ThuNovThu2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

དྲི་བ་དེས་སེམས་ཁྲལ་ཞིག་བྱེད་ཀྱིན་ཡོད་པ་འདྲ།

རྩོམ་རིག་མེ་ལོང་གི་ངོས་ནས་བོད་ཀྱི་སྐད་ཡིག་གི་རིན་ཐང་ངོས་འཛིན་གྱིས་མ་འོངས་རྒྱུན་འཁྱོངས་བྱ་ཐབས་དང༌། ལྷག་པར་དུ་བོད་ཀྱི་སྐད་ཡིག་གི་སྤུས་ཚད་གོང་མཐོར་དང་སྐད་ཡིག་གི་ཁོར་ཡུག་གཞི་ཁྱོན་ཇེ་ཆེར་ཡོང་ཐབས། དེ་བཞིན་མི་རབས་གསར་པ་རྣམས་ལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བདག་གཅེས་ཡོང་ཐབས་སོགས་ཀྱི་ཐོག་རྩོམ་པ་པོ་གནམ་ལྕགས་ལགས་སུ་བཅར་འདྲི་ཞུས་པ་གཤམ་བཀོད་ཡོད་པས་གཟིགས་ཞིབ་གནང་འཚལ།

 

༡  ༽ ཁྱོད་རང་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

 

ང་ཡི་དངོས་མིང་ལ་བདེ་ལེགས་རྒྱ་མཚོ་དང་སྨྱུག་མིག་ལ་གནམ་ལྕགས་ཟེར།   ཅིག་དགུ་གོ་གསུམ་ལོའི་དབྱར་གཞུང་དུ་ཨོ་ཐོག་ཅེས་པའི་འབྲོག་སྡེ་ཆེན་པོ་ཞིག་གི་རྩྭ་ཐང་དུ་ངུ་ངག་ཐོག་མ་བསྒྲགས།   ཆུང་ནས་ད་ལྟའི་བར་སློབ་གྲྭ་དང་སྤྱི་ཚོགས་འདྲ་མིན་འགྲིམས།  ཉམས་མྱོང་མང་པོ་བསགས།  ཆུང་དུས་ཁྱིམ་ཚང་གི་འབྱོར་བ་ཞན་པས་ང་རང་སློབ་གྲྭར་མུ་བསྐྱོད་བྱེད་པར་སེམས་སུ་ཚགས་རབ་ཏུ་ཆེ་མྱོང་།  ཡིན་ཡང་།  ཕ་མས་བུ་ཕྲུག་གི་དོན་དུ་ལྟོག་སྐེམ་གྱི་སྡུག་འདེགས་པར་སྙིང་སྟོབས་བསྐྱེད་བྱུང་།  དེ་བས་ང་ཡིས་སྙིང་ནས་བཀའ་དྲིན་ཞུ་དགོས་ས་དེ་ཕ་མ་གཉིས་ཀ་ཡིན་ནོ།།

༢  ༽ད་ལྟའི་བོད་སྐད་ཡིག་གི་ཁྱབ་ཚད་སྔོན་ཆད་དང་བསྡུར་ན་ཅི་ལྟ་བུ་ཞིག་ཏུ་མཐོང་གི་ཡོད།

ད་ལྟའི་བོད་སྐད་ཡིག་གི་ཁྱབ་ཚད་སྔོན་ཆད་དང་བསྡུར་ན་ཁྱད་པར་ཆེན་པོ་མཐོང་གི་ཡོད།  རྒྱུ་མཚན།   ད་བར་བོད་མིའི་མི་འབོར་ལས་བཞི་ཆ་གཉིས་ཙམ་གྱིས་བོད་ཡིག་བཀོལ་སྐྱོད་བྱེད་ཀྱིན་ཡོད།  སྔོན་ཆད་ཡིན་ན་གཙོ་བོ་གྲྭ་བའི་སྡེ་རེད།  གྲྭ་བའི་ནང་ནས་ཀྱང་འགའ་ཤས་རེད་ཅེས་ན་ཐལ་མེད།  དེ་ལྟར་བསྡུར་ན་བོད་སྐད་ཡིག་གི་སྤུས་ཚད་ལ་མ་བལྟས་པར་ཁྱབ་ཆེ་ཆུང་ཁོ་ནར་གཞིགས་ན།  སྔོན་ཆད་ལས་ད་ལྟའི་རབ་ཏུ་དང་ཤིན་ཏུ་མང་ངོ་།།

༣  ༽བོད་རང་གི་ཡུལ་སྲོལ་གོམས་གཤིས་མངོན་ཐུབ་པའི་བོད་སྐད་ཡིག་འདི་མ་འོངས་པར་སྤུས་ཚད་ཇི་འདྲ་ཞིག་ཏུ་འགྱུར་གྱི་རེད།

དྲི་བ་འདིའི་ངོ་གདོང་རང་ནས་བལྟས་ན་ལན་སླ་བོ་སླ་བོ་ཞིག་རྙེད་མོད།  ཡིན་ཡང་།  གཏིང་ཟབ་ས་ཞིག་ནས་བསམ་ན་དྲི་ལན་དེ་ཧ་ཅང་ཁག་པོ་ཡོད་ས་རེད།   དེ་གཉིས་ལས་སྔ་མ་ལྟར་བཤད་ན་མ་འོངས་པར་བོད་སྐད་ཡིག་གི་སྤུས་ཚད་ཇེ་ཡག་ཡིན་རྒྱུ་རེད་དྲན།  གང་གིས་ཞེ་ན།  ད་ལྟ་བོད་ཡིག་བཀོལ་སྤྱོད་མཁན་བྱེད་མཁན་མང་ཤོས་སློབ་མ་དང་གྲྭ་བ་རེད།  གྲྭ་བའི་ནང་ནས་མང་ཤོས་གྲྭ་བ་གཞོན་པ་ཤ་སྟག་རེད།  གྲངས་འབོར་འདི་ལྟོས་འཇོག་གིས་བཤད་པ་ཡིན།  ཡིན་ན་གཞོན་པ་ཚོའི་སྣང་བ་ནི་ག་དུས་ཡིན་ཡང་སྙིང་སྟོབས་ལྡན་པ།  གསར་ཞེད་ཆེ་བ་དང་དྲང་ཚུགས་མངའ་ཞིག་རེད།  རེད་ཙང་།  ཁོ་ཅག་གི་སེམས་ཁམས་ཀྱི་ཆ་དེ་ཁོ་ཅག་གི་ལྕེ་ཐོག་ནས་ལྷུང་འོང་བའི་སྐད་ཡིག་དང་འབྲེལ་ཡོད་པ་གདོན་མི་ཟ།  དེ་བས་སྐད་ཡིག་གི་གསེང་དུ་དེ་འདྲའི་ལྷད་མེད་པ་ཞིག་འཐིམ་སོང་ཚེ།  སྐད་ཡིག་གི་གཞུང་རྟ་འདྲ་བོ་དེ་གཙང་དག་ཅིག་ཆགས་འགྲོ་བ་ཆོས་ཉིད་རེད།  གང་ལྟར།  ང་ཡིས་བཤད་འདོད་པ་གཞོན་པ་ཚོའི་སེམས་ཁམས་གཙང་མ་དེ་སྐད་ཡིག་བརྒྱུད་ནས་མངོན་དགོས་པས་སྐད་ཡིག་གི་ངོ་བོ་དེ་ཡང་དེ་ལྟར་གཙང་མ་ཞིག་རེད་འགྲོ་བ་རྒྱུ་འབྲས་རྟེན་འབྲེལ་སླ་ཞིང་སླ་བ་ཞིག་རེད་པས་འདིར་སྤྲོས་འཕྲོས་མ་བྱས་སོ།།

༤༽ད་ལྟའི་བོད་ཀྱི་མཐོ་རིམ་སློབ་གྲྭ་རྣམས་ཀྱིས་རིག་གནས་སྣ་མང་སྦྱང་ཆེད་གཞན་སྐད་སྟེང་ཆེད་ལས་སྦྱང་བ་མང་རུ་འགྲོ་བཞིན་པའི་དུས་སུ་བོད་སྐད་ཡིག་གི་ཆུ་ཚད་ཀྱིས་མ་འོངས་པར་ས་ཆ་ག་ཚོད་ཅིག་ཟིན་གྱི་རེད།

དྲི་བ་དེའི་ནང་དོན་ལ་བསམ་མནོ་བཏང་ན།  དྲི་བ་དེས་སེམས་ཁྲལ་ཞིག་བྱེད་ཀྱིན་ཡོད་པ་འདྲ།  སེམས་ཁྲལ་དེ་ག་རེད་ཅེས་ན་བོད་ཀྱི་སློབ་ཆེན་སློབ་མ་ཚོས་ཆེད་ལས་སྣ་ཚོགས་གཞན་སྐད་སྟེང་ནས་སྦྱང་བ་ན་རང་ཤུགས་ཀྱིས་བོད་སྐད་ཤུལ་དུ་ལུས་ཡོད་པ་སེམས་ཁྲལ་བྱེད་བཞིན་འདུག་མོད།  ཕྱོགས་གཅིག་ནས་དེ་དོན་དངོས་ཤིག་རེད།  ཡིན་ཡང་།   འདས་སོང་ལ་ཕྱིར་དྲན་བྱས་ན་སེམས་ཁྲལ་དེ་ཆུང་དུ་འགྲོ་སྲིད་པ་ཞིག་སྟེ།  སྔོན་ཆད་ཡིན་ན་བོད་ཡིག་ཏུ་ཆེད་ལས་གཅིག་མ་གཏོགས་སྦྱང་རྒྱུ་ཡོད་མ་རེད།  དེ་གང་ཞེ་ན་ནང་བསྟན་ཆོས་ལུགས་རེད།  དེང་སང་དེ་ལས་འདའ་འགོངས་ཕྱིན་ཏེ་རིག་ཚན་མང་པོ་བོད་ཡིག་ནས་སྦྱང་ཐུབ་ཀྱི་ཡོད་རེད།  དེ་ལྟར་བྱས་ན་མ་འོངས་པར་བོད་ཡིག་ནང་རིག་ཚན་གཞན་དག་དེ་ལས་མང་བ་སྦྱང་ཐུབ་ཀྱི་རེད་སྙམ།  དེ་འདྲའི་ཞིབ་བསྡུར་འདྲ་བོ་བྱས་ན་མ་འོངས་པར་བོད་སྐད་ཡིག་གི་ཆུ་ཚད་ཀྱིས་ས་ཆ་ངེས་ཅན་འཛིན་ཐུབ་ཀྱི་རེད།  དེ་ལས་གསལ་ཞིག་བཤད་ན་སྔོན་ཆད་དང་ད་ལྟ་ལས་ས་ཁྱོན་ཆེ་བ་འཛིན་ཐུབ་ཀྱི་རེད།

༥ ༽དེང་དུས་བོད་མི་འགའ་ཤས་ནས་ཡུལ་གྲུ་གཞན་གྱི་སྐད་ཡིག་ཤེས་ན་བོད་ཀྱི་སྐད་ཡིག་ཤེས་མི་དགོས་ཚུལ་ཤོད་མཁན་ལ་དགོངས་ཚུལ་གང་འདྲ་ཡོད།

སྐད་ཆ་འདི་ཤོད་མཁན་གཅིག་མིན་གཉིས་བྱུང་གིན་འདུག   དེ་དག་དྲ་ལམ་སོགས་སུ་བྱུང་གིན་འདུག་མོད།  དེ་དག་ལ་མང་བ་བཤད་རྒྱུ་མེད།    དཀྱེལ་ཡངས་པོས་བཤད་ན།  དེ་དག་རེ་སྐུལ་ཡང་ཡང་བྱེད་འདོད།  དེ་གང་ཡིན་ཞེ་ན་ཁ་དྲོ་ལྟོ་བ་བགྲང་ཟིན་རྗེས་མི་རིགས་དང་ཕ་མའི་བླ་མ་བཙོང་རོགས།  ཞབས་མ་འདྲེན་རོགས།  ལྷག་པར་སྐུ་ཚེགས་འོ་བརྒྱལ་རབ་ཏུ་བཞེས་པའི་གངས་རིའི་ཡབ་ཆེན་གྱི་སེམས་ཕམ་མ་ཆུག་ཅེས་ཞུ་འདོད་བྱུང་།  གཞན་ནི་གང་ཡང་མེད་དོ།།

 

༦ ༽མ་འོངས་བོད་ཀྱི་མི་རབས་གསར་བ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་ཆེ་མཐོང་ག་ཚོད་ཅིག་སྤྲོད་ཀྱི་རེད་བསམ།

གནད་འགག་འདི་ད་ལྟའི་ཕ་མ་ལ་ཐུག་ཡོད།  ད་ལྟའི་ཕ་མ་དག་བོད་སྐད་བོད་ཡིག་ལ་བྱང་ཆ་མེད་ན་ཁོ་ཅག་གི་བུ་རྒྱུད་ལ་ནི་ཇི་ལྟར་ཆགས།  དེ་ན་ད་ལྟའི་ཕ་མ་དང་འབྱུང་འགྱུར་ཕ་མར་གྱུར་ལ་ཉེ་བའི་བོད་མི་གཞོན་པ་རྣམས་ཀྱིས་འདི་ལ་བསམ་མནོ་གཏོང་དགོས་པ་མ་ཟད།  ཅིས་ཀྱང་གཏོང་དགོས་པའི་འགན་འཁྲི་ཡོད།   འགན་འཁྲི་དེ་ཇི་ལྟར་བྱུང་བ་རེད་ཅེས་རྨོངས་འདྲི་དང་རྨོངས་འཆར་ཡོད་མཁན་ཡོད་ཚེ།  བོད་ཀྱི་ཨ་མའི་བུ་རྒོད་པཎ་ཆེན་རིན་པོ་ཆེའི་ལྗགས་རྩོམ་རྣམས་ལ་ཡང་ཡང་གཟིགས་དང་གསལ་བོ་ཡོད།  དེ་བས་བོད་མི་སུ་ཞིག་གིས་རང་གི་བུ་ཕྲུག་ལ་དབྱུག་པ་འཕྱར་ནས་བོད་སྐད་སློབ་པར་བཙན་སྐུལ་གཏོང་བ་མིན་པར་རང་གིས་བོད་ཡིག་བཀླགས་ནས་བུ་ཕྲུག་ལ་བག་ཆགས་ཟབ་མོ་འཇོག་དགོས་པ་དེའོ།།  དེ་ལྟར་ཕ་མ་དག་གིས་འགན་འཁྲི་འདི་ལྟ་བུ་ཞིག་ཐེག་ཐུབ་ན།  མ་འོངས་བོད་ཀྱི་མི་རབས་གསར་བ་རྣམས་ཀྱིས་སྐད་ཡིག་ལ་ཆེ་མཐོང་སྤྲོད་པ་སྨྲོས་མེད་རེད།

༧  ༽བོད་ཀྱི་སྐད་དང་ཡི་གེ་གཞི་རྒྱ་ཆེ་རུ་གཏོང་དགོས་པ་ཡིན་ན་ཁྱོད་ལ་ཐབས་ལམ་ཅི་ཞིག་ཡོད།

ང་ཡི་བསམ་ཡོད་པ་དག་ཐབས་ལམ་ཞིག་ཡིན་མིན་ཅི་ཆ།  ཡིན་ཡང་།  ངས་དྲན་པ་ནི་བོད་ཡིག་གི་ཡིག་འབྲུ་ཅི་ཡང་རྒྱ་ཡིག་སོགས་དང་འདྲ་བར་ས་ཁྱབ་རྡོ་ཁྱབ་ཏུ་གཏོང་རྒྱུ་དེ་རེད།   དེ་ཇི་ལྟར་གཏོང་དགོས་ཞེ་ན།  མི་སྒེར་གྱི་བརྡ་ཁྱབ་ནས་གཞུང་གི་བརྡ་ཁྱབ།  ཚོགས་པའི་བརྡ་ཁྱབ་སོགས།  བོད་ཀྱི་ས་ཆ་ནས་སྤེལ་བའི་བྱ་འགུལ་ཅི་རིགས་ཀྱི་བརྡ་ཁྱབ་བོད་ཡིག་ནས་འབྲི་དགོས་པ་ཤིན་ཏུ་རྩ་གནད་ཅིག་ཏུ་ཁུམས།  དེ་ནི་ད་ལྟའི་དུས་ལྟ་བུའི་ཞིག་ལ་སླེབས་ཟིན་པ་ན་བཤད་པ་ཡིན།

རྩོམ་སྒྲིག་པ།  སྒྲེ་བོ།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།