MonMayMon2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

བོད་སྐད་ཡིག་གི་སྲོག་རྩ་དང་འབྲེལ་བ་ཡོད་པ་ཞིག་ནི་བོད་ཀྱི་བུད་མེད་དག་རེད

རྩོམ་རིག་མེ་ལོང་གི་ངོས་ནས་བོད་ཀྱི་སྐད་ཡིག་གི་རིན་ཐང་ངོས་འཛིན་གྱིས་མ་འོངས་རྒྱུན་འཁྱོངས་བྱ་ཐབས་དང༌། ལྷག་པར་དུ་བོད་ཀྱི་སྐད་ཡིག་གི་སྤུས་ཚད་གོང་མཐོར་དང་སྐད་ཡིག་གི་ཁོར་ཡུག་གཞི་ཁྱོན་ཇེ་ཆེར་ཡོང་ཐབས། དེ་བཞིན་མི་རབས་གསར་པ་རྣམས་ལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བདག་གཅེས་ཡོང་ཐབས་སོགས་ཀྱི་ཐོག་རྩོམ་པ་པོ་ཨ་མ་ལགས་སུ་བཅར་འདྲི་ཞུས་པ་གཤམ་བཀོད་ཡོད་པས་གཟིགས་ཞིབ་གནང་འཚལ།

 

༡ ༽ ཁྱོད་རང་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

ལན། ང་ཡི་མིང་ལ་ཆོས་དབྱངས་སྒྲོལ་མ་དང་སྨྱུག་མིང་ལ་ཨ་མ་ཞེས་འབོད།   ཆུང་ནས་ད་བར་སློབ་སྦྱོང་གི་བརྒྱུད་རིམ་ཆ་ཚང་བརྒྱུད་དེ།  ད་ལྟ་བོད་ཁུལ་གྱི་ས་ཆ་ཆེས་གེ་མོ་ཞིག་ན་ཤེས་ཡོན་དང་འབྲེལ་བའི་ལས་གནས་རེ་གཉེར་ཡོད།  ང་རང་རྩོམ་ཡིག་བྲི་བ་ལས་ཀློག་པར་སྤྲོ་བ་ཆེ་བ་ཡོད།   ང་ཡི་བསམ་ཚུལ་ལ་རང་ཉིད་རྩོམ་པ་པོ་ག་གེ་མོ་ཞིག་ལས་ཀློག་པ་པོ་ཚད་ལྡན་ཞིག་ཏུ་གྱུར་འདོད། 

༢ ༽ད་ལྟའི་བོད་སྐད་ཡིག་གི་ཁྱབ་ཚད་སྔོན་ཆད་དང་བསྡུར་ན་ཅི་ལྟ་བུ་ཞིག་ཏུ་མཐོང་གི་ཡོད།

ལན།  དེ་ནི་ད་ལྟའི་ཁྱབ་ཆེ་བ་མཐོང་གིན་འདུག  གང་གིས་ཞེ་ན་བོད་སྔོན་ཆད་བོད་སྐད་ཡིག་ནི་མཁས་རྒན་རེ་ཟུང་ལས་དམངས་ཁྲོད་རང་བཞིན་ཅན་ནི་གྱུར་ཐུབ་མི་འདུག  དེང་སང་སྔོན་ཆད་དང་མི་འདྲ་བར་ཅུང་ཟད་དམངས་ཁྲོད་རང་བཞིན་ཏེ།   གཞུང་དང་གཞུང་གི་བར་གྱི་ཡིག་ཆ་དང་སྒེར་དང་སྒེར་བར་གྱི་ཡིག་ཆ་སོགས།  དེ་བཞིན་ད་སྐབས་བོད་སྐད་ཡིག་ནི་དད་པ་བྱེད་ས་ཞིག་མིན་པར་ལག་བསྟར་ཁྲོད་དུ་དངོས་ཀྱིས་བེད་སྤྱོད་ཡོད་པ་ཞིག་རེད་དོ།།

༣ ༽བོད་རང་གི་ཡུལ་སྲོལ་གོམས་གཤིས་མངོན་ཐུབ་པའི་བོད་སྐད་ཡིག་འདི་མ་འོངས་པར་སྤུས་ཚད་ཇི་འདྲ་ཞིག་ཏུ་འགྱུར་གྱི་རེད།

ལན།དེ་ནི་གཏན་འཁེལ་གྱིས་ཐག་གཅོད་ཐུབ་པ་ཞིག་མ་རེད།  རྒྱུ་མཚན་མ་འོངས་པ་ནི་འུ་ཅག་སུ་ལ་མཚོན་ན་ཡང་ལྐོག་འགྱུར་རང་བཞིན་ཞིག་རེད།  འོན་ཏེ།  ད་ལྟ་ནས་བོད་མི་རྣམས་དང་ལྷག་པར་བོད་ཀྱི་ཤེས་ལྡན་མི་སྣས་ལམ་སྣེ་དྲངས་པ་བཞིན་བོད་མི་ཡོངས་གཅིག་འགྱུར་གྱིས་ཤར་བསྐྱོད་བྱས་ན།   མ་འོངས་པའི་བོད་སྐད་ཡིག་གནས་བབ་ད་ལྟ་ལས་འཕེལ་རྒྱས་སམ་ས་ཆོད་རང་བཞིན་གྱི་སྐད་ཡིག་ཅིག་ལ་མི་འགྱུར་བའི་ངེས་པ་ཅི།

༤ ༽ད་ལྟའི་བོད་ཀྱི་མཐོ་རིམ་སློབ་གྲྭ་རྣམས་ཀྱིས་རིག་གནས་སྣ་མང་སྦྱང་ཆེད་གཞན་སྐད་སྟེང་ཆེད་ལས་སྦྱང་བ་མང་རུ་འགྲོ་བཞིན་པའི་དུས་སུ་བོད་སྐད་ཡིག་གི་ཆུ་ཚད་ཀྱིས་མ་འོངས་པར་ས་ཆ་ག་ཚོད་ཅིག་ཟིན་གྱི་རེད།

ལན།ཕྱོགས་གཅིག་ནས་བལྟས་ན་དེ་ནི་བོད་ཀྱི་མཐོ་རིམ་སློབ་མ་རྣམས་ལ་ཁག་ཀྱང་མི་འདུག་སྟེ།   རེད་ཀྱང་།  བོད་ཀྱི་སློབ་གསོ་མ་བརླག་པའི་སྟེང་ནས་སྐད་གཉིས་སྨྲ་བ་ན་གཞོན་མང་དག་ཅིག་སྐྱེས་སྲིང་བྱ་ཐུབ་པ་ཡིན་ན།  འཛམ་གླིང་གི་ཆེད་ལས་མང་པོ་བོད་སྐད་ཡིག་ནང་དུ་ཕབ་བསྒྱུར་མི་བཏུབ་པའི་ངེས་པ་མེད་ལ།  དེ་བཞིན་མ་འོངས་བོད་ཀྱི་གཞོན་ནུ་རྣམས་ཀྱིས་ཆེད་ལས་སྣ་ཚོགས་བོད་རང་གི་སྐད་ཡིག་ནང་ནས་སྦྱོང་མི་ཐུབ་པའི་ངེས་པ་ག་ལ་ཡོད།

༥ ༽དེང་དུས་བོད་མི་འགའ་ཤས་ནས་ཡུལ་གྲུ་གཞན་གྱི་སྐད་ཡིག་ཤེས་ན་བོད་ཀྱི་སྐད་ཡིག་ཤེས་མི་དགོས་ཚུལ་ཤོད་མཁན་ལ་དགོངས་ཚུལ་གང་འདྲ་ཡོད།

ལན།   འདི་ལ་མང་པོ་ཞིག་བཤད་རྒྱུ་མི་འདུག་མོད།  རེད་ཀྱང་།  ངས་སྐད་ཆ་འདི་ལ་བསམ་བློ་གང་འཚམས་བཏང་ཡང་འདི་དང་འཚམས་པའི་ལན་ཞིག་རྙེད་མ་བྱུང་། 

༦ ༽མ་འོངས་བོད་ཀྱི་མི་རབས་གསར་བ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་ཆེ་མཐོང་ག་ཚོད་ཅིག་སྤྲོད་ཀྱི་རེད་བསམ།

ལན།   དེ་ནི་ད་ལྟའི་བོད་ཀྱི་ཕ་མ་རྣམས་དང་དགེ་རྒན་རྣམས།   དེ་བཞིན་སྤྱི་ཚོགས་སྤྱིའི་ཕ་སྐད་སློབ་གསོ་ལ་རག་ལས་པ་ཞིག་རེད།   དེ་བཞིན་ཕ་སྐད་སློབ་གསོ་བརྒྱུད་ནས་མ་འོངས་བོད་ཀྱི་གཞོན་ནུ་རྣམས་ལ་སྐད་ཡིག་ཇི་ལྟར་བརྒྱུད་སྤྲོད་བྱེད་མིན་ལ་རག་འདུག   མཐར་གཏུགས་ན་བོད་སྐད་ཡིག་གི་སྲོག་རྩ་དང་འབྲེལ་བ་ཡོད་པ་ཞིག་ནི་བོད་ཀྱི་བུད་མེད་དག་རེད།  བུད་མེད་རྣམས་ནི་མ་འོངས་ཀྱི་ཨ་མ་འབའ་ཞིག་རེད་ཅེས་བཤད་ཀྱང་ཆོག   དེ་བས་བུད་མེད་རྣམས་ལ་སློབ་གསོ་ཡག་པོ་ཞིག་ཐེབས་དགོས་པ་དེ་གནད་ཀྱི་དམ་པའོ།།

༧ ༽བོད་ཀྱི་སྐད་དང་ཡི་གེ་གཞི་རྒྱ་ཆེ་རུ་གཏོང་དགོས་པ་ཡིན་ན་ཁྱོད་ལ་ཐབས་ལམ་ཅི་ཞིག་ཡོད།

ལན།ང་ལ་དམིགས་བསལ་གྱིས་ཐབ་ལམ་འདི་དང་གན་ཞེས་བསྟན་འཇོག་རྒྱུ་ཞིག་མེད།  རེད་ཀྱང་རང་ཉིད་ནས་འགོ་བརྩམས་ཏེ་དྲ་ལམ་དུ་བོད་ཡིག་བྲི་སྤེལ་སོགས་བྱེད་བཞིན་ཡོད་ལ།  གཞན་དག་གིས་དེ་ལྟར་བྱས་པ་ལ་རྒྱབ་སྐྱོར་སེམས་གཏིང་ནས་བྱེད་བཞིན་ཡོད།   དེ་བཞིན་བོད་སྐད་ཡིག་གི་དོན་དུ་འབད་པ་བྱེད་མཁན་ཞིག་ཡིན་ན།  ངའི་དགྲ་བོ་སུ་ཞིག་ཡིན་ཡང་བཀའ་དྲིན་རྗེས་དྲན་ཞུ་འོས།   མདོར་ན་བོད་མི་ཀུན་གྱིས་བོད་སྐད་ཡིག་དོན་དུ་བགྱི་བ་རྩོམ་མཁན་ཞིག་ན།  གང་དེའི་གོ་ཐོབ་ལ་མ་ལྟོས་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས་པ་གནད་དུ་ཁུམས།  བཀའ་དྲིན་ཆེ།

རྩོམ་སྒྲིག་པ།  སྒྲེ་བོ།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།