TueSepTue2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

འདི་ནི་བོད་སྐད་ཡིག་གི་ནང་ཤོང་རྒྱ་ཇེ་ཆེ་ལ་གཏོང་ཐབས་གཞན་ཞིག་རེད།

རྩོམ་རིག་མེ་ལོང་གི་ངོས་ནས་བོད་ཀྱི་སྐད་ཡིག་གི་རིན་ཐང་ངོས་འཛིན་གྱིས་མ་འོངས་རྒྱུན་འཁྱོངས་བྱ་ཐབས་དང༌། ལྷག་པར་དུ་བོད་ཀྱི་སྐད་ཡིག་གི་སྤུས་ཚད་གོང་མཐོར་དང་སྐད་ཡིག་གི་ཁོར་ཡུག་གཞི་ཁྱོན་ཇེ་ཆེར་ཡོང་ཐབས། དེ་བཞིན་མི་རབས་གསར་པ་རྣམས་ལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བདག་གཅེས་ཡོང་ཐབས་སོགས་ཀྱི་ཐོག་རྩོམ་པ་པོ་སྨུག་པ་སྒྲོལ་མ་ལགས་སུ་བཅར་འདྲི་ཞུས་པ་གཤམ་བཀོད་ཡོད་པས་གཟིགས་ཞིབ་གནང་འཚལ། ༡  ༽ ཁྱོད་རང་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

ལན། ང་ཡི་དངོས་མིང་ལ་དགེ་འདུན་དཔལ་མོ་དང་སྨྱུག་མིང་ལ་སྨུག་པ་སྒྲོལ་མ་ཟེར།  ཕྱི་ལོ་1998ལོར་ཨོ་ཐོག་ཅེས་པའི་འབྲོག་སྡེ་ཞིག་ཏུ་སྐྱེས། ལོ་ངོ་ལྔ་ཙམ་ནས་སློབ་གྲྭར་བསྐྱོད་དེ་ད་ལྟའི་བར་སློབ་ཆུང་དང་སློབ་འབྲིང་འགྲིམ་ཟིན་པ་དང་སློབ་ཆེན་བསྐྱོད་མུས་ཡིན་ལགས།   ཆུང་དུས་ང་ཡི་ཉེ་འཁོར་ན་བོད་སྐད་ཡིག་གི་ཁོར་ཡུག་ཆུང་རྒྱུ་མེད་ཀྱང་།   ངེད་ཚང་ལ་ད་བར་སློབ་གྲྭ་འགྲིམ་མཁན་གུས་མོ་མ་གཏོགས་མ་བྱུང་བས།   ང་ལ་མཚོན་ན་བོད་སྐད་ཡིག་གི་ཁོར་ཡུག་དམིགས་བསལ་བ་དེ་འདྲ་གང་ཡང་ཐོབ་མྱོང་མེད།  རེད་ཀྱང་།  སྟེས་དབང་དང་ལས་དབང་གང་ཞིག་གིས་ང་རང་བོད་སྐད་ཡིག་གི་དར་རྒུད་ལ་འབྲེལ་བ་ཡོད་པའི་མི་ཞིག་ཏུ་སྐྱེས་པ་ན།  ང་རང་དེ་ལ་འདུ་ཤེས་ཁྱད་པར་བ་ཞིག་བཅོས་མིན་གྱི་ཡོད་དོ།།

༢ ༽ ད་ལྟའི་བོད་སྐད་ཡིག་གི་ཁྱབ་ཚད་སྔོན་ཆད་དང་བསྡུར་ན་ཅི་ལྟ་བུ་ཞིག་ཏུ་མཐོང་གི་ཡོད།

ལན། ད་ལྟའི་བོད་སྐད་ཡིག་གི་ཁྱབ་ཚད་སྔོན་ཆད་དང་བསྡུར་ན་རྦད་དེ་ཇེ་ཆེ་ཕྱིན་ཡོད།  གང་ལགས་ཞེ་ན། སྔོན་ཆད་བོད་ཀྱི་སྐད་ཡིག་གཉིས་ལས་ཡིག་གེ་ནི་དོན་གྱི་ཆོས་ལུགས་ཀྱི་ཁྱབ་ཁོངས་སུ་ཡོད་པ་ལྟ་བུ་ལས།   ད་ལྟ་ནང་བཞིན་ཆབ་སྲིད་དང་རིག་གནས།  ཚོང་ལས་སོགས་སྤྱི་ཚོགས་རང་བཞིན་གྱི་ནུས་པ་ཞིག་གཏན་ནས་མེད་པའམ་ཡོད་མི་རུང་བ་ཞིག་ཏུ་བརྩི།   ད་ལྟར་མཚོན་ན་བོད་སྐད་ཡིག་གཉིས་ལས་ཡིག་གེ་ནི་སྔར་གྱི་ཆོས་ལུགས་ཀྱི་ཁྱབ་ཁོངས་ཙམ་ལས་བདའ་སྟེ།  རྒྱལ་ཕྱི་ནང་གི་ཞིབ་འཇུག་པ་དང་ཨེ་ཤ་ཡའི་རིག་གནས་ཞིབ་འཇུག་གི་མ་ཁོག་ཆེན་པོ་ཞིག་བཟུང་ཡོད།  མ་ཟད།  བརྡ་འཕྲིན་རང་བཞིན་གྱི་སྐད་ཡིག་ཅིག་ལ་འགྱུར་བཞིན་ཡོད།  གང་ལྟར།  སྔར་དང་མི་འདྲ་བའི་སྐད་ཡིག་གི་སྤྱོད་སྒོ་སྤྱི་ཚོགས་རང་བཞིན་དུ་གྱུར་ཡོད་པས།  སྐད་ཡིག་བེད་སྤྱོད་གཏོང་མཁན་གྱི་མི་འབོར་དང་ལམ་ཁ་སོགས་སྔར་ལས་བརྒྱ་ཆ་ལྡབ་འགྱུར་གྱིས་ཇེ་ཆེ་ཕྱིན་མེད་དམ་སྙམ།

༣  ༽ བོད་རང་གི་ཡུལ་སྲོལ་གོམས་གཤིས་མངོན་ཐུབ་པའི་བོད་སྐད་ཡིག་འདི་མ་འོངས་པར་སྤུས་ཚད་ཇི་འདྲ་ཞིག་ཏུ་འགྱུར་གྱི་རེད།


ལན། བོད་རང་གི་ཡུལ་སྲོལ་གོམས་གཤིས་མངོན་ཐུབ་པའི་བོད་སྐད་ཡིག་འདི་མ་འོངས་པར་སྤུས་ཚད་ཇི་འདྲ་ཞིག་ཏུ་འགྱུར་གྱི་རེད་ཅེས་ན།  ང་ཡིས་སོམ་ཉི་ཅི་ཡང་མེད་པར་སྤུས་ཚད་ཇེ་ཡག་ཏུ་འགྲོ་བར་ཡིད་ཆེས་རྨང་ནས་ཡོད། 
ཅིའི་ཕྱིར་ཞེས་ན།  གོང་སྨྲས་བཞིན་བོད་སྐད་ཡིག་ནང་དུ་སྔར་ལས་ལྷག་པའི་རིག་ཚན་གསར་བ་མང་པོ་ཞིག་བྱུང་ཡོད།  དཔེར་ན།  གལ་ཏེ་བོད་སྐད་ཡིག་གཞུང་ལམ་ཞིག་ཡིན་ན།  སྔ་མ་དེའི་སྟེང་དུ་འབོར་ཉུང་བའི་རླངས་འཁོར་དང་དེ་དག་གི་སྤྱོད་སྒོ་གཅིག  མགྱོགས་ཚད་གཅིག  ཁ་དོག་གཅིག  ཆེ་ཆུང་གཅིག་ཡིན་པ་ཁོ་ན་གཤར་བཞིན་ཡོད།  ད་ལྟ་དེ་ལས་ལྡོག་སྟེ་འབོར་མང་བའི་རླངས་འཁོར་སྣ་ཚོགས་བསྐྱོད་བཞིན་ཡོད།  མ་འོངས་པ་ཡང་རླངས་འཁོར་དེ་ལས་མང་བ་དང་སྤྱོད་སྒོ་མི་གཅིག་པ།  མགྱོགས་ཚད་མི་གཅིག་པ་ཇེ་མང་ཡིན་ངེས་རེད།  སྤྱིར་སྐད་ཡིག་གི་སྤུས་ཚད་ཟེར་བ་དེ་སྐད་ཆ་གཉིས་པ་རེད།  སྐད་ཡིག་ཅིག་ལ་མཚོན་ན་ཆེས་གལ་འགངས་ཆེ་བ་ནི་སྐད་ཡིག་གང་དེ་བེད་སྤྱད་མཁན་གྱི་མི་འབོར་མང་དགོས་པ་དེ་རེད།  དེ་འཐུས་སྒོ་ཚང་སོང་ན་རིམ་གྱིས་སྐད་ཡིག་གི་གྲལ་རིམ་ཞིག་དེའི་སྟེང་ནས་བྱེས་ཡོང་གི་རེད།  དེར་བརྟེན།  བོད་སྐད་ཡིག་བེད་སྤྱོད་གཏོང་མཁན་སྔར་ལས་ཇེ་མང་དུ་ཕྱིན་ན་དེའི་སྟེང་ན་རང་བཞིན་གྱི་སྐད་ཡིག་སྤུས་ཚད་ཅིག་ལོངས་བསྡད་ཡོད་པ་རེད།


༤ ༽ ད་ལྟའི་བོད་ཀྱི་མཐོ་རིམ་སློབ་གྲྭ་རྣམས་ཀྱིས་རིག་གནས་སྣ་མང་སྦྱང་ཆེད་གཞན་སྐད་སྟེང་ཆེད་ལས་སྦྱང་བ་མང་རུ་འགྲོ་བཞིན་པའི་དུས་སུ་བོད་སྐད་ཡིག་གི་ཆུ་ཚད་ཀྱིས་མ་འོངས་པར་ས་ཆ་ག་ཚོད་ཅིག་ཟིན་གྱི་རེད།

ལན། ང་ཡིས་དྲི་གཞི་འདི་མཐོང་འཕྲལ་སེམས་སུ་ཉེན་ཁ་ཞིག་ཐོལ་གྱིས་བྱུང་།  རྒྱུ་མཚན་བོད་ཀྱི་སློབ་ཆེན་པས་ཆེད་ལས་མང་པོ་གཞན་སྐད་སྟེང་སྦྱོང་གི་ཡོད་པས་རེད།   རེད་ཀྱང་།  འདང་ཞིབ་མོ་བརྒྱབ་ན་གནད་དོན་དེ་སྐད་ཡིག་གི་འཕེལ་རིམ་ལ་མཚོན་ན་ཡོད་འོས་པ་ཞིག་རེད།  སྤྱིར་ན་རྒྱལ་ཁབ་གང་གི་སྐད་ཡིག་གང་འདྲ་ཞིག་ཡིན་ཡང་ཐོག་མ་ནས་དེའི་ནང་དུ་ཆེད་ལས་མང་པོ་ཡོད་བཞག་པ་ཞིག་གཏན་ནས་མེད་མོད།  ཆེད་ལས་གང་དེ་བརྒྱུད་མྱོང་བའི་མི་རྣམས་ཀྱིས་ཅིས་ཀྱང་ཆེད་ལས་གང་དེ་རང་ཉིད་གང་ལ་གཏོགས་པའི་སྐད་ཡིག་གང་དེར་ཕབ་རྒྱུ་དེ་རེད།  གནད་དོན་འདི་ལ་ད་ལྟ་གཞན་སྐད་སྟེང་ནས་ཆེད་ལས་སྦྱོང་བཞིན་པའི་མི་རྣམས་ཀྱིས་འདང་རྒྱག་དགོས་པ་དེ་རེད།  ཆེད་ལས་མི་སྣ་སྔོན་སོང་ཐོག་ཆེད་ལས་གང་དེ་བོད་སྐད་དུ་ཕབ་དགོས་པ་གནད་དོན་ཞིག་རེད།  འདི་ནི་བོད་སྐད་ཡིག་གི་ནང་ཤོང་རྒྱ་ཇེ་ཆེ་ལ་གཏོང་ཐབས་གཞན་ཞིག་རེད།  དེ་ལྟར་མ་བྱས་ན་བར་སྟོང་ཞིག་བྱེས་འདུག  བར་སྟོང་དེ་དྲི་བ་འདིའི་ནང་དུ་གཙོ་བོ་བྱས་ནས་གསལ་འདོན་གནང་འདུག་མོད།  རེད་ཀྱང་།  ངེད་ཀྱིས་འདི་རེད་ཅེས་དྲི་བ་དེ་ལ་ལན་གསལ་བོར་ཞིག་བསྙད་རྒྱུ་མེད་ཀྱང་བོད་རིགས་སུ་ཞིག་གིས་གཞན་སྐད་ནས་ཆེད་ལས་སྦྱངས་ཟིན་དུས་ཆེད་ལས་དེའི་མ་རྐང་བོད་སྐད་ལ་ཕབ་པར་སེམས་ཁུར་བྱ་དགོས་པ་གནད་དོན་དུ་ཁུམས།

༥  ༽ དེང་དུས་བོད་མི་འགའ་ཤས་ནས་ཡུལ་གྲུ་གཞན་གྱི་སྐད་ཡིག་ཤེས་ན་བོད་ཀྱི་སྐད་ཡིག་ཤེས་མི་དགོས་ཚུལ་ཤོད་མཁན་ལ་དགོངས་ཚུལ་གང་འདྲ་ཡོད།

ལན།གལ་ཏེ་བོད་མི་ཡིན་པ་གང་ཞིག་ལ་ཡུལ་གཞན་གྱི་སྐད་ཤེས་ན་བོད་རང་གི་སྐད་ཡིག་མ་ཤེས་ན་འགྲིག་ཚུལ་ཤོད་མཁན་ཡོད་ན་གཏན་ནས་ནོར་བ་རེད།   དེ་ནི་སྐད་ཡིག་དང་མི་རིགས་སོགས་ཀྱི་བླ་མེད་ཀྱི་གལ་ཆེ་རང་བཞིན་དེ་མ་ཤེས་པས་ལན་པ་རེད།  ནོར་འཁྲུལ་དེའི་འབྱུང་ཁུངས་ནི་སློབ་གསོ་ཟེར་བ་ལས་བྱུང་བ་རེད།   དེ་ཡང་ཕ་མའི་སློབ་གསོ་དང་དགེ་རྒན་སློབ་གསོ།  སྤྱི་ཚོགས་སློབ་གསོ་སོགས་ཀྱིས་མ་འདང་བས་རེད།  དེར་བརྟེན་མི་ཡིན་ཡང་མིའི་འདུ་ཤེས་བརླག་སོང་ན་སྐབས་འཕྲལ་གྱི་གལ་ཆེན་རང་བཞིན་ལས་དེའི་ཕུགས་རྩ་ཟེར་བ་ཞིག་ལ་འདང་རྒྱག་གི་མ་རེད།  སྤྱིར་དཔལ་འབྱོར་གྱི་དུས་རབས་འདིའི་ནང་དུ་རང་སྐད་ཡིག་ལས་གཞན་གྱི་སྐད་ཡིག་ལ་བརྟེན་ནས་འཚོ་བ་ཕུགས་སུམ་ཚོགས་པ་ཡོང་གི་ཡོད་ཀྱང་།   དེའི་མཐར་ཐུག་ནི་ཧ་ལས་པའི་ཉེན་ཁ་ཞིག་ཡིན་པ་རེད།   དཔལ་འབྱོར་ཁོ་ནའི་རྗེས་སུ་འབྲང་བའི་མི་དག་གི་ཀླད་པར་ནམ་ཡང་དེའི་རིགས་མ་གཏོགས་ཤར་རྒྱུ་མེད་ན་འཛམ་གླིང་གི་དཔལ་འབྱོར་རིག་གཞུང་དང་ཡང་འགལ་བསྡད་ཡོད་རེད།  གང་ལྟར།  སྐད་ཆ་དེ་རིགས་ཤོད་མཁན་གྱི་གྲོགས་པོ་གྲོགས་མོ།  ཉེ་གནས་གང་ཡང་མེད་མོད།  དེའི་རིགས་བླུན་པོ་ཟེར་བ་དེ་རེད་སྙམ།

༦  ༽ མ་འོངས་བོད་ཀྱི་མི་རབས་གསར་བ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་ཆེ་མཐོང་ག་ཚོད་ཅིག་སྤྲོད་ཀྱི་རེད་བསམ།

ལན། དྲི་བ་འདིའི་རྒྱབ་ན་གནད་དོན་གཞན་ཞིག་བསྐུང་ཡོད་པ་རེད།  དེ་གང་རེད་ཅེས་ན།  སློབ་གསོ་ཟེར་བ་རེད།  སྤྱིར་མི་ཟེར་བ་འདིའི་ནང་རྫོང་ངམ་ནང་བསམ་པ་སྐྱེས་སྲིང་བྱེད་མཁན་ནི་སློབ་གསོ་རེད།  སློབ་གསོ་ཟེར་བ་དེ་འཁྱུག་པའམ་ལྡང་ངེས་མ་བྱུང་ན།  རང་བཞིན་གྱིས་མི་ཟེར་བ་དེ་ཡང་འཁྱག་འགྲོ་བ་དང་ཚད་མ་ལོངས་པ་ཞིག་ཏུ་འགྱུར་འགྲོ་རེད།   དེ་བས་མ་འོངས་བོད་ཀྱི་མི་རབས་གསར་པ་ཚོས་བོད་སྐད་ཡིག་ལ་མཐོང་ག་ཚོད་སྤྲད་མིན་ནི་མི་རབས་གསར་དེ་དག་ལ་སློབ་གསོ་ག་ཚོད་ཐོབ་མིན་ལ་རག་ལས་ཡོད་རེད།   སློབ་གསོ་ག་ཚོད་ཐོབ་མིན་ཟེར་བ་དེ་མཐར་གཏུགས་ན་ད་ལྟ་བའི་བོད་ཀྱི་གཞོན་ནུ་རྣམས་ཀྱི་ཕྲག་ན་ཡོད་པའི་འགན་འཁྲི་ཞིག་རེད།  དེ་བས་སྤྱིར་བོད་ཀྱི་སྐད་ཡིག་ལ་མཚོན་ན་དུས་ཚོད་ཀྱི་ངོས་ནས་ད་ལྟ་བ་དང་མི་རབས་ཀྱི་ངོས་ནས་ད་ལྟའི་མི་རབས་འདི་ཤིན་ཏུ་ནས་ཀྱང་གལ་འགངས་ཆེ་བ་ཞིག་ཡིན་རེད།

༧ ༽བོད་ཀྱི་སྐད་དང་ཡི་གེ་གཞི་རྒྱ་ཆེ་རུ་གཏོང་དགོས་པ་ཡིན་ན་ཁྱོད་ལ་ཐབས་ལམ་ཅི་ཞིག་ཡོད།

ལན། ང་ཡི་བསམ་ན་ང་ཚོ་ཀུན་གྱིས་དེའི་ཕྱོགས་ལ་ལས་ཀའམ་གཞོག་འདེགས་བྱ་དགོས་ས་ཞིག་འདུག   དེ་སླ་བོ་ཞིག་ཀྱང་རེད།དེ་གང་རེད་ཅེས་ན།དེང་སང་ལྷམ་དང་དོར་མ་སོགས་སུ་བོད་ཡིག་བྲིས་ནས་འཚོང་འགྲེམ་བྱེད་སྲོལ་ཞིག་འདུག  ཡིན་ཡང་།  བོད་མི་མང་པོས་བོད་ཡིག་འདི་ཆོས་དང་འབྲེལ་བ་ཆེ་ཚུལ་སོགས་གླེང་ནས་བོད་ཡིག་ས་ཁྱབ་རྡོ་ཁྱབ་ལ་འགྲོ་བར་བཀག་འགོག་རྒྱ་ཆེན་པོ་བྱེད་བཞིན་འདུག  དེའི་ཚབ་ཏུ་ང་ཚོས་རྒྱབ་སྐྱོར་བྱས་པ་ཡིན་ན་དགེ་ཚན་དེ་ལས་ཆེ་བ་ཡོད་རེད།  སྐད་ཡིག་ཟེར་བ་དེ་གང་ས་གང་དུ་བྲིས་ཡོད་ན་དེ་ལ་ནུས་པ་ཞིག་ཡོད་པ་དང་སྤྱོད་སྒོ་ཞིག་ཡོད་པ་མཚོན་ཐུབ་ཀི་ཡོད་རེད།  ང་ཡིས་དེའི་ཕྱོགས་ལ་བཤད་འདོད་པའམ་དྲི་བ་ལྟར་ངའི་ཐབས་ལམ་དེ་བོད་ཡིག་འདི་ཉིད་ས་ཁྱབ་རྡོ་ཁྱབ་གཏོང་བའི་ལམ་དང་གཏོང་མཁན་ལ་གེགས་མི་བྱེད་རྒྱུ་རེ་བ་དང་ཐབས་ཤེས་གཅིག་ཀྱང་རེད། མཐར་བོད་གཞིས་བྱེས་གཉིས་ཀྱི་གཞོན་ནུ་རྣམས་ཀྱིས་སྙིིང་ཁོང་ནས་བོད་ཅེས་པའི་རྒྱལ་ཁབ་འདིའི་འདས་མ་ད་གསུམ་མི་བོར་རྒྱུ་རེ་བ་རྒྱ་ཆེན་པོས་ཞུས་པ་ཡིན་ལགས།

རྩོམ་སྒྲིག་པ།  སྒྲེ་བོ།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།