི་དུས་སུ་བོད་ཀྱི་སྐད་ཡིག་ཤེས་ཚད་ཀྱིས་མ་འོངས་པར་ས་ཆ་ག་ཚོད་ཅིག་ཟིན་གྱི་རེད་དམ།

ལན་དུ། ད་ལྟའི་མཐོ་རིམ་སློབ་མ་དེ་དག་གིས་དེང་གིས་གཞན་གྱི་སྐད་ཡིག་སྟེང་རིག་གནས་སྣེ་མང་སྦྱོང་བཞིན་པ་འདི་ཡིས་བོད་ཀྱི་སྐད་ཡིག་ལ་ཕན་གནོད་ཇི་ལྟར་ཡོང་མིན་ཡང་ནན་གྱིས་བསམ་དགོས། བོད་ཀྱི་སྐད་ཡིག་འདི་བརྗོད་བྱ་བྱས་པའི་ནང་དོན་སོགས་གཙོ་བོ་ནང་ཆོས་ལས་དེང་དུས་ཀྱི་ཤེས་རྒྱ་ཚན་རིག་དང་ཚོང་འབྲེལ་སོགས་ནི་ཟུར་དུ་སྦྱང་བྱེད་ཅིག་ཡིན་པར་སྙམ། རྩ་བའི་ང་ཚོ་རྒྱལ་སྤྱིའི་ལྡིངས་ཆའི་ཐོག་གཞན་དང་དཔུང་པ་འདྲ་མཉམ་དུ་བསྐྱོད་དགོས་པ་གལ་ཆེ་ཡིན་ཡང་། མི་སུ་འདྲ་ཞིག་ཡིན་རུང་ལས་ཅི་འདྲ་ཞིག་བྱས་རུང་དང་ཐོག་རང་ཉིད་ལའང་ངོ་བོ་ཚད་ལྡན་ནམ་བྱེ་བྲག་ཁྱིམ་ཚང་ངེས་ཅན་ཞིག་ཡོད་པའི་སྒོ་ནས་གཞི་ནས་ལས་གཞན་ག་གེ་མོའི་རིགས་ལ་སྣང་བར་འཇོག་ན་ལུགས་དང་མཐུན་ཅིང་། དཔེར་ན། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་གསུངས་དོན་བཞིན། སྐད་རིགས་སྣ་མང་ཤེས་ན་བཟང་མོད་ཀྱང་། རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན། ཞེས་གསུངས་པ་ལྟར་རང་ཉིད་གཞི་རིམ་འཛིན་གྲྭ་བཅུ་གཉིས་བར་འགྲིམ་མྱོང་མཁན་དང་སྦྲགས་ནས་མངོན་སུམ་གྱི་མྱོང་ཚོར་ཞིག་བརྗོད་ན། སློབ་གྲྭ་ཁག་གི་སློབ་ཚན་ལ་རང་སྐད་དུ་བཞག་པ་ཇི་ཙམ་ཉུང་ན་དེ་ཙམ་སྐད་ཡིག་དེ་ཆེས་ཉམས་ཆག་དང་ཉེན་ཁའི་ཁ་ལོ་བསྒྱུར་བ་མཚོན་ཐུབ། དཔེར་ན། ཕྲན་འཛིན་རིམ་ལྔ་པ་བར་སློབ་ཚན་དགའ་ཤོས་ནི་བོད་ཡིག་ཡིན། རྒྱུ་མཚན་གང་ལགས་ཟེར་ན་དབྱིན་ཇིའི་སློབ་ཚན་མ་གཏོགས་གཞན་ཨང་རྩིས་དང་། སྤྱི་ཚོགས་ཚན་རིག ཚན་རིག་བཅས་ནི་རང་སྐད་དུ་སྦྱོང་དུ་ཡོད་པས་ཡིན། འོན་ཀྱང་འཛིན་རིམ་དྲུག་པ་ནས་རྩིས་པར་བོད་ཡིག་སློབ་ཚན་ཁོ་ནའི་དུས་སུ་མ་གཏོགས་གཞན་ཆབ་སྲིད། ཚན་རིག ལོ་རྒྱུས། ཨང་རྩིས། གློག་ཀླད། ས་ཁམས་རིག་པ། དཔལ་འབྱོར་རིག་པ་སོགས་ནི་དབྱིན་སྐད་ཐོག་ཡིན་པས་རང་རེའི་བོད་ཀྱི་སྐད་ཡིག་ནི་བྱེ་བྲག་ལྟ་བུར་གྱུར་འགྲོ་བ་དང་། དབྱིན་སྐད་སོགས་གཞན་གྱི་སྐད་ཡིག་རྣམས་ནི་སྤྱིའམ་འགངས་ཆེན་དུ་འགྱུར་འགྲོ་སྟབས། ཕྱིས་སུ་རང་ཉིད་མཐོ་སློབ་གང་འདྲ་ཞིག་ཏུ་བསྐྱོད་ཀྱང་རང་ཉིད་ཀྱི་མི་ཚེའི་ཕུགས་འདུན་གྱི་གདམ་གའི་སློབ་གཞི་དེ་ནི་རང་མི་རིགས་ཀྱི་སྐད་ཡིག་དང་འབྲེལ་ཡོད་ཅིག་འདེམས་དགོས་བསམ་ཡང་། དུས་སྐབས་དེར་རྒྱལ་སྤྱིའི་འགྱུར་འགྲོས་ཀྱི་དབང་གིས་ཕྱོགས་གང་ཅིའི་ཐད་ནས་རང་མི་རིགས་ཀྱི་སྐད་ཡིག་དང་འབྲེལ་ཡོད་ཀྱི་སློབ་ཚན་ཞིག་འདེམས་རྒྱུ་ནི་ཧ་ཅང་གིས་དཀའ་བར་གྱུར།

༥ ༽ དེང་དུས་བོད་མི་འགའ་ཤས་ནས་ཡུལ་གྲུ་གཞན་གྱི་སྐད་ཡིག་ཤེས་ན་བོད་ཀྱི་སྐད་ཡིག་ཤེས་མི་དགོས་ཚུལ་ཤོད་མཁན་ལ་དགོངས་ཚུལ་གང་ཡོད།

ལན་དུ། དེ་ནི།ད་ལྟར་བསམ་པར་རིགས་གཉིས་དབྱེ་རྒྱུ་ཡོད་པར་སེམས།དེ་ཡང་ལ་ལས་རང་གི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་ཁོར་ཡུག་ཁྲོད་དུ་འཚར་ལོངས་བྱུང་ཟིན་པའི་གང་ཟག་བྱེ་བྲག་པ་ཞིག་གི་དེ་ལྟར་དགོངས་ན་གྲོད་པ་ནང་ལྟས་དང་བློ་ཕྱི་ལྟས་དང་དེ་འདྲའི་རིགས་སུ་གྱུར་བ་ནི་རང་ངོ་རང་ཤེས་དང་རང་འགན་རང་འཁུར་མ་འཁྱེར་བས་མི་རིགས་དང་རྒྱལ་ཁབ་ཅིག་གི་ངོས་ནས་བརྗོད་ན་ཕོག་གཟན་ཙམ་ལས་གཞན་མ་འདས་སོ།།ཡང་གཅིག་ཤོས་ནི་རིགས་དང་རུས་པ་བོད་པ་གཙང་མ་གཙང་རྐྱང་ཡིན་རུང་དེའི་འཚར་ལོང་འབྱུང་སའི་ཁྱིམ་ཚང་དང་ཉེ་འཁོར་སོགས་སུ་རང་མི་རིགས་ཀྱི་སྐད་ཡིག་ལ་འགན་འཁུར་རམ་སློབ་གཉེར་བྱ་རྒྱུའི་གོ་སྐབས་ཕྲ་མོ་ཙམ་ལས་མི་ལྡན་ཚེ།སླད་རང་ཉིད་སྤྱི་ཚོགས་ཁྲོད་དུ་བསྐྱོད་སྐབས་རང་ཉིད་བོད་མི་ཡིན་པའི་ངོ་བོ་ལས་རྣམ་དབྱེ་གསུམ་པའི་ཕྲད་དང་མི་ལྡན་ཀྱང་དེ་ལ་གུ་ཡངས་གཏོང་ས་ཞིག་ཡོད་པར་མཐོང་།མདོར་ན།དེ་ནི་ནོར་འཁྲུལ་ཞིག་སྟེ།གནས་སྐབས་ཀྱི་རང་ཉིད་དང་ཉེ་བའི་སྤྱི་ཚོགས་གཞན་གྱིས་འདུ་ཤེས་བསྒྱུར་བའི་བསླུ་བྲིད་ཅིག་རེད་སྙམ།དེ་མིན་དེ་དག་རིགས་མིན་ཕྱིན་ཆད་ནི།ཐོབ་པའི་ཕན་ཡོན་ལ་གཏིང་ཚུགས་པའི་གོ་བ་མ་རྙེད་པར་རང་མཚང་དམར་རྗེན་དུ་བསྟན་པ་རང་དང་།མི་ཚོགས་དེ་དག་གིས་ཐུབ་པར་བྱ་རྒྱུ་དེ་ལྟོ་གོས་ཙམ་ལ་སེམས་པ་ལས་ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན་བཅས་སོགས་ཀྱི་དོན་ལ་མ་སེམས་པའི་སྐྱོན་དུ་མངོན།རང་ཉིད་ཀྱང་རང་གི་སྐད་ཡིག་ཐོག་ལ་བྱང་ཚད་ཧ་ཅང་ཆུང་རུང་དེ་ལ་མཐོང་ཆུང་དང་ཁྱད་གསོད་རིགས་མི་བྱེད་པར།ད་དུང་རྒྱ་གར་མཐོ་སློབ་ཏུ་བསྐྱོད་ཆོག་པའི་བརྒྱ་ཆ་ཟིན་ཀྱང་། རང་ཉིད་ཀྱི་སྐད་དང་ཡི་གེའི་དུང་ཞེན་མ་བརླག་པའི་ཚུལ་དུ་བོད་ཀྱི་མཐོ་སློབ་འདི་ལྟ་བུར་ཞུགས་པའི་སློབ་སྦྱོང་གི་ཁ་ཕྱོགས་བསྒྱུར་བ་ཡང་མི་རིགས་དགོས་མཁོ་ཞིག་དང་། མི་རང་ཉིད་ཀྱི་མི་ཚེའི་རིན་ཐང་ཞིག་ཀྱང་ཡིན་པས། འདི་ལྟར་འདུ་ཤེས་ཀྱི་ལས་དབང་རང་གི་སྐད་དང་ཡི་གེར་སྔར་བཞིན་དམ་དུ་སྦྲེལ་ཐུབ་པ་ནི་དགོས་པའི་ཁ་ཕྱོགས་ཤིག་ཏུ་འདོད།

༦ ༽ མ་འོངས་བོད་ཀྱི་མི་རབས་གསར་པ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་ཆེ་མཐོང་ག་ཚོད་ཅིག་སྤྲོད་ཀྱི་རེད་བསམ།

ལན་དུ། འདི་ནི་གོང་གི་སྤུས་ཚད་སྐོར་གླེང་བྱུང་བ་དང་འདྲ་པོ་འདུགདེ་ནི་གཙོ་བོ་ད་ལྟའི་མི་རབས་ཚོས་རང་གི་སྐད་ཡིག་རྒྱ་བསྐྱེད་དང་བདག་གཉེར།དེ་ལས་ཀྱང་གལ་གནད་ཅིག་ནི་ཉིན་རེའི་འཚོ་བའི་ཁྲོད་དུ་རྒན་གཞོན་བར་གསུམ་དང་གནས་རིམ་མཐོ་མཐའ་བར་གསུམ་ཕན་ཚུན་བཀའ་མོལ་སོགས་གནང་སྐབས་ཇི་ཙམ་གྱི་སྐད་ཡིག་དང་བརྡ་སྤྲོད་པའི་གཞུང་ལུགས་དང་མཐུན་པའི་སྒོ་ནས་བཀོལ་སྤྱོད་བྱེད་ཕྱོགས་ལ་རག་ལས་ཡོད་སྙམ།

 

༧ ༽ བོད་ཀྱི་སྐད་ཡིག་གཞི་རྒྱ་ཆེ་རུ་གཏོང་དགོས་པ་ཡིན་ན་ཁྱེད་རང་ལ་ཐབས་ལམ་ཅི་ཞིག་ཡོད།

ལན་དུ། གཅིག་ནས་གཞན་གྱི་སྐད་ཡིག་ཁྲོད་ཀྱི་ཤེས་རྒྱ་དང་གཞུང་ལུགས་སྣ་མང་བསྒྱུར་རྒྱུ་དང་། གཉིས་ནས་རང་གི་སྐད་ཡིག་ཨང་དང་པོར་བཞག་སྟེ་སློབ་གཉེར་དང་ཉིན་རེའི་འཚོ་བའི་ཁྲོད་དུ་རྒྱུན་བཀོལ་དུ་འགྱུར་རྒྱུ་དེ་ཡིན། གསུམ་ནས་གཞུང་དང་མི་སྣ་གལ་ཆེན་རྣམས་ནས་གཞུང་འབྲེལ་དང་། གཞུང་འབྲེལ་མ་ཡིན་པའི་ལས་འགུལ་སོགས་དང་། ཟ་ཁང་། ཚོང་ཁང་སོགས་སུའང་རང་ཉིད་ཀྱི་སྐད་དང་ཡི་གེ་ཚེ་སྲོག་མངོན་ཐུབ་པར་འབད་དགོས་པར་མ་ཟད། དེ་ལྟར་སྤྱི་ཡོངས་ནས་ཀྱང་མི་རིགས་ཀྱི་འདུ་ཤེས་ཆིག་སྒྲིལ་གྱིས་རང་སྐད་དུ་སྤྱོད་རྒྱུ་ལ་འབད་བརྩོན་བྱ་རྒྱུའི་རིན་ཐང་དང་ཆེ་མཐོང་བྱུང་ན། རིམ་གྱིས་བུང་བ་མངར་ལ་ཆགས་པ་བཞིན་མི་རབས་གསར་པ་ཚོས་འཛམ་གླིང་ལ་འཕོ་འགྱུར་དང་དངོས་པོ་ཡར་རྒྱས་ཇི་ཙམ་འགྲོ་བཞིན་ཡོད་ནའང་རང་གི་འཚོ་བའི་ཁྲོད་དུ་བོད་ཀྱི་སྐད་ཡིག་ནི་རང་ཉིད་ཀྱི་གྲིབ་གཟུགས་ལྟར་གྱུར་ནས་དེ་ལ་ལ་ཞེན་དང་རིན་ཐང་མངོན་ངེས་སེམས།

འདི་ལྟར་བྲིས་པ་ནི་སློབ་མའི་འཚོ་བའི་ཁྲོད་ཀྱི་བསམ་གཞིགས་ཐན་ཐུན་ཙམ་ཚོར་བར་བརྒྱུས་ཤིང་བརྗོད་པ་ལས། དེ་ནི་གནས་ལུགས་དང་གནད་དོན་ཐག་གཅོད་ཀྱི་བསམ་ཚུལ་གང་ཡང་མིན་ནའང་། རང་ཉིད་ཀྱི་ཤ་ཞེན་བོད་ལ་དཀར་བའི་བརྡ་ཙམ་འཕྲོད་པའི་ཕྱིར་དུ་ཡི་གེ་འདི་ཉིད་རྒྱུགས་ཀྱི་བར་གསེང་ཕྲ་མོ་རེ་རེ་ནས་ལན་དུ་གདབ་པ་ཙམ་ཡིན།

ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༦ རེས་གཟའ་ཉི་མའི་ཉིན་མ་ཡུམ་ས་རཱ་མཐོ་སློབ་ནས་སྨྱུག་མིང་ཞི་བདེའི་ས་བོན་ནས་བྲིས།

 

རྩོམ་སྒྲིག་པ།  སྒྲེ་བོ།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།