ThuNovThu2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

ཕ་སྐད་ལ་དམའ་འདང་ཕྲ་འདང་གཞི་ནས་བྱས་མ་མྱོང་།

རྩོམ་རིག་མེ་ལོང་གི་ངོས་ནས་བོད་ཀྱི་སྐད་ཡིག་གི་རིན་ཐང་ངོས་འཛིན་གྱིས་མ་འོངས་རྒྱུན་འཁྱོངས་བྱ་ཐབས་དང༌། ལྷག་པར་དུ་བོད་ཀྱི་སྐད་ཡིག་གི་སྤུས་ཚད་གོང་མཐོར་དང་སྐད་ཡིག་གི་ཁོར་ཡུག་གཞི་ཁྱོན་ཇེ་ཆེར་ཡོང་ཐབས། དེ་བཞིན་མི་རབས་གསར་པ་རྣམས་ལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བདག་གཅེས་ཡོང་ཐབས་སོགས་ཀྱི་ཐོག་རྩོམ་པ་པོ་ལུ་གུ་མེ་ཏོག་ལགས་སུ་བཅར་འདྲི་ཞུས་པ་གཤམ་བཀོད་ཡོད་པས་གཟིགས་ཞིབ་གནང་འཚལ།



༡ ༽ ཁྱོད་རང་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
ལན།  ངའི་མིང་ལ་ལུ་གུ་མེ་ཏོག་ཟེར།  ངའི་ཕ་ཡུལ་མདོ་དབུས་མཐོ་སྒང་གི་ས་ཁུལ་ཨོ་ཐོག་ཅེས་པའི་ཡུལ་སྡེ་དེ་ཡིན།  ཆུང་ནས་སློབ་གྲྭར་བསྐྱོད་དེ་རིམ་བཞིན་སློབ་ཆུང་དང་སློབ་འབྲིང་།སློབ་ཆེན་སོགས་རྒྱུད་དེ་ད་བར་དགེ་རྒན་གྱི་ལས་ཀ་གཉེར་བཞིན་ཡོད།  ངའི་སློབ་སྦྱོང་གི་རྒྱུད་རིམ་ཧྲིལ་བོའི་ནང་ནས་རང་གི་ཕ་སྐད་ལ་དམའ་འདང་ཕྲ་འདང་གཞི་ནས་བྱས་མ་མྱོང་།

༢ ༽ད་ལྟའི་བོད་སྐད་ཡིག་གི་ཁྱབ་ཚད་སྔོན་ཆད་དང་བསྡུར་ན་ཅི་ལྟ་བུ་ཞིག་ཏུ་མཐོང་གི་ཡོད།

ལན།   ང་ཡི་མཐོང་སྣང་གི་སྟེང་ནས་བལྟས་ན།  དར་འཕེལ་ཆེན་པོ་ཕྱིན་ཡོད་པ་སྨྲས་མ་དགོས་པ་ཞིག་རེད།  རྒྱུ་མཚན།  སྔོན་ཆད་བོད་སྐད་ཡིག་ཡིན་ན་བན་རྒན་རེས་དང་མི་རྒན་རེས་ཁ་འདོན་ཙམ་དང་།  ཡང་ན་ཆོས་ལུགས་ཁོ་ནའི་བེད་སྤྱོད་གཏོང་དགོས་པའི་སྐད་ཡིག་ཅིག་རེད།  མ་ཟད་མང་ཚོགས་ནས་དེ་ལ་དད་པ་བྱེད་རྒྱུ་ལས་བེད་སྤྱོད་བྱས་ཆོག་གི་མི་འདུག་སྙམ།   གང་ལྟར་དེ་དག་གཞི་ལ་བཞག་ན་སྐད་ཡིག་གི་དར་འཕེལ་སྔར་ལས་ལྡབ་འགྱུར་གྱིས་བཀོལ་སྤྱོད་ཆེ་རུ་ཕྱིན་ཡོད།

༣ ༽ བོད་རང་གི་ཡུལ་སྲོལ་གོམས་གཤིས་མངོན་ཐུབ་པའི་བོད་སྐད་ཡིག་འདི་མ་འོངས་པར་སྤུས་ཚད་ཇི་འདྲ་ཞིག་ཏུ་འགྱུར་གྱི་རེད།

ལན།  ང་ཡིས་བསམ་ན་དེ་ནི་ད་ལྟའི་ན་གཞོན་རྣམས་ལ་བབ་ཡོད་པ་ཞིག་རེད་བསམ།  གཙོ་བོའི་ནང་གི་གཙོ་བོ་ད་ལྟའི་གཞོན་ནུ་རྣམས་ལ་ཕ་སྐད་སློབ་གསོའི་སྤུས་ཚད་ཡག་པོ་ཞིག་འཇོག་ཐུབ་རྒྱུ་དེ་གནད་འགག་རེད་སྙམ།  དེ་མ་གཏོགས་ཚོད་དཔག་བྱས་ནས་འདི་འདྲར་འགྱུར་གྱི་རེད་ཅེས་ལབ་པའི་གདེངས་ཚོད་གང་ཡང་མི་འདུག  གཙོ་བོ་ད་ལྟའི་འཚར་ལོངས་བྱུང་གིན་པའི་གཞོན་ནུ་རྣམས་ལ་ཕ་སྐད་སློབ་གསོ་ཡག་པོ་ཞིག་འཇོག་དགོས་པ་དེ་གནད་འགག་ཆེ་ཤོས་རེད་སྙམ།

༤༽ད་ལྟའི་བོད་ཀྱི་མཐོ་རིམ་སློབ་གྲྭ་རྣམས་ཀྱིས་རིག་གནས་སྣ་མང་སྦྱང་ཆེད་གཞན་སྐད་སྟེང་ཆེད་ལས་སྦྱང་བ་མང་རུ་འགྲོ་བཞིན་པའི་དུས་སུ་བོད་སྐད་ཡིག་གི་ཆུ་ཚད་ཀྱིས་མ་འོངས་པར་ས་ཆ་ག་ཚོད་ཅིག་ཟིན་གྱི་རེད།

ལན།  སྤྱིར་མི་རིགས་ཤིག་ལ་མཚོན་ན་དེ་འདྲའི་ཆེད་ལས་གོམ་པ་སྤོ་ཐུབ་མཁན་རེ་བྱུང་ན་དགའ་འོས་མོད།  སྐད་ཡིག་ལ་མཚོན་ན་དེ་ནི་ཕམ་ཁ་ཞིག་རེད་སྙམ།མི་དེ་དག་གིས་གཞན་སྐད་བརྒྱུད་ནས་ཆེད་ལས་སྦྱོང་བ་དེ་རང་གི་སྐད་ཡིག་གིས་ཆེད་ལས་དེ་འདྲ་སྦྱོང་བར་ཚད་མི་ལོང་བར་སྙམ་ན་དངོས་གནས་ནོར་འཁྲུལ་ཞིག་རེད།  རེད་ཀྱང་།ཁག་མེད་པ་ཞིག་ལ་ད་ལྟ་བོད་སྐད་ཡིག་གི་གནས་བབ་ལ་མཚོན་ན་དུས་རབས་དང་ལག་ལེན་གྱི་དབང་གིས་ཆེད་ལས་དེ་དག་རང་གི་ཕ་སྐད་བོད་ཡིག་ཏུ་ཕབ་ཐུབ་མེད་པ་དེ་རེད།   དེ་བས་མིའི་འཚོ་གནས་དང་དེའི་སྐད་ཡིག་གི་བཀོལ་སྤྱོད་བར་དུ་བར་ཐག་ཅིག་ངང་གིས་སླེབས་བཞིན་ཡོད་པ་དེ།  གཅིག་བྱས་ན་སྐད་ཡིག་འཕེལ་རྒྱས་ལ་ཤུགས་བསྣོན་ཞིག་ཀྱང་ཡིན་སྲིད་ལ་གཅིག་བྱས་ན་དངོས་གནས་ཉམ་ཆག་གི་གདོང་དེ་རེད།

༥ ༽ དེང་དུས་བོད་མི་འགའ་ཤས་ནས་ཡུལ་གྲུ་གཞན་གྱི་སྐད་ཡིག་ཤེས་ན་བོད་ཀྱི་སྐད་ཡིག་ཤེས་མི་དགོས་ཚུལ་ཤོད་མཁན་ལ་དགོངས་ཚུལ་གང་འདྲ་ཡོད།

ལན།  སྐད་དེ་ནི་ཧ་ཅང་གླེན་རྟགས་ཤིག་རེད།  གལ་ཏེ་སྐད་ཆ་དེ་འདྲ་བློར་ཤར་ན་བོད་ཀྱི་སྤྱི་ཚོགས་ཆེ་ཆུང་གང་ལའང་མ་བཤད་ན་བཟང་གི་སྙམ།   སྐད་ཆ་དེས་མི་རིགས་ནང་ཁུལ་ལ་སྐྱོན་ཆ་མང་པོ་སློང་གི   དེ་བཞིན་ལྷག་བསམ་ཅན་དང་འགན་འཁུར་ཅན་གྱི་མི་སྣ་མང་པོའི་སེམས་སུ་རྨ་བཟོ་གི   གང་ལྟར་ང་ཚོའི་མི་རིགས་འདིའི་ད་ལྟའི་གནས་བབ་ལ་མཚོན་ན་སྐད་ཆ་དེའི་རིགས་མུ་གེ་ཐོག་ཏུ་ཟླ་ལྷག་ཅེས་པ་དང་གཅིག་མཚུངས་རེད།
༦ ༽ མ་འོངས་བོད་ཀྱི་མི་རབས་གསར་བ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་ཆེ་མཐོང་ག་ཚོད་ཅིག་སྤྲོད་ཀྱི་རེད་བསམ།

ལན།  དྲི་བ་འདི་དང་གོང་གི་དྲི་བ་གསུམ་པའི་བར་དུ་འདྲ་བའི་ཆ་མང་པོ་འདུག  ཡིན་ཡང་།  མ་འོངས་བོད་ཀྱི་མི་རབས་གསར་བ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་ཆེ་མཐོང་ག་ཚོད་ཅིག་སྤྲོད་ཀྱི་རེད་ཅེས་ན་ཚོད་དཔག་རང་བཞིན་ཞིག་རེད་སྙམ།   སྤྱིར་ད་ལྟའི་བོད་མི་རིགས་ཀྱི་སྐད་ཡིག་ཡིན་ན་འདྲ།  གོམས་གཤིས་ཡིན་ན་འདྲ།  འདུ་ཤེས་ཡིན་ན་འདྲ་འདི་དག་ཚང་མའི་སྤུས་ཚད་ནི་ད་ལྟའི་མི་རབས་ཀྱི་ལག་ན་ཡོད་པ་ཞིག་རེད།  ད་ལྟ་མི་རབས་འདིས་འདི་ལ་སྲུང་སྐྱོབ་དང་རྒྱུན་འཁྱོངས་ཡག་པོ་ཞིག་བྱས་པ་ཡིན་ན་མ་འོངས་པའི་བོད་ཀྱི་མི་རབས་དེས་རང་བཞིན་དེ་ལྟར་ཡོང་གི་རེད་བསམ།  མདོར་འདྲིལ་ན་མ་འོངས་པའི་མི་རབས་ལ་རྩིས་སྤྲོད་མཁན་གྱིས་ད་ལྟའི་མི་རབས་འདིས་འགན་འཁུར་ལྷོད་མེད་ཀྱིས་རྩིས་འབུལ་གྱི་སྤུས་ཚད་ལ་རག་ལས་པ་ཞིག་ཀྱང་རེད་སྙམ།

༧ ༽ བོད་ཀྱི་སྐད་དང་ཡི་གེ་གཞི་རྒྱ་ཆེ་རུ་གཏོང་དགོས་པ་ཡིན་ན་ཁྱོད་ལ་ཐབས་ལམ་ཅི་ཞིག་ཡོད།


ང་ལ་ད་སྔར་སུས་ཀྱང་ཤུགས་བརྒྱབ་མ་མྱོང་བའི་ཐབས་ལམ་གསར་བ་འདྲ་མེད་མོད།  ཡིན་ཡང་།  བོད་མི་རེ་རེའི་སེམས་ནས་རང་གི་ཕ་སྐད་ལ་འདང་ཡོད་དགོས་པ་དང་།  དེ་དུས་ལྟར་བེད་སྤྱོད་གཏོང་དགོས་པ་དང།  དེ་བེད་སྤྱོད་གཏོང་བར་སྤྲོབས་པ་ཡོད་དགོས་མཁན་ཞིག་ཏུ་འགྱུར་དགོས་ཡོད།  བྱུང་ན་དྲ་ལམ་ནས་ཀྱང་བོད་ནང་ཁུལ་ལ་བོད་ཡིག་ཁོ་ན་འབྲེལ་ལམ་བཟུང་ཐུབ་ན་ཡག་སྙམ་མོ།།  བཀའ་དྲིན་ཆེ།  ལས་བྲེལ་གྱི་བར་ནས་ལན་འདེབས་བྱས་པ་ཡིན་པས་ནོར་འཛོལ་གང་བྱུང་ལ་སྙིང་ནས་དགོངས་གསོལ།
རྩོམ་སྒྲིག་པ།  སྒྲེ་བོ།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།