MonJulMon2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

དེ་ནི་བློ་རིག་པ་རྣལ་དུ་མ་ཕབས་པའི་འུར་ཚོད་ཀྱིས་བཤད་ཡམས་ཙམ་དུ་ཟད།

རྩོམ་རིག་མེ་ལོང་གི་ངོས་ནས་བོད་ཀྱི་སྐད་ཡིག་གི་རིན་ཐང་ངོས་འཛིན་གྱིས་མ་འོངས་རྒྱུན་འཁྱོངས་བྱ་ཐབས་དང༌། ལྷག་པར་དུ་བོད་ཀྱི་སྐད་ཡིག་གི་སྤུས་ཚད་གོང་མཐོར་དང་སྐད་ཡིག་གི་ཁོར་ཡུག་གཞི་ཁྱོན་ཇེ་ཆེར་ཡོང་ཐབས། དེ་བཞིན་མི་རབས་གསར་པ་རྣམས་ལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བདག་གཅེས་ཡོང་ཐབས་སོགས་ཀྱི་ཐོག་རྩོམ་པ་པོ་ཁམས་རྒོལ་སེང་ལགས་སུ་བཅར་འདྲི་ཞུས་པ་གཤམ་བཀོད་ཡོད་པས་གཟིགས་ཞིབ་གནང་འཚལ།


༡  ༽ ཁྱོད་རང་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

ང་ནི་མཚོ་སྔོན་ཡུལ་ཤུལ་ནང་ཆེན་ས་གནས་ཀྱི་ཡུལ་ལུང་བྱེ་བྲག་བ་ཞིག་སྟེ་ལྕོག་ཤེས་ཞེས་པའི་འབྲོག་ཁུལ་དུ་སྐྱེས་ཤིང་།   དངོས་མིང་ལ་ཡེ་ཤེས་ཉི་མ་དང་། སྨྱུག་མིང་ལ་ཁམས་རྒོལ་སེང་ཞེས་འབོད་པ་ཡིན་ལ། ལོ་ན་ཆེར་མ་སོན་བའི་བར་སྐབས་ཤིག་ནས་དབྱངས་གསལ་སོ་བཞི་སྦྱོར་ཀློག་གི་ལས་སུ་ཞུགས་པ་ཡིན།  དེ་ནས་ཅང་མ་འགོར་བར་ཕྱི་རྐྱེན་དང་ནང་རྐྱེན་གང་མང་ཞིག་གིས་འུར་ཆ་ལག་ཏུ་ཐོགས་ཤིང་ཉིན་ལྟོའི་བཟའ་བཅའ་ཕྲན་བུ་རེ་ཨམ་ཕྲག་ཏུ་གཟར་ནས་ནོར་གནག་གི་རྨིག་རྗེས་དེད་དེ་ལོ་ཤས་སུ་དབྱངས་གསལ་གྱི་གཞིས་ཁྱིམ་དང་ཁ་བྲལ་དུ་སོང་བའི་གནག་རྫི་དཀྱུས་མ་ཞིག་ཏུའང་གྱུར་སོང་།
དེ་ནས་རང་ལོ་བཅུ་གསུམ་གྱི་སྟོད་ཙམ་ནས་ཁྱིམ་གོས་སྐྱ་བོ་རྒྱང་དུ་དོར་ཞིང་སྐྲ་ལོའི་གཙུག་ཕུད་འབུལ་བ་རུ་ཁྱེར་ནས་ཡ་ཆེན་ཆོས་སྒར་ལ་བླ་མ་ཨ་ཁྱུག་གི་སྐུ་མདུན་དུ་སོང་ནས་སྐྲ་ལོའི་གཙུད་ཕུད་ཀྱང་ཁོང་ལ་ཕུལ་ཏེ་ལོ་ཤས་ཀྱི་རིང་ལ་དེར་གནས་སུ་བཅར་བ་ཡིན།
དེ་ནས་ཤར་སྡེ་དགེ་དཔལ་སྤུངས་ལ་ཚད་མ་རིག་པ་སོགས་རིག་གཞུང་སོ་སོའི་གནད་ལ་སྦྱང་ནས་ལོ་ཤས་སུ་སློབ་གླིང་དེ་རུ་བསྡད་ཅིང་།
ཡང་སློབ་སྦྱོང་གི་བར་སྐབས་ཤིག་ནས་སེར་ཤུལ་དགོན་དུ་སོང་ནས་ནང་བསྟན་ཆོས་ལུགས་ཀྱི་སྤྱིའི་འགྲོས་ལ་ཞིབ་ཚགས་ཀྱིས་སློབ་སྦྱོང་ཨེན་ཙམ་བྱས་མཐར་གསེར་ལྗོངས་བླ་མ་རུང་ལ་སྐད་བརྡ་རིག་པར་སྦྱོང་ལ་ཆས་སོང་བ་ཡིན།
སློབ་གླིང་དེ་ནས་གཙོ་བོ་བོད་རང་གི་ཐ་སྙད་སྣ་ཚོགས་བློར་འཛིན་དང་། བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་སོ་སོར་སྦྱང་པ་ཡིད་ཚིམས་པ་ཞིག་བྱས་ནས་ཡང་བསྐྱར་སྤྱི་ཚོགས་ཀྱི་འཚོ་བར་ཞུགས་ནས་ད་ལྟའང་དགོན་པ་སོ་སོ་དང་རོང་འབྲོག་གི་ཕྲུག་གུ་བསྣབ་ལྷུག་འགའི་རྫི་བོར་འགྲོ་བཞིན་པའི་མྱི་རྐྱང་ཞིག་ཡིན།ཞེས་རང་གི་ངོ་སྤྲོད་མདོ་ཙམ་བརྗོད་པ་འདི་རབ་འབྱོར་དགོན་ཐུབ་བསྟན་ཕུན་ཚོགས་བཤད་སྒྲུབ་དར་རྒྱས་གླིང་ནས་སློབ་གསེང་གི་བར་སྟོང་བཙལ་ཏེ་བྲིས།

༢  ༽ ད་ལྟའི་བོད་སྐད་ཡིག་གི་ཁྱབ་ཚད་སྔོན་ཆད་དང་བསྡུར་ན་ཅི་ལྟ་བུ་ཞིག་ཏུ་མཐོང་གི་ཡོད།

བོད་རང་གི་སྐད་ཡིག་འདི་སྤྱི་བམ་ཙམ་གྱི་ཆ་ནས་བཤད་ན་ཉམས་རྒུད་ངེས་ཅན་ཞིག་བྱུང་ཡོད་པར་ངེས་ལ། འོན་ཏེ་ཉེ་བའི་དུས་རབས་ལས་ད་ལྟའི་དུས་རབས་དང་དེ་བས་ཤིན་ཏུ་ཉེ་བའི་ལོ་རབས་ལས་ཀྱང་དེ་རིང་ཁ་སང་གི་སྐབས་འདིར་བོད་རང་གི་སྐད་ཡིག་གི་ཁྱབ་ཚད་རབ་ཏུ་དར་བའི་སྒང་ཡིན་པར་སྙམ་ཞིང་།རྒྱུ་མཚན་ནི། རྒྱ་ཆེའི་སྲིད་གཞུང་གི་སྒྲིག་འཛུགས་དང་ད་ལྟའི་སྤྱི་ཚོགས་དམངས་ཁུལ་གྱི་མི་སེར་ཁག་དང་། དགོན་སྡེ་སོ་སོའི་དགེ་འདུན་པའི་སྡེ་ཁག་དག་གིས་ཀྱང་བོད་རང་གི་རིག་གཞུང་སོ་སོར་བརྩི་འཇོག་དང་བརྩོན་སེམས་ཇེ་ཆེར་འགྲོ་གི་ཡོད་པ་དང་། དེ་ཙམ་དུ་མ་ཡིན་པར་བེད་སྤྱོད་ཀྱི་འདུ་ཤེས་དང་། བཀོལ་སྤྱོད་ཀྱི་ཁྱབ་ཚད་ཀྱང་ལྡབ་འགྱུར་གྱིས་གོང་འཕེལ་དུ་འགྲོ་གི་ཡོད་པ་རེད། དེ་དང་འབྲེལ་ཏེ་བོད་རང་གི་རིག་གཞུང་མཐའ་དག་རང་མི་རིགས་ཀྱི་སྐད་ཡིག་འདིར་ལྟོས་ནས་གསོན་དུ་ཡོད་ཅིང་།ལྷག་པར་དེ་སྒྲུབ་པར་བྱེད་པའི་བོད་མི་རིགས་ཧྲིལ་བོ་འདིའང་བོད་རང་གི་སྐད་ཡིག་གཉིས་ཀྱིས་གསོན་པར་བྱས་དེ་ཡོད་པར་རྩོད་མེད་རེད་མོད། དེའི་དབང་གིས་དེར་སྦྱང་བརྩོན་གྱི་བྱ་བ་ཡང་དག་ཅིག་གཉེར་འགོ་ཚུགས་ནས་བཟུང་བོད་རང་གི་སྐད་ཡིག་གི་ཁྱབ་ཚད་ཀྱང་རང་ཤུགས་ཀྱི་འཕེལ་གྱི་ཡོད་པ་དེའོ།།

༣ ༽བོད་རང་གི་ཡུལ་སྲོལ་གོམས་གཤིས་མངོན་ཐུབ་པའི་བོད་སྐད་ཡིག་འདི་མ་འོངས་པར་སྤུས་ཚད་ཇི་འདྲ་ཞིག་ཏུ་འགྱུར་གྱི་རེད།

 

འདིའི་གནད་དོན་གཙོ་བོ་ནི་ཐད་ཀར་ཐག་གཅོད་བྱེད་པར་དཀའ་ནའང་།
འོན་ཏེ་ད་ལྟའི་བོད་མིའི་སྐད་ཡིག་གི་གནས་བབ་ལ་ལྟོས་ནས་བཤད་ན་མ་འོངས་པ་ནས་ཀྱང་བོད་རང་གི་ཡུལ་སྲོལ་གོམས་གཤིས་མངོན་ཐུབ་པའི་སྐད་ཡིག་འདིའང་སྤུས་ཚད་ལེགས་གྲས་སུ་འགྲོ་བར་ངེས་ཀྱི། གལ་ཏེ་དེ་ལས་ལྡོག་ཏེ་བོད་རང་ཉིད་ཀྱི་གཞོན་སྐྱེས་པ་དག་གིས་རྒྱུན་འཁྱོང་དང་དར་སྤེལ་ལམ་ཉམས་གསོའི་འཕྲོ་བཅད་པར་གྱུར་ན་སྤུས་ཚད་ཆེ་རུ་འགྲོ་བར་ལྟ་ཅི་སྟེ། གནའ་སྒྲུང་ལྟ་བུ་སྟེ་བཤད་ཡམས་ཙམ་ལས་རང་རྐྱ་ཐུབ་པའི་བོད་རང་གི་སྐད་ཡིག་ཡིག་དང་། དེ་ཙམ་དུ་མ་ཡིན་པར་བོད་མི་རིགས་འདིའང་རྩ་མེད་དུ་འགྱུར་རོ།།

༤ ༽ད་ལྟའི་བོད་ཀྱི་མཐོ་རིམ་སློབ་གྲྭ་རྣམས་ཀྱིས་རིག་གནས་སྣ་མང་སྦྱང་ཆེད་གཞན་སྐད་སྟེང་ཆེད་ལས་སྦྱང་བ་མང་རུ་འགྲོ་བཞིན་པའི་དུས་སུ་བོད་སྐད་ཡིག་གི་ཆུ་ཚད་ཀྱིས་མ་འོངས་པར་ས་ཆ་ག་ཚོད་ཅིག་ཟིན་གྱི་རེད།

དེའི་གནད་དོན་གཙོ་བོ་ནི་གོང་གི་དྲི་ལན་དག་ལས་གསལ་མོད།དེ་བས་འདིར་རྒྱས་པར་སྤྲོ་ན་དགོས་པ་ཆེར་མེད་ནའང་དམིགས་བསལ་གྱིས་གོ་བདེ་རུ་བཤད་ན།བོད་ཀྱི་མཐོ་རིམ་སློབ་གྲྭ་བ་རྣམས་ཀྱིས་རིག་གནས་སྣ་མང་ཞིག་སྦྱང་ཆེད་གཞན་སྐད་སྟེང་ནས་ཆེད་ལས་མང་དུ་འགྲོ་བར་མ་འོངས་པར་བོད་ཀྱི་སྐད་ཡིག་གིས་ས་ཆ་ག་ཚོད་ཅིག་ཟིན་མིན་ལ་འབྲེལ་བ་ཆེར་མེད་ཡིན་པར་སྣང་ངོ་།།

༥ ༽དེང་དུས་བོད་མི་འགའ་ཤས་ནས་ཡུལ་གྲུ་གཞན་གྱི་སྐད་ཡིག་ཤེས་ན་བོད་ཀྱི་སྐད་ཡིག་ཤེས་མི་དགོས་ཚུལ་ཤོད་མཁན་ལ་དགོངས་ཚུལ་གང་འདྲ་ཡོད།

དེ་ནི་བློ་རིག་པ་རྣལ་དུ་མ་ཕབས་པའི་འུར་ཚོད་ཀྱིས་བཤད་ཡམས་ཙམ་དུ་ཟད་དེ། སྤྱིར་གཞན་སྐད་སྣ་ཚོགས་ཤིག་ཤེས་པ་དེ་ནི་རང་གི་གཟི་བརྗིད་དང་རྒྱན་ཆ་ཞིག་ཏུ་ངེས་མོད། ཡིན་ནའང་དེ་ལྟར་རློམ་པའི་ཅོལ་ཆུང་དག་གིས་རྩ་བ་བོར་ནས་ཡལ་ག་འཚོལ་བར་གཉིས་སུ་མ་མཆིས།

༦ ༽མ་འོངས་བོད་ཀྱི་མི་རབས་གསར་བ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་ཆེ་མཐོང་ག་ཚོད་ཅིག་སྤྲོད་ཀྱི་རེད་བསམ།

དེ་ནི་ད་ལྟ་སྤྱི་ཚོགས་ཀྱི་བོད་རང་གི་ན་གཞོན་པ་དག་གིས་བོད་རང་གི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་འདི་འཛིན་སྐྱོང་སྤེལ་གསུམ་དང་།དེ་བཞིན་སློབ་གསོའི་རིན་ཐང་དང་།སྐད་དང་ཡི་གེའི་ནུས་ཤུགས་ཤུལ་བཞག་གི་སྤུས་ཚད་ལ་རགས་ལས་པ་ཡིན་ནོ།།

༧  ༽བོད་ཀྱི་སྐད་དང་ཡི་གེ་གཞི་རྒྱ་ཆེ་རུ་གཏོང་དགོས་པ་ཡིན་ན་ཁྱོད་ལ་ཐབས་ལམ་ཅི་ཞིག་ཡོད།

རང་ཉིད་ནས་འགོ་བརྩམས་ཏེ་རང་མི་རིགས་ཀྱི་སྐད་དང་ཡི་གེ་འདི་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་བྱ་འགུལ་སྣ་ཚོགས་སྤེལ་བ་དང་།  བོད་རང་གི་ས་གནས་སོ་སོར་བོད་ཡིག་གི་སློབ་གྲྭ་ཚད་ལྡན་ཞིག་གང་སར་འཛུགས་ཐུབ་པ་དང་། བོད་ཀྱི་རོང་འབྲོག་གི་དགོན་སྡེ་སོ་སོས་བྱིས་པ་འོས་མཚམས་ཤིག་གསོ་སྐྱོང་བྱེད་ཅིང་དེ་དག་ལ་རིགས་ཞེན་གཙང་མ་ཞིག་གི་འདུ་ཤེས་བརྟན་པོ་ཞིག་འཇོག་པ་དེའོ།།

རྩོམ་སྒྲིག་པ།  སྒྲེ་བོ།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།