ThuNovThu2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

དུང་བརྗོད་འོད་ཀོར་མ།

དྲན་དུང་རྨ་ཁའི་དཀྱིལ་ནས། །  ཕྲ་ཆུང་མིག་ལ་བསྟན་ཡོད། །

སེམས་དཀྱིལ་འཁོར་བའི་ཁྲོད་ཀྱི། །
གཙོ་ལྷ་ཡི་དམ་བྱམས་པ། །
སྙིང་གི་གསང་གཏམ་ཆོ་གས། །
ཉིན་མཚན་བར་མེད་བསྒྲུབས་ཡོད། །

བརྩེ་དུང་འགྱུར་བ་མེད་པས། །
དྲན་གདུང་ན་ཟུག་རྒོད་ཀྱི།།
ང་དང་བྱམས་པ་གཉིས་པོ། །
ལས་དབང་བྱོལ་བ་ཨེ་རེད། །

འདུལ་ཁྲིམས་བཀག་སྡོམ་བཙན་པས། །
བསམས་ཀྱང་ཕོད་པ་མེད་པས། །
ང་དང་བྱམས་པ་གཉིས་པོ། །
ལས་ཀྱིས་བསྐོས་པ་ཨེ་རེད། །

དྭངས་གཙང་མིག་ཆུའི་མཚོ་མོ། །
ཡ་ཆུང་སེམས་ལ་འཆང་ཡོང་། །
སྙིང་གཏམ་གསེར་མིག་ཉ་མོ། །
བསྒུགས་ཀྱང་ཕེབས་རྒྱུ་མི་འདུག །

སྡུག་བསྔལ་ན་བུན་ཁྲོད་དང་། །
སྐྱོ་གདུང་སྟོང་ཕྲག་དཀྱིལ་ནས། །
བདེན་པའི་གནས་ལུགས་བསྟན་པས། །
བཀའ་དྲིན་གྲངས་མེད་ཞུ་འོ། །

རི་ཆུང་བརྒྱ་ཡིས་བཅད་པའི། །
ཡིད་མཐུན་གྲོགས་གཅེས་ལོ་ལོ། །
བདེ་སྐྱིད་མཛུབ་སྟོན་མཛད་པས། །
སྙིང་ནས་བཀའ་དྲིན་ཞུ་འོ། །

བརྩེ་བའི་མེ་ཏོག་རྐང་གཅིག །
གསེར་སྦྲང་འཁོར་རྟེན་ཡིན་པས། །
བསམ་ངན་བ་གླང་རྣམས་ཀྱིས། །
ཟས་སུ་འཛིན་གྱི་མ་འདུག །

མོན་གྱི་ལྷ་བྱའི་དྲུག་འགྱུར། །
ཡིད་ཀྱི་མཆོད་རྫས་ཡིན་པས། །
གུས་མེད་བྱ་རིགས་ཚོགས་ཀྱིས། །
དྲི་མས་གོས་སུ་མ་བཅུག། 

དགོན་པའི་གསེར་རྔ་ཆུང་ཆུང་། །
ཆོས་སྐྱོང་སྒྲུབ་བྱེད་ཡིན་པས། །
སྐྱེད་རྫོགས་མེད་པའི་གྲྭ་པས། །
གང་བསམ་བརྡུང་ཀྱི་མ་འདུག །

ལག་པ་གསེར་གྱིས་སྤྲས་པའི། །
སེམས་པ་བརྩེ་བས་རྒྱན་པའི། །
སྙིང་གཏམ་ངག་གིས་འབྱོ་བའི། །
སྙིང་གྲོགས་ཡིད་ལ་འཁོར་སོང་། །

དྲན་པའི་སེམས་ཀྱི་རི་མོ། །
དགའ་བརྩེ་ཤོག་ངོས་བྲིས་པས། །
ཕ་མའི་བཀའ་དབང་ཆར་ཆུ། །
བབས་ཀྱང་གསོད་ཐབས་མི་འདུག །

དཔེ་ཆའི་ལོ་ཟླའི་ནང་ནས། །
ཚེ་གཅིག་པད་མ་བསྒུགས་པས། །
དེ་རིང་ལས་དབང་ཡག་པོས། །
དྲྭ་ལམ་རྒྱུད་ནས་འཕྲད་སོང་། །

དམར་པོ་ཁྲག་གི་ཡིག་ཆུང་། །
ཁྲ་ཆུང་མིག་གི་མཐོང་ཚེ། །
དཀའ་པོ་སེམས་པའི་དཀྱིལ་ནས། །
ཡིད་ཀྱི་བྱམས་པ་དྲན་གྱི། །

སེམས་པ་ཁྲ་ཁྲའི་ངོས་སུ། །
དུང་བ་དཀར་ཁྲ་དམར་ཁྲ། །
དེང་རབས་བུ་མོའི་བརྩེ་བ། །
དྲན་ན་སུན་སྣང་སྐྱེ་ཡི།།

དར་ལུང་རྣ་བའི་རོལ་མཆོག། །
སྙན་དབྱངས་བརྩེ་བའི་འགྱུར་ཉམས། །
སྙིང་སྟོབས་བདེན་པས་སྤྲས་པ། །
དྲྭ་ལམ་རྒྱུད་ནས་སྒྲོགས་ཤོག །

བྱམས་པ་རོགས་ལོ་འུ་གཉིས། །
དགའ་བརྩེ་སེམས་ཀྱི་ན་ཟུག།
དྲན་དུང་རྨ་ཁའི་དཀྱིལ་ནས། །
ཕྲ་ཆུང་མིག་ལ་བསྟན་ཡོད། །

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།