ThuNovThu2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

དེའི་སྐོར་བོད་ཀྱི་རྩོམ་པ་པོ་འགས་རྩོམ་ཡིག་བྲིས་ཡོད་པ་ཡང་མཐོང་མྱོང་།

རྩོམ་རིག་མེ་ལོང་གི་ངོས་ནས་བོད་ཀྱི་སྐད་ཡིག་གི་རིན་ཐང་ངོས་འཛིན་གྱིས་མ་འོངས་རྒྱུན་འཁྱོངས་བྱ་ཐབས་དང༌། ལྷག་པར་དུ་བོད་ཀྱི་སྐད་ཡིག་གི་སྤུས་ཚད་གོང་མཐོར་དང་སྐད་ཡིག་གི་ཁོར་ཡུག་གཞི་ཁྱོན་ཇེ་ཆེར་ཡོང་ཐབས། དེ་བཞིན་མི་རབས་གསར་པ་རྣམས་ལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བདག་གཅེས་ཡོང་ཐབས་སོགས་ཀྱི་ཐོག་རྩོམ་པ་པོ་ངང་མོ་ལགས་སུ་བཅར་འདྲི་ཞུས་པ་གཤམ་བཀོད་ཡོད་པས་གཟིགས་ཞིབ་གནང་འཚལ།

 

༡ ༽ ཁྱོད་རང་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

ངའི་དངོས་མིང་ལ་བསམ་འགྲུབ་ལྷ་མོ་དང་སྨྱུག་མིང་ལ་ངང་མོ་ཟེར།  སྤྱི་ལོ་1999་ཁམས་ཉག་ཆུ་ཁར་སྐྱེས་པ་དང་ཆུང་ཆུང་དུས་ནས།  སློབ་ཆུང་བསྐྱོད་དེ་ཡི་གེ་འབྲི་ཀློག་དང་རིམ་བཞིན་སློབ་འབྲིང་དང་ད་ལྟ་སློབ་ཆེན་བསྐྱོད་བཞིན་ཡོད།  གོང་གསལ་དེ་དག་ང་ཡི་སྤྱིར་བཏང་གི་ངོ་སྤྲོད་ཙམ་ཡིན།  གཤམ་ནས་ང་ཡི་དམིགས་བསལ་གྱི་ངོ་སྤྲོད་མདོར་བསྡུས་ཤིག་ཀྱང་བྱེད།  སྤྱིར་མི་སུ་ཡིས་རང་ཉིད་གཞན་ལ་ངོ་སྤྲོད་བྱེད་དུས་མི་དེའི་ཡག་ཕྱོགས་དང་དྲང་ཕྱོགས་འབའ་ཞིག་གླེང་གིན་འདུག་མོད།  ང་ཡིས་དེ་ལྟར་མ་ཡིན་པར་ལྡོག་ཕྱོགས་ནས་ངོ་སྤྲོད་ཙམ་བྱས་ན།  སློབ་ཆུང་ལོ་རིམ་དང་བོའི་སྐབས་རྩིས་རིག་རྒྱུགས་སྤྲོད་མ་འཕྲོད། དེ་བཞིན་སློབ་འབྲིང་ལོ་རིམ་གསུམ་པའི་སྐབས་བོད་ཡིག་རྒྱུགས་སྤྲོད་མ་འཕྲོད།  འདི་གཉིས་ཀ་ང་ཡི་མི་ཚེ་ནང་གི་གླེང་རིན་ཡོད་པའི་དོན་དག་ཡག་པོ་གཉིས་ཡིན། 

༢ ༽ ད་ལྟའི་བོད་སྐད་ཡིག་གི་ཁྱབ་ཚད་སྔོན་ཆད་དང་བསྡུར་ན་ཅི་ལྟ་བུ་ཞིག་ཏུ་མཐོང་གི་ཡོད།
ད་ལྟའི་བོད་སྐད་ཡིག་གི་ཁྱབ་ཚད་སྔོན་ཆད་དང་བསྡུར་ན་དར་ཁྱབ་ཆེན་པོ་སོང་ཡོད་པ་མཐོང་གིན་འདུག  རེད་ཀྱང་།དར་ཁྱབ་ཕྱིན་པ་ཁོ་ནས་མི་འགྲིག་པར་རིག་ཚན་མང་པོའི་ནང་ཁོག་དབུབས་ཐུབ་པ་དགོས་རྒྱུ་གལ་ཆེན་རེད་སྙམ།  གང་ལྟར།  དེང་སང་སྤྱི་ཚོགས་དྲ་རྒྱ་གང་སར་ཁྱབ་ཡོད་པ་དང་ལྷན་དུ།  མི་དང་མིའི་བར་གྱི་འབྲེལ་ལམ་གཙོ་བོ་དྲ་ལམ་ནས་མཐུད་ཐུབ་པ་བྱེད་དགོས་ཀྱི་ཡོད།  དེ་ལྟར་བྱེད་པར་ཅིས་ཀྱང་ཡིག་ལམ་ནས་འབྲེལ་བ་བརྒྱུད་དགོས་པས་བོད་པ་རྣམས་ཀྱིས་ཅིས་ཀྱང་བོད་ཡིག་གལ་ཆེན་དུ་མཐོང་གིན་འདུག  དེ་བོད་ཡིག་དར་ཁྱབ་འགྲོ་བའི་ལམ་ཁ་ཆེས་མགྱོགས་ཤོས་དང་ཆེ་ཤོས་དེ་རེད་སྙམ་ཡོད།

༣ ༽བོད་རང་གི་ཡུལ་སྲོལ་གོམས་གཤིས་མངོན་ཐུབ་པའི་བོད་སྐད་ཡིག་འདི་མ་འོངས་པར་སྤུས་ཚད་ཇི་འདྲ་ཞིག་ཏུ་འགྱུར་གྱི་རེད།
བོད་རང་གི་ཡུལ་སྲོལ་གོམས་གཤིས་མངོན་ཐུབ་པའི་བོད་སྐད་ཡིག་འདི་མ་འོངས་པར་སྤུས་ཚད་ཇི་འདྲ་ཞིན་ཏུ་འགྱུར་མིན་ནི་གཙོ་བོ་བོད་ཀྱི་གཞོན་ནུ་རྣམས་ལ་རག་ལས་འདུག   བོད་ཀྱི་གཞོན་ནུ་རྣམས་ཀྱིས་ཤ་ཐང་རུས་ཐང་གིས་སྐད་ཡིག་སློབ་གསོ་ལ་འབད་འབད་འབུངས་འབུངས་བྱས་ན།  ནམ་ཞིག་སྐད་ཡིག་རང་སྟེང་ནས་བོད་ཀྱི་ཁྱད་ཆོས་ཙམ་ལས་བརྒལ་ཏེ་ཡུལ་གཞན་དང་གཞན་གྱི་ཁྱད་ཆོས་ཀྱང་མངོན་ཐུབ་རྒྱུ་རེད།  དེ་བས་ད་ལྟའི་བོད་ཀྱི་གཞོན་ནུ་རྣམས་ཀྱིས་ཅིས་ཀྱང་སྐད་ཡིག་དར་རྒུད་དང་ཉེན་ཁ་ཤེས་རྟོགས་བྱུང་དགོས་རྒྱུ་དང་དེ་ལས་གྲོལ་ཐབས།  དེ་ཡུན་དུ་གནས་ཕྱིར་མི་རེ་རེ་ལ་ཡང་འགན་ལྗིད་མོ་ཞིག་ཡོད་རེད།

༤༽ད་ལྟའི་བོད་ཀྱི་མཐོ་རིམ་སློབ་གྲྭ་རྣམས་ཀྱིས་རིག་གནས་སྣ་མང་སྦྱང་ཆེད་གཞན་སྐད་སྟེང་ཆེད་ལས་སྦྱང་བ་མང་རུ་འགྲོ་བཞིན་པའི་དུས་སུ་བོད་སྐད་ཡིག་གི་ཆུ་ཚད་ཀྱིས་མ་འོངས་པར་ས་ཆ་ག་ཚོད་ཅིག་ཟིན་གྱི་རེད།

ད་ལྟའི་བོད་ཀྱི་མཐོ་རིམ་སློབ་གྲྭ་རྣམས་ཀྱིས་རིག་གནས་སྣ་མང་སྦྱང་ཆེད་གཞན་སྐད་སྟེང་ཆེད་ལས་སྦྱང་བ་མང་རུ་འགྲོ་བཞིན་པ་འདི་ནི་ཕྱོགས་གཅིག་ནས་ཁོ་ཚོ་ལའང་ཁག་མེད་ཡུས་མེད་རེད།  ཁོ་ཅག་གིས་སོ་སོའི་དགའ་ཕྱོགས་ལྟར་ཆེད་ལས་འདེམས་པ་དང་ཆེད་ལས་དེའི་སྦྱོང་ཚན་བོད་ཡིག་ཏུ་མེད་ཙང་ཁོ་ཚོས་ལམ་ཁ་གཞན་ཞིག་མི་འདེམས་རང་འདེམས་ཡིན་པ་རེད།  ཡིན་ཡང་།  དཀའ་ཁག་ཆེ་ཤོས་དེ་བོད་ཡིག་གི་སྟེང་ནས་ཆེད་ལས་སྣ་མང་སྦྱོང་མི་ཐུབ་པ་དེ་རེད།  དེའི་སྐོར་བོད་ཀྱི་རྩོམ་པ་པོའི་འགས་རྩོམ་ཡིག་བྲིས་ཡོད་པ་ཡང་མཐོང་མྱོང་།  འདི་ལ་ལམ་ཁ་གསར་བ་ཞིག་ཡོང་རྒྱུ་ལ་ཀུན་གྱིས་ཐབས་ཤེས་དང་གྲ་སྒྲིག་བྱ་དགོས་པ་གནད་འགག་ཅིག་ཀྱང་རེད་དོ།།

༥ ༽དེང་དུས་བོད་མི་འགའ་ཤས་ནས་ཡུལ་གྲུ་གཞན་གྱི་སྐད་ཡིག་ཤེས་ན་བོད་ཀྱི་སྐད་ཡིག་ཤེས་མི་དགོས་ཚུལ་ཤོད་མཁན་ལ་དགོངས་ཚུལ་གང་འདྲ་ཡོད།
དྲི་གཞི་འདི་མཐོང་མ་ཉིད་དུ་བློ་ཡུལ་ལས་འདས་པའི་བསམ་བློ་ཐ་ཤལ་མང་པོ་མཐོང་གི  སྐད་ཆ་ཤོད་མཁན་སུ་ཡིན་མ་ལྟོས་པར་ཁྲིམས་ལ་གཏུགས་ཀྱང་འགྲིགས་པ་རེད།  མ་ཟད།  མི་ཞིག་གི་འདུ་ཤེས་ཏོག་ཙམ་ཡོད་མཁན་ཞིག་ཡིན་ན་སྐད་ཆ་འདི་བཤད་སྲིད་ཀྱི་མ་རེད།  སྐད་ཆ་འདིའི་རིགས་བཤད་མཁན་ཚང་མ་མིའི་འདུ་ཤེས་མེད་པ་མ་ཟད།  མིའི་མཚན་ཉིད་ཀྱང་ཚང་གི་ཡོད་མ་རེད།  དེ་བས་སྐད་ཆ་དེ་ལྟར་ཤོད་མཁན་སུ་ཞིག་ཀླད་སྟོང་དང་འདུ་ཤེས་མེད་པའི་རྩྭ་མི་ཤིང་མི་ཞེས་པ་དེ་རེད།

༦ ༽མ་འོངས་བོད་ཀྱི་མི་རབས་གསར་བ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་ཆེ་མཐོང་ག་ཚོད་ཅིག་སྤྲོད་ཀྱི་རེད་བསམ།
དྲི་བ་དེ་སླ་བོ་ཞིག་རེད་ལ་ཡང་དཀའ་མོ་ཞིག་ཀྱང་རེད།  གང་ཡིན་ཟེར་ན།  མ་འོངས་བོད་ཀྱི་གཞོན་ནུ་རྣམས་ཀྱིས་སྐད་ཡིག་ལ་མཐོང་ག་ཚོད་སྤྲད་མིན་ནི་ཁོ་ཚོའི་རྒྱུད་ཀྱི་རིན་ཐང་ལྟ་ཚུལ་ལ་ཐུག་ཡོད་རེད་སྙམ།  འོ་ན།  ཁོ་ཚོའི་རྒྱུད་ཀྱི་རིན་ཐང་ལྟ་ཚུལ་དེ་ཇི་ལྟར་ཐག་གཅོད་དགོས་ཞེས་ན།  ཁོ་ཚོའི་མྱངས་པའི་སློབ་གསོ་ལ་ཐུག་འདུག  ཁོ་ཚོའི་མྱངས་པའི་སློབ་གསོའི་ཡུལ་གཙོ་བོ་ནི་ཕ་མ་དང་དགེ་རྒན།  སྤྱི་ཚོགས་བཅས་རེད།  དེར་བརྟེན་ཁོ་ཚོའི་ཕ་མ་དང་དགེ་རྒན་སྤྱི་ཚོགས་བཅས་ལ་ཐོག་མར་ནས་སྐད་ཡིག་གི་སློབ་གསོ་མཐོ་ཚད་ངེས་ཅན་ཞིག་སྤྲོད་དགོས་པ་གནད་དུ་ཁུམས།

༧ ༽བོད་ཀྱི་སྐད་དང་ཡི་གེ་གཞི་རྒྱ་ཆེ་རུ་གཏོང་དགོས་པ་ཡིན་ན་ཁྱོད་ལ་ཐབས་ལམ་ཅི་ཞིག་ཡོད།
བོད་ཀྱི་སྐད་དང་ཡི་གེ་གཞི་རྒྱ་ཆེ་རུ་གཏོང་དགོས་པ་ཡིན་ན་ང་ལ་ཐབས་ཤེས་འདི་ཡོད་ཅེས་དམིགས་བསལ་ལམ་ཁ་ཞིག་བསྟན་རྒྱུ་མེད།  རེད་ཀྱང་།  གཙོ་བོ་སྐད་ཡིག་གི་བཀོལ་སྤྱོད་ཚད་ཇེ་མཐོ་གཏོང་དགོས་པ་དེ་གནད་འགག་རེད།  སྐད་ཡིག་བཀོལ་སྤྱོད་ཚད་ཇེ་མཐོར་གཏོང་བ་ལ་མེད་ཐུ་མེད་ནི་མི་དང་མིའི་བར་གྱི་འབྲེལ་བ་རེད།  དེ་བས་ཐོག་མར་མི་དང་མིའི་བར་གྱི་འབྲེལ་འདྲིས་ཚུན་ཆད་ལ་སྐད་ཡིག་བཀོལ་སྤྱོད་གཏོང་དགོས་པ་ཧ་ཅང་གནད་འགག་རེད།  དེ་བཞིན་མི་དང་སྤྱི་ཚོགས་ཀྱི་བར་དུ་དང་།  མདོར་ན་འབྲེལ་ལམ་ཐམས་ཅད་སྐད་ཡིག་གི་བཀོལ་སྤྱོད་བཏང་ཐུབ་ན།  དེ་ནི་སྐད་ཡིག་གི་གཞི་རྒྱ་ཆེ་རུ་གཏོང་སྟངས་ཤིག་ཀྱང་རེད།  ཡང་ཚད་རིམ་གཞན་ཞིག་ནི་འོ་སྐོལ་གྱི་སྐད་ཡིག་ནང་དུ་རིག་ཚན་གསར་བ་མང་བ་གཏན་འབེབས་བྱ་རྒྱུ་དེ་རེད།  དེ་ལྟར་ཡོང་ཐུབ་ན་ཏན་ཏན་སྐད་ཡིག་གི་གཞི་རྒྱ་རྨང་གཞི་ཡོད་པའི་སྟེང་ནས་ཚད་ཇེ་མཐོར་གཏོང་སྟངས་ཤིག་རེད་ལགས།

 

རྩོམ་སྒྲིག་པ།  སྒྲེ་བོ།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།