TueMayTue2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

དེ་མིན་མི་དེ་དག་གིས་མཐའ་ན་ཁྲིམས་ཀྱང་ཤེས་ཀྱིན་མེད་པ་འདྲ།

རྩོམ་རིག་མེ་ལོང་གི་ངོས་ནས་བོད་ཀྱི་སྐད་ཡིག་གི་རིན་ཐང་ངོས་འཛིན་གྱིས་མ་འོངས་རྒྱུན་འཁྱོངས་བྱ་ཐབས་དང༌། ལྷག་པར་དུ་བོད་ཀྱི་སྐད་ཡིག་གི་སྤུས་ཚད་གོང་མཐོར་དང་སྐད་ཡིག་གི་ཁོར་ཡུག་གཞི་ཁྱོན་ཇེ་ཆེར་ཡོང་ཐབས། དེ་བཞིན་མི་རབས་གསར་པ་རྣམས་ལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བདག་གཅེས་ཡོང་ཐབས་སོགས་ཀྱི་ཐོག་རྩོམ་པ་པོ་མཁྱེན་རབ་ལགས་སུ་བཅར་འདྲི་ཞུས་པ་གཤམ་བཀོད་ཡོད་པས་གཟིགས་ཞིབ་གནང་འཚལ།

 

༡ ༽ ཁྱོད་རང་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

ངའི་སྐྱེས་མིང་ལ་མཁྱེན་རབ་རྒྱ་མཚོ་དང་སྨྱུག་མིང་ལ་མཁྱེན་རབ་ཡིན།   ཕྱི་ལོ་1992་ལོར་ལི་ཐང་གཡོན་རུའི་འབྲོག་སྡེ་ཞིག་ཏུ་སྐྱེས།  ཆུང་དུས་ལུག་རྫི་དང་ཟོག་རྫི།  རྟ་རྫི་ཡང་ཡང་བྱས་བསྡད་རྐྱེན་དེང་སང་ཡང་ཡར་མར་འགྲོ་དུས་ལུག་ཁྱུ་དང་ཟོག་ཁྱུ།  རྟ་ཁྱུ་རི་ལ་ཡན་པ་མཐོང་ན་ཆུང་དུས་ཀྱི་འཚོ་བ་དྲན་ཡོང་གི   གང་ལྟར།  ཆུང་དུས་ནི་དེ་ལྟར་ནོར་ལུག་དང་ལྷན་དུ་ལྷས་འདབ་ནས་བསྐྱལ།  ཕལ་ཆེར་རང་ལོ་བརྒྱད་དགུའི་སྟེང་ནས་ཨ་མྱེས་ཐོ་རིས་པོའི་སར་ནས་སྒྲོལ་མ་དང་ལྟུང་གཤགས་སོང་བསླབས།   ཕྱིས་ནས་སློབ་གྲྭར་ཕྱིན་པ་དང་སློབ་གྲྭ་ནས་གཞི་ནས་ཚེག་འདེད་བསླབ།  དེ་ལྟར་ཡི་གེ་འབྲི་ཀློག་གི་གོམ་པ་སྤོས་ནས་ད་ལྟའི་བར་དཔེ་ཀློག་དང་སློབ་གྲྭ་འགྲིམ་པར་ཁ་གཡར་ནས་ཕ་མ་གཉིས་ལ་ངེས་དོན་གྱི་སྲི་ཞུ་ཞིག་བསྒྲུབས་མྱོང་མེད།  རེད་ཀྱང་།  ངས་ཡི་གེ་བསླབ་པའི་ལམ་བུ་འདི་ལ་བརྟེན་ནས་རང་གི་འཚོ་གནས་བརྗེས་བསྒྱུར་དང་ཞོར་དུ་མི་རིགས་ཀྱི་འགན་འཁྲི་ཆུང་ངུ་ལས་ཀྱང་ཆུང་ངུ་སྟེ།  ཆ་ཤས་དང་ཡང་ཤས་ཧ་ཅང་ཕྲ་བའི་ཆ་ཞིག་ངོས་ཟིན་ཐུབ་པ་བྱུང་བ་མ་ཚད།  དེའི་ཕྱོགས་ལ་འབད་འབད་འབུངས་འབུངས་བྱ་དགོས་པའི་ཆོད་སེམས་ཤིག་ཀྱང་སྐྱེས་སོང་།

༢ ༽ད་ལྟའི་བོད་སྐད་ཡིག་གི་ཁྱབ་ཚད་སྔོན་ཆད་དང་བསྡུར་ན་ཅི་ལྟ་བུ་ཞིག་ཏུ་མཐོང་གི་ཡོད།

ལན།  ད་ལྟའི་བོད་སྐད་ཡིག་གི་ཁྱབ་ཚད་སྔོན་ཆད་དང་བསྡུར་ན་ད་ལྟའི་ལྡབ་འགྱུར་གྱིས་ཁྱབ་ཚད་ཆེ་བ་མཐོང་གི་ཡོད།   རྒྱུ་མཚན་སྔ་མ་བོད་སྐད་བོད་ཡིག་ནི་གྲྭ་བ་ཚོ་ཁོ་ནས་བེད་སྤྱད་གཏོང་རྒྱུ་ཞིག་རེད།  ཐ་ན་བོད་ཡིག་ཡོད་པའི་ཤོག་རལ་སོགས་ཀྱང་རྡོག་ལམ་དུ་མི་འཇོག་པ་མ་ཟད།   ཐ་ན་བོད་ཡིག་གི་དཔེ་ཆའམ་གླེགས་བམ་མཐུག་པོ་དག་བུ་མོ་ཚོས་ལག་པས་རེག་ཙམ་ཡང་ཆོག་གི་མེད།  དེང་སང་དེ་འདྲ་མ་རེད།  འཆང་རྒྱ་དེ་ལས་རྦད་དེ་གྲོལ་ཚར་འདུག   དེང་སང་གང་ས་གང་ན་བོད་ཡིག་གི་བརྡ་ཁྱབ་དང་མིང་བྱང་མཐོང་རྒྱུ་འདུག   མཚམས་རེར་བོད་པ་ཚོས་ཡིག་ནོར་རེ་མཐོང་འཕྲལ་དྲ་ལ་དུ་སྤེལ་ཏེ་མཚང་འབྲུ་བར་སུས་མགྱོགས་འགྲན་འཇོག་གི་མོད།   ངས་བལྟས་ན་དེ་ཐབས་རྡུག་པའི་བྱ་བ་ཞིག་མ་རེད་སྙམ།  བོད་ཡིག་གཏན་ནས་བཀོལ་སྤྱོད་བྱེད་མཁན་མེད་དུས་སུས་ཀྱང་མཚང་འབྲུ་བ་དང་ཕར་ཞོག  དེའི་ཆེད་དུ་ཅིག་བསམ་ཕོད་མཁན་ཡང་སུ་ཡོད་རེད།  མང་པོ་ཡོད་མ་རེད།  རེ་ཟུང་ཡོད་པ་ནི་བོད་ཀྱི་སྐྱེས་ཆེན་ཉི་ཟླ་འདྲ་བ་དག་རེད།  དེ་དག་ནི་ད་རེ་རེ་བཞིན་ཚེ་ཡི་ལམ་མོ་བརྒྱབ་ཟིན་པ་རེད།  དེའི་ཤུལ་འཛིན་པ་དག་གིས་བསམ་མནོ་གཏོང་རན་རེད།  ད་ང་བརྗོད་གཞི་ལས་འདའ་འགྲོ་སོང་མོད།  གང་ལྟར་བོད་སྐད་ཡིག་ཁྱབ་ཚད་སྔོན་ཆད་དང་བསྡུར་ན་ལྡབ་འགྱུར་གྱིས་ད་ལྟའི་ཁྱབ་ཚད་ཆེ་བ་ཡོད་པ་ཟུར་བལྟས་ལེབ་མཐོང་རེད།

༣ ༽བོད་རང་གི་ཡུལ་སྲོལ་གོམས་གཤིས་མངོན་ཐུབ་པའི་བོད་སྐད་ཡིག་འདི་མ་འོངས་པར་སྤུས་ཚད་ཇི་འདྲ་ཞིག་ཏུ་འགྱུར་གྱི་རེད།

ལན།  བོད་རང་གི་ཡུལ་སྲོལ་གོམས་གཤིས་མངོན་ཐུབ་པའི་བོད་སྐད་ཡིག་འདི་མ་འོངས་པར་སྤུས་ཚད་ཇི་འདྲ་ཞིག་ཏུ་འགྱུར་གྱི་རེད་དམ་ཞེས་ན།  ཏན་ཏན་དེའི་སྤུས་ཚད་ཇེ་ཡག་ལ་འགྲོ་བ་བརྒྱ་ཆའི་བརྒྱ་རེད།  གང་ཡིན་ཟེར་ན།  གཅིག་ནས་ད་ལྟ་འཛམ་གླིང་གི་ཕྱོགས་སོ་སོ་ནས་བོད་བརྒྱུད་ནང་བསྟན་ལ་གཙིགས་ཆེན་དང་སློབ་གཉེར་བྱེད་བཞིན་ཡོད་རེད།  དེ་བརྒྱུད་ལམ་དེ་བོད་སྐད་ཡིག་བརྒྱུད་དགོས་པས་ཕྱི་ལོག་ནས་བོད་སྐད་ལ་རམ་འདེགས་དེ་ལྟར་བྱུང་བ་རེད།  གཉིས་ནས་སྔར་མེད་ཀྱི་ལས་གནས་སམ་ཆེད་ལས་མང་པོ་བོད་ཡིག་ཏུ་ཕབ་བསྒྱུར་བྱེད་བཞིན་པ་དང་གོང་རོལ་ནས་ཀྱང་ལམ་ཁ་དེ་ལ་མོས་མཐུན་དང་ཆོག་མཆན་གནང་གི་ཡོད་རེད།  གནས་ཚུལ་བོད་སྐད་ཡིག་ལ་མཚོན་ན་ནང་གི་སྲོག་རེད།  ལམ་ཁ་འདི་གཉིས་སྟེང་ནས་བོད་སྐད་ཡིག་ལ་ཏན་ཏན་སྔར་མེད་ཀྱི་གསོན་ཤུགས་བསྩལ་ཡོད།

༤༽ད་ལྟའི་བོད་ཀྱི་མཐོ་རིམ་སློབ་གྲྭ་རྣམས་ཀྱིས་རིག་གནས་སྣ་མང་སྦྱང་ཆེད་གཞན་སྐད་སྟེང་ཆེད་ལས་སྦྱང་བ་མང་རུ་འགྲོ་བཞིན་པའི་དུས་སུ་བོད་སྐད་ཡིག་གི་ཆུ་ཚད་ཀྱིས་མ་འོངས་པར་ས་ཆ་ག་ཚོད་ཅིག་ཟིན་གྱི་རེད།

ལན།ད་ལྟའི་བོད་ཀྱི་མཐོ་རིམ་སློབ་གྲྭ་རྣམས་ཀྱིས་རིག་གནས་སྣ་མང་སྦྱང་ཆེད་གཞན་སྐད་སྟེང་ཆེད་ལས་སྦྱང་བ་མང་རུ་འགྲོ་བཞིན་པའི་དུས་སུ་བོད་སྐད་ཡིག་གི་ཆུ་ཚད་ཀྱིས་མ་འོངས་པར་ས་ཆ་ག་ཚོད་ཟིན་གྱི་རེད་ཅེས་ན།  སུ་ལའང་རང་ཤུགས་ཀྱིས་དོགས་སྔངས་ཤིག་འཁོར་སྲིད་ཀྱང་།  སྐད་ཡིག་གང་ཞིག་གི་སྒྲོམ་གཞི་འཐུས་ཚང་དུ་མ་གྱུར་གོང་དེ་རྒྱལ་སྤྱིའི་རང་བཞིན་གྱིས་བྱ་བ་རྩོམ་ཐུབ་ཀྱིན་མ་རེད་སྙམ།  འགལ་འདུ་ཅན་གྱི་གོ་རིམ་འདིའི་ཁྲོད་ནས་བོད་སྐད་ཡིག་རྗེས་ལུས་དང་ཆེད་ལས་སྦྱོང་མི་བཏུབ་པ་མཚོན་མི་ནུས།  ཆེད་ལས་སྣ་མང་ནི་མི་རིགས་དང་སྤྱི་ཚོགས་ཀྱི་དགོས་མཁོའི་ལས་བྱུང་བ་འབའ་ཞིག་རེད།  དེ་ཚང་མ་སྐད་ཡིག་སོ་སོའི་ནང་དུ་ཡོད་དགོས་པའི་ངེས་པ་འདྲ་མེད།  དཔེར་ན།  བོད་ཀྱི་སྦྲ་གུར་འཚེམ་དྲུབ་སོགས་ཀྱི་ལས་སྣེ་རེ་རེ་བོད་སྐད་ནང་ཐ་སྙད་དང་བཅས་པ་གསལ་བོ་ཡོད་མེད།  གལ་ཏེ་དེ་གཞན་སྐད་ནས་བསླབ་དགོས་པ་ཡིན་ན་དེ་འདྲ་སླ་བོ་ཞིག་མ་རེད།  རེད་ཀྱང་།  ལས་སྣེ་དེ་ད་ལྟ་འཛམ་གླིང་དང་རྒྱལ་ནང་གང་དུའང་དགོས་མཁོ་མེད་པས་དེ་ཆེད་ལས་ཅན་གྱི་ངོ་བོ་ལ་འགྱུར་གྱི་མ་རེད་སྙམ།  གང་ལྟར་བོད་ཀྱི་མི་འབོར་དང་ས་ཁྱོན་ལ་བལྟས་ན་བོད་སྐད་ཀྱི་བརྒྱ་ཆ་ངེས་ཅན་ཟིན་ཡོད་རེད་མ་འོངས་པར་ཡང་དེ་ལས་མང་པ་ཟིན་གྱི་རེད།

༥ ༽དེང་དུས་བོད་མི་འགའ་ཤས་ནས་ཡུལ་གྲུ་གཞན་གྱི་སྐད་ཡིག་ཤེས་ན་བོད་ཀྱི་སྐད་ཡིག་ཤེས་མི་དགོས་ཚུལ་ཤོད་མཁན་ལ་དགོངས་ཚུལ་གང་འདྲ་ཡོད།

ལན། དེ་ནི་ནོར་འཁྲུལ་རེད།  ཡང་ན་བླུན་གཏམ་རེད།  དེ་མིན་མི་དེ་དག་གིས་ཐ་ན་ཁྲིམས་ཀྱང་ཤེས་ཀྱིན་མེད་པ་འདྲ།

༦ ༽མ་འོངས་བོད་ཀྱི་མི་རབས་གསར་བ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་ཆེ་མཐོང་ག་ཚོད་ཅིག་སྤྲོད་ཀྱི་རེད་བསམ།

ལན།མ་འོངས་བོད་ཀྱི་མི་རབས་གསར་བ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་ཆེ་མཐོང་ག་ཚོད་ཅིག་སྤྲོད་མིན་ནི་ད་ལྟའི་བོད་ཀྱི་མ་རབས་གསར་བ་སྐྱེས་བསྲིང་བྱེད་མཁན་དང་བྱེད་ཡུལ་འགན་འཁྲི་ཡོད་རེད།   མཐུར་གཏུགས་ན་གནད་འགག་གི་མི་སྣ་ནི་ཕ་མ་དང་དགེ་རྒན་རེད་ལ་ཡུལ་གཙོ་བོ་ནི་སློབ་གྲྭ་དང་ཁྱིམ་རེད།  དེར་བརྟེན་སློབ་གྲྭས་འདི་ལ་འཆར་གཞི་དང་གྲ་སྒྲིག་ཡོད་པའི་ལས་ཀ་གཉེར་བ་དགོས་པ་དང་ཕ་མས་ཀྱང་འགན་འཁུར་དགོས་པ་དེ་གཡོལ་དུ་མེད་པའི་ལས་གནས་རེད།  ཞིབ་ཕྲ་ཤེས་འདོད་ན་དགེ་རྒན་དང་ཕ་མ་རྣམས་ཀྱིས་ཐོག་མར་ཕ་སྐད་སློབ་གསོ་ཡང་དག་ཅིག་མྱོང་དགོས་པ་ཁ་ཚ་དགོས་གཏུགས་རེད།  དེ་ལྟར་བྱུང་ན་མི་རབས་རྗེས་མ་རྣམས་ཀྱིས་ཕ་སྐད་སློབ་གསོ་ཡང་དག་མྱང་ཐུབ། 

༧ ༽བོད་ཀྱི་སྐད་དང་ཡི་གེ་གཞི་རྒྱ་ཆེ་རུ་གཏོང་དགོས་པ་ཡིན་ན་ཁྱོད་ལ་ཐབས་ལམ་ཅི་ཞིག་ཡོད།

ལན། གཅིག་དེ་བོད་སྐད་བོད་ཡིག་ས་ཁྱབ་རྡོ་ཁྱབ་ཏུ་གཏོང་དགོས་རེད།  དེའི་དོན་ནི་བོད་སྐད་བཤད་དགོས་ས་ལ་བཤད་བོད་ཡིག་འབྲི་དགོས་ས་ལ་བྲིས།  དེའི་དོན་དུ་དཀའ་ཚེགས་ཙམ་ནི་མྱང་།  སྡུག་ཙམ་ནི་འདེགས་དགོས་པ་གནད་འགག་རེད།  དེ་བཞིན་ས་གནས་སོ་སོ་ན་ཡོད་པའི་ས་གནས་སོ་སོའི་ཤེས་ཡོན་པ་རྣམས་ཀྱིས་འགོ་འཁྲིད་དེ་ས་གནས་མི་མང་ལས་གཞོན་ནུ་རྣམས་ནི་ཅིས་ཀྱང་ཕ་སྐད་ཡིག་རྨོངས་ལས་སེལ་ཐུབ་པ་བྱ་དགོས་པ་དེ་རེད།  ཤེས་ཡོན་པའི་འགན་འཁྲི་རེད།  དེ་ལ་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་རྒྱབ་སྐྱོར་ཕྱོགས་གང་སར་ནས་དང་ཁ་ཞེ་གཉིས་མེད་ནས་སྤྲོད་དགོས་པ་གནད་འགག་ཆེན་པོ་རེད།  བོད་ཀྱི་སྐད་དང་ཡི་གེ་གཞི་རྒྱ་ཆེ་རུ་གཏོང་བར་ཐབས་ལམ་གཙོ་བོ་དང་མྱུར་ཤོས་དེ་རེད།  གཞན་དག་ག་ལེར་ག་ལེར་རྗེས་སུ་ངང་གིས་ཐོན་འོང་བ་རེད།

རྩོམ་སྒྲིག་པ།  སྒྲེ་བོ།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།