FriOctFri2019

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

སེ་ར་དགོན་པ།

ཤིང་སེ་བའི་ར་བས་བསྐོར་བས་ན་སེ་ར་ཞེས་བརྗོད།

ཆོས་སྡེ་ཆེན་པོ་སེ་ར་ཐེག་ཆེན་གླིང་ནི་གྲོང་ཁྱེར་ལྷ་སའི་བྱང་ངོས་མཚམས་སུ་རྒྱབ་རི་གླང་པོ་ཆེ་ཉལ་བ་ལྟ་བུ་དང༌། དེའི་རི་རྒྱུད་དུ་གདུགས་ལྟ་བུའི་རི་བོ་མཐོ་ལ་མཛེས་པ།

མཐའ་སྐོར་དུ་ཉམས་དགའི་དབེན་པའི་རི་ཁྲོད་ཀྱིས་བསྐོར་བའི་དབུས་སུ་ཆགས་ཤིང༌། ཤིང་སེ་བའི་ར་བས་བསྐོར་བས་ན་སེ་ར་ཞེས་བརྗོད། དེ་ནི་རྗེ་ཙོང་ཁ་པའི་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས (སྤྱི་ལོ༡༣༥༤-༡༤༣༥)ཀྱིས་བོད་རབ་བྱུང་བདུན་པའི་ས་མོ་ཕག་སྤྱི་ལོ༡༤༡༩ལོར་ཕྱག་བཏབ། དེ་ནི་གདན་ས་སེ་འབྲས་དགེ་གསུམ་གྱི་ནང་ནས་འདེབས་ཕྱི་མ་དེ་ཡིན།

ཕྱག་འདེབས་པ་པོ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ནི་བོད་རབ་བྱུང་དྲུག་པའི་ཆུ་འབྲུག་སྤྱི་ལོ༡༣༥༢ལོར་ལྷ་སའི་ཤར་ཕྱོགས་ཚལ་གུང་ཐང་དུ་སྐུ་འཁྲུངས། རབ་ཏུ་བྱུང་སྟེ་མཚན་ཤཱཀྱ་ཡེ་ཤེས་སུ་གསོལ། ཡི་གེ་འབྲི་ཀློག་སོགས་རིག་པའི་གནས་ལ་སྦྱངས་བརྩོན་ཆེ་བ་དང༌། དུས་ཕྱིས་རྗེ་རིན་པོ་ཆེའི་གསོལ་བ་འདྲེན་མཁན་དང་ཆབས་ཅིག་ལོ་མང་རིང་ཉེ་གནས་ཀྱང་མཛད་དེ་དད་གུས་ཆེ་ཞིང་བཀའ་བཞིན་སྒྲུབ་པ་དང༌། མདོ་སྔགས་ཀྱི་ཆོས་མང་དུ་གསན་ཏེ་མཁས་པར་གྱུར། མིང་གཡུང་ལེ་སྲིད་ལོ་བདུན་པར་རྒྱ་ནག་ཏཱ་མིང་རྒྱལ་པོས་རྗེ་ཙོང་ཁ་པ་ཆེན་པོ་གདན་ཞུ་ཐེངས་གཉིས་བྱས་ཀྱང་མ་བྱོན་སྟབས་ཕྱི་མར་རྗེ་ཉིད་དང་དབྱེར་མེད་ཀྱི་དངོས་སློབ་གཅིག་དབུ་བླར་གཏོང་གདོས་ཞུས་པ་བཞིན་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་དགུང་ལོ་རེ་གཅིག་བོད་ཤིང་རྟ་སྤྱི་ལོ༡༤༡༤ལོར་ལི་ཐང་བརྒྱུད་རྒྱ་ཡུལ་དུ་ཕེབས།

ལོ་དེའི་ཟླ་བ་བཅུ་གཉིས་པའི་ནང་པེ་ཅིང་དུ་ཕེབས་ནས་ཕཱ་ཤིན་དིན་གྱི་ཕོ་བྲང་དུ་རྒྱལ་པོ་དང་མཇལ། རྒྱལ་པོ་ཐུགས་དགྱེས་ནས་བཀུར་སྟི་སྟོན་མོ་གཟབ་ཅིང་རྒྱས་པར་མཛད། བོད་ཤིང་ལུག་ཟླ༢ཚེས༩སྤྱི་ལོ༡༤༡༥ནས་བརྩམས་ཏེ་ཟླ་བ་གསུམ་གྱི་བར་གསང་བདེ་འཇིགས་གསུམ། ཕྱག་རྡོར་འཁོར་ཆེན། སྨན་བླ་རྣམས་ཀྱི་སྒྲུབ་མཆོད་སོགས་རྒྱས་པར་མཛད་པས་རྟགས་ཁྱད་པར་ཅན་བྱུང༌། གཞན་ཡང་གོང་མ་སྐུ་བསྙུངས་ནས་མ་བདེ་བར་གྱུར་པ་ལ་བཅོས་ཐབས་དང༌། རྗེས་གནང་མཛད་པས་བསྙུན་གཞི་ལས་གྲོལ་སྟབས་གོང་མ་ཤིན་ཏུ་དགྱེས་ནས་ཞྭཐམས་ཅད་མཁྱེན་པའི་བློ་གསལ་བ། འགྲོ་ཀུན་སྐྱོབ་པའི་བྱམས་པ་ཆེ་བ། རྒྱལ་ཁམས་མཐའ་དག་བདེ་ལ་འགོད་པ། ཀུན་གྱི་སྤྱི་བོར་དབང་བསྐུར་བ། ནུབ་ཕྱོགས་སངས་རྒྱས་ཀྱི་སྲས། ཆབ་སྲིད་བདེ་ཞིང་བསྟན་པ་གནས་པར་བྱེད་པའི་བླ་མ་ཆེན་པོ་ཏཱ་གུ་ཤྲཱི་བྱམས་ཆེན་ཆོས་རྗེ་ཟྭཞེས་གཟེངས་བསྟོད་ཀྱི་མཚན་དང་གསེར་གྱི་ཐམ་ག་བཅས་བསྩལ།

དེ་རྗེས་རྒྱལ་པོར་དབང་བསྐུར་ཆོས་གསུངས། རྒྱལ་པོ་སྙིང་ནས་དད་དེ་བསྙེན་བཀུར་རྒྱ་ཆེར་མཛད། བོད་རབ་བྱུང་བདུན་པའི་མེ་སྤྲེལ་སྤྱི་ལོ༡༤༡༦ལོའི་ཟླ་ལྔ་པར་བོད་ཀྱི་ཕྱོགས་སུ་ཞལ་བསྒྱུར། རྗེ་རིན་པོ་ཆེ་དང་མཇལ། གོང་མས་གནང་བའི་གནས་བརྟན་བཅུ་དྲུག་གི་སེའུ་ཐང་སོགས་ཕུལ༌། དེ་ནས་བདག་ཉིད་ཆེན་པོ་ཙོང་ཁ་པ་སེ་ར་ཆོས་ཛཱངས་སུ་ཕེབས་སྐབས་རྗེ་འདི་པར་ཆོས་སྡེ་ཞིག་འདེབས་དགོས་པའི་བཀའ་བཀོད་བཞིན་ས་ཕག་སྤྱི་ལོ༡༤༡༩ལོར་སྣེའུ་དཔོན་ནས་མཐུན་རྐྱེན་གང་དགོས་སྦྱར་ཏེ་གཙུག་ལག་ཁང་གི་རྨང་བཏིངས་ནས་སྤྱིལ་བུ་སོགས་རིམ་གྱིས་བཏབ།

དེ་ནས་སླར་ཡང་གོང་མ་ཡུང་ལོ་རྒྱལ་པོའི་གདན་ཞུ་བ་འབྱོར་ནས་རྗེ་ཙོང་ཁ་པའི་དངོས་སློབ་ཆོས་རྗེ་དར་རྒྱས་བཟང་པོ་སེ་རའི་གདན་པ་བར་བསྐོ་གཞག་གནང་ནས་ཤིང་འབྲུག་སྤྱི་ལོ༡༤༢༤ལོར་ནང་སར་ལན་གཉིས་པ་ཕེབས། གོང་མའི་ཕོ་བྲང་གི་ཁད་ཉེར་འབྱོར་སྐབས་གོང་མ་སྐུ་གཤེགས། འོན་ཀྱང་སྲས་ཟོན་དེས་ཡབ་རྒྱལ་པོ་ལས་ཀྱང་ལྷག་པའི་གུས་འདུད་མཛད། ཤིང་འབྲུག་ནས་ལོ་ངོ་བཅུ་གཉིས་ཙམ་གྱི་རིང་མཛད་འཕྲིན་བསྐྱངས་ཏེ་ཤིང་ཡོས་སྤྱི་ལོ༡༤༣༥ལོ་བུ་ཆེན་ཀོའོ་ཤིང་ཨ་མོ་ག་དང༌། བསོད་ནམས་ཤེས་རབ་གཉིས་ལ་ཞལ་བཀོད་གནང་ནས་བོད་ཕྱོགས་སུ་ཆིབས་ཁ་བསྒྱུར་བའི་ལམ་བར་མཛོ་མོ་སྒར་ཞེས་པའི་ས་གནས་སུ་དགུང་གྲངས་གྱ་གཉིས་བཞེས་པ་སྤྱི་ལོ༡༤༣༥ལོའི་ཟླ༡༠ཚེས༢༤ཉིན་སྐུ་གཤེགས།

དགོན་པ་འདིར་ཚོགས་ཆེན་དང༌། གྲྭ་ཚང་གསུམ་(སྨད་ཐོས་བསམ་ནོར་བུའི་གླིང་བྱེས་པ་མཁས་མང་གྲྭ་ཚང་ སྔགས་པ་གྲྭ་ཚང་)ལ་ཁམས་ཚན་སུམ་ཅུ་སོ་བཞི་བཅས་ཡོད་པ་དང༌། གྲྭ་གྲངས་ཐད་སེ་ར་ལྔ་སྟོང་ལྔ་བརྒྱ་ཞེས་བརྗོད་ཀྱང་འདུས་ཚོགས་མང་ཤོས་ཀྱི་སྐབས་སུ་སྒྲིག་ཞུགས་དགེ་འདུན་ཞལ་ གྲངས་བདུན་སྟོང་ལྷག་ཙམ་ཡོད། ད་ཡོད་གྲྭ་ཚང་སོ་སོའི་འཆད་ཉན་ཡིག་ཆའི་ཐད་བྱེས་གྲྭ་ཚང་གི་འཆད་ཉན་ཡིག་ཆ་དགའ་ལྡན་ཁྲི་ཐོག་ཉེར་གཉིས་པ་དགེ་འདུན་བསྟན་པ་དར་རྒྱས་ཀྱི་ཡིག་ཆ་ཡིན། དུས་ཕྱིས་སྔགས་པ་གྲྭ་ཚང་གིས་བཀའ་པོད་ལྔ་ལ་འཆད་ཉན་གནང་བའི་ཡིག་ཆ་ནི་བྱེས་གྲྭ་ཚང་དང་གཅིག་མཚུངས་ལགས་སོ།


ཆོས་སྡེ་ཆེན་པོ་འདིའི་སྐུ་གསུང་ཐུགས་རྟེན་བཞུགས་ཚུལ་མཚོན་ཙམ་བརྗོད་ན། དགོན་འདིའི་ཚོགས་ཆེན་འདུ་ཁང་ཀ་བ་བརྒྱ་དང་བརྒྱད། རྩིག་པ་རིམ་པ་གསུམ་ལྡན་རྒྱ་ཕིབས་དང་བཅས་པ་ལ་རྟེན་གྱི་གཙོ་བོ་འདུ་ཁང་དུ་བྱམས་ཆེན་ཆོས་རྗེའི་སྐུ་བརྙན་དང༌། གསེར་ཟངས་ཀྱི་རྒྱལ་བ་བྱམས་པ་ཐོག་སོ་ཉིས་བརྩེགས་ཀྱི་ཚད་རྫོགས་པ། གནས་བརྟན་བཅུ་དྲུག་སོགས་དང༌། གཙང་ཁང་ནུབ་ཏུ་གསེར་ཟངས་ལས་གྲུབ་པའི་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེའི་གདུང་རྟེན་ནང་ཞུགས་གདུང་གི་དབུ་ཐོད་དུ་རྒྱལ་བ་ཙོང་ཁ་པའི་ཕྱག་རྗེས་དང༌། རྗེ་ཉིད་ཀྱི་ན་བཟའ་བཅས་ཡོད་པ་འདི་དཔལ་འབྱོར་ལྷུན་པོའི་ས་སྐྱོང་དཔལ་འབྱོར་རྒྱལ་པོ་ཡུམ་སྲས་ཀྱིས་བཞེངས། གནས་བརྟན་ལྷ་ཁང་དུ་གནས་བརྟན་བཅུ་དྲུག གཙང་ཁང་དབུས་མ་བྱམས་པའི་སྐུ་གཟུགས་ལྷ་ཁང་དུ་ལྷ་བཟང་གིས་བཞེངས་པའི་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ། འཁོར་དུ་ཉེ་སྲས་བརྒྱད། ཁྲོ་བོ་གཉིས་དང་བཅས་པ་བཞུགས།

གཞན་ཡང་ཏཱ་མིང་རྒྱལ་པོས་བྱམས་ཆེན་ཆོས་རྗེར་ཕུལ་བའི་པད་རག་ལས་བྲིས་པའི་བཀའ་འགྱུར་རྒྱ་ཡིག་དང་བོད་ཡིག་མ་སོགས་བཞུགས། ཤར་གྱི་མགོན་ཁང་དུ་དཔལ་རྡོ་རྗེ་འཇིགས་བྱེད་དང༌། ནག་པོ་སྐོར་གསུམ་བཅས་པ་བཞུགས། བར་ཐོག་ཏུ་རྟེན་གཙོ་གུང་རུ་རྒྱལ་མཚན་བཟང་པོས་ཕ་བོང་ཁ་ནས་གདན་དྲངས་པའི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། རྗེ་འདིས་ཐུགས་རྗེ་ཆེན་པོ་སྐུ་རྒྱབ་ཏུ་བསྣམས་ཕེབས་སྐབས་ཀྱི་ཕྱག་རྟེན་སྦ་ཡི་འཁར་བ་(འདི་དེང་སང་སྨོན་ལམ་འདེབས་སའི་སྨ་ཡི་འཁར་བ་དེ་ཡིན་)དུར་ཁྲོད་བསིལ་བ་ཚལ་གྱི་རྡོ་ནག་ལས་གྲུབ་པའི་མགོན་པོ་ཕྱག་བཞི་པ། བལ་བོད་སོགས་ཀྱི་བཟོ་ཁྱད་ཕུན་སུམ་ཚོགས་པའི་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་ལི་དང་གསེར་ཟངས་ལས་གྲུབ་པ་བརྒྱ་དང་ཉི་ཤུ། ཐུགས་རྟེན་ཇོ་བོ་རྗེའི་ཚེམས་བཞུགས་པའི་གདུང་རྟེན་གྱིས་མཚོན་མཆོད་རྟེན་བརྒྱ་དང་ཉི་ཤུ། གསུང་རྟེན་སྡེ་སྲིད་ཟངས་རི་བའི་དུས་སུ་གསེར་དངུལ་ལས་བྲིས་པའི་བཀའ་འགྱུར་ཆ་ཚང་གཅིག་བཅས་བཞུགས།

དབུས་ཀྱི་བྱམས་པའི་བཞིན་རས་ལྷ་ཁང་གི་རྟེན་གཙོར་ལྷ་བཟང་གིས་བཞེངས་པའི་གསེར་ཟངས་ཀྱི་བྱམས་པ་ཉིས་ཐོག་གི་སྐུ་ཚད་ཅན། དེ་བཞིན་གོང་མ་ཏཱ་མིང་གིས་བྱམས་ཆེན་ཆོས་རྗེར་ཕུལ་བའི་ཐུབ་དབང་གི་སྐུ་སོགས་དང༌། ལྷ་གཅིག་རྒྱ་བཟས་བཏགས་པར་གྲགས་པའི་གོས་ཆེན་གྱི་གནམ་གདན་ངོ་མཚར་ཅན་སོགས་བཞུགས། ཡང་ཐོག་ཏུ་ཏཱ་ལའི་བླ་མའི་གཟིམ་ཆུང་དང་ལྷ་ཁང་འགའ་ཡོད།

སྨད་ཐོས་བསམ་གླིང་གྲྭ་ཚང་ནི་ཀུན་མཁྱེན་བྱང་ཆུབ་བུམ་པས་ཕྱག་བཏབ། རྟེན་གཙོར་འདུ་ཁང་ནང་སྨན་བླ་བློས་བསླངས་ཀྱི་དཀྱིལ་འཁོར། གསེར་ཟངས་ཀྱི་ཐུབ་དབང༌། རྒྱ་ནག་ནས་གདན་དྲངས་པའི་གསེར་ཟངས་ཀྱི་རྗེ་རིན་པོ་ཆེ། གསེར་ཟངས་ལས་གྲུབ་པའི་བྱམས་པ་དང༌། འཇམ་དབྱངས་གཉིས་ཀྱི་སྐུ་བརྙན་ཉིས་ཐོག་ཅན། དེ་བཞིན་དེ་མོ། ཚེ་སྨོན་གླིང༌། རྒྱལ་དབང་ཐུབ་བསྟན་རྒྱ་མཚོ། ཕ་བོང་ཁ་སོགས་ཀྱི་སྐུ་འདྲ་བཞུགས་ཡོད། གཙང་ཁང་ནུབ་ཀྱི་མགོན་ཁང་དུ་ཐ་འོག་ཆོས་རྒྱལ་ཆེན་པོ་དང༌། སླེའུ་ཆུང་པའི་ཕྱག་བཟོའི་འཇིགས་བྱེད། ནད་པོ་སྐོར་གསུམ། རྣམ་སྲས་བཅས་བཞུགས། ཤར་གྱི་གཙང་ཁང་དུ་རྗེ་ཙོང་ཁ་པ་ཆེན་པོ་དང༌། ཇོ་འབྲོམ་གཉིས། རྒྱལ་དབང་དང་པོ་ནས་བདུན་པའི་བར། ཕུར་ལྕོག་ངག་དབང་བྱམས་པ་སོགས་ཀྱི་འདྲ་སྐུ་ཡོད།

བར་ཐོག་ཉི་མ་ལྷ་ཁང་དུ་གཙོ་བོ་ཛྷེ་ཀྵིམ་ལས་གྲུབ་པའི་ཐུབ་པ་གྲོང་ཁྱེར་མ། འཕགས་པ་ལོ་ཀེ་ཤྭ་ར། བདེ་མཆོག་རྣལ་འབྱོར་མ། རྗེ་ཡབ་སྲས་གསུམ་སོགས་ཀྱི་སྐུ་བརྙན་ཤིན་ཏུ་མང༌། སུམ་ཐོག་ཏུ་ཚོམས་ཆེན་དང་གཟིམ་ཆུང་བཅས་ཡོད། ཡང་ཐོག་ཏུ་པར་ཤིང་གིས་བཀང་པ་བཅས་ཐོག་བརྩེགས་བཞི་ལྡན་གྱི་གྲྭ་ཚང་འདིར་མེ་སྐྱོན་བྱུང་རྗེས་དེ་མོ་རྒྱལ་ཚབ་ངག་དབང་འཇམ་དཔལ་ནས་གསར་སྐྲུན་མཛད་དེ་ད་ལྟའི་གྲྭ་ཚང་འདི་ཡིན།

བྱེས་མཁས་མང་གྲྭ་ཚང་ནི་བདག་ཉིད་ཆེན་པོ་ཙོང་ཁ་པའི་དངོས་སློབ་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེས་ཕྱག་བཏབ། གྲྭ་ཚང་འདིའི་འདུ་ཁང་ནང་གསེར་ཟངས་ལས་གྲུབ་པའི་རྭ་སྒྲེང་ཐུབ་བསྟན་འཇམ་དཔལ་གྱིས་མཚོན་པའི་སྐྱེས་ཆེན་དམ་པ་མང་པོའི་སྐུ་བརྙན་དང་གདུང་རྟེན་བཞུགས། ནུབ་ནས་ཞལ་ཤར་ལྟའི་གཙང་ཁང་དུ་དུས་གསུམ་སངས་རྒྱས་ཉིས་ཐོག་གི་སྐུ་ཚད་ལ་ཉེ་སྲས་བརྒྱད་ཀྱིས་བསྐོར་བ། རྟ་མགྲིན་ཁང་དུ་གཙོ་བོ་རྟ་མགྲིན་ཡང་གསང་དང༌། རྡོ་རྗེ་ཕུར་པ་་སོགས་བཞུགས་ཤིང་འདི་ནི་སེ་ར་དགོན་གྱི་རྟེན་གཙོའི་གྲས་ཤིག་ཡིན་པས་ལོ་ལྟར་བོད་ཟླ་༡༢ཚེས་༢༧ཉིན་སེ་ར་ཕུར་མཇལ་ཞེས་ཕུར་པ་འདིའི་མཇལ་ཁ་གཏོང་བའི་ཆོས་ལུགས་ཀྱི་དུས་སྟོན་ཞིག་ཁེལ། རྟ་མགྲིན་འདི་ནི་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེས་སེ་བའི་སྡོང་པོ་ནས་ཞལ་གཟིགས་ཏེ་ཆོས་གོས་གཡོགས་ནས་བཞེངས་པར་གྲགས་པ་དང་ཕུར་པ་དེ་ནི་གྲུབ་ཐོབ་དར་ཕྱར་བའི་གཏེར་མ་ཡིན་པར་གྲགས།

མཐའ་སྐོར་དུ་ཡང་གསང་ལྷ་དགུ་དང༌། རྣམ་ཐོས་སྲས། ལྕམ་སྲིང༌། གཞི་བདག་བཅས་བཞུགས། དེའི་ཤར་གྱི་གཙང་ཁང་དང་པོར་རྒྱལ་བ་བྱམས་པ། གཡས་སུ་ཤཱཀྱ་མུ་ནེ། སྟོན་པ་ཐུབ་པའི་དབང་པོ། རྒྱལ་མཆོག་སྐལ་བཟང་རྒྱ་མཚོའི་འདྲ་སྐུ། གཡོན་དུ་མཆོད་རྟེན་མང་པོ་དང་འཕགས་པའི་གནས་བརྟན་བཅུ་དྲུག་སོགས་བཞུགས། དེ་བཞིན་ཙོང་ཁ་ལྟ་ཁང་དང༌། འཇམ་དབྱངས་ལྷ་ཁང་བཅས་ཀྱི་ནང་དུ་ཡང་རྟེན་བྱིན་ཅན་མང་པོ་བཞུགས། བར་ཐོག་ཏུ་གཙོ་བོ་རྟ་མགྲིན་ཁམས་གསུམ་ཟིལ་གནོན༌། དང་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང༌། གསེར་ཟངས་ཀྱི་སྒྲོལ་མ༌། བརྒྱ་རྩ་བརྒལ་བ་སོགས་བཞུགས། རྗེས་སུ་ཕོ་ལྷ་མི་དབང་གིས་རྒྱ་སྐྱེད་མཛད་དེ་ད་ལྟའི་གྲྭ་ཚང་མཐོ་ཞིང་བརྗིད་ཆགས་པ་འདི་ཡིན།

སྔགས་པ་གྲྭ་ཚང་འདི་བཞིན་ཐོག་མའི་ཚོགས་ཆེན་འདུ་ཁང་ཡིན། འདུ་ཁང་གི་རྟེན་གཙོར་བྱམས་ཆེན་ཆོས་རྗེའི་སྐུ་བརྙན་དང༌། ཐུབ་དབང༌། བྱམས་པ། རྗེ་ཡབ་སྲས་གསུམ་ལ་སོགས་པའི་རྟེན་བྱིན་ཅན་དུ་མ་དང༌། གཙང་ཁང་ནུབ་ཏུ་ཏཱ་མིང་རྒྱལ་པོས་བྱམས་ཆེན་ཆོས་རྗེར་ཕུལ་བའི་འཕགས་པའི་གནས་བརྟན་བཅུ་དྲུག་དང༌། ཚེ་དཔག་མེད་ལ་བྱམས་ཆེན་ཆོས་རྗེ་ཉིད་ཀྱིས་རབ་གནས་མཛད་པ་དང༌། གཙང་ཁང་ཤར་དུ་བྱམས་ཆེན་ཆོས་རྗེ་ཉིད་ཀྱིས་ཐུགས་འཁུར་བཞེས་ཏེ་ཞ་ལུ་བ་ལེགས་པའི་རྒྱལ་མཚན་གྱི་ཕྱག་བཟོ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་བརྙན་སོགས་བཞུགས།

བར་ཐོག་ཏུ་རྟེན་གཙོ་རྒྱལ་བ་འོད་དཔག་མེད། གཙོ་བོའི་མཐའ་སྐོར་དུ་གུང་རུ་རྒྱལ་མཚན་བཟང་པོའི་སྐུ་དམར་གདུང་གི་མཆོད་རྟེན། རྗེ་ཉིད་ཀྱི་ཕྱག་བཟོའི་ཙོང་ཁ་པའི་སྨན་སྐུ་སོགས་བཞུགས། ཤར་གྱི་ལྷ་ཁང་ནུབ་ལྟར་གསང་བདེ་འཇིགས་གསུམ་གྱི་བློས་བསླངས་ཀྱི་དཀྱིལ་འཁོར་བཅས་བཞུགས། གྲྭ་ཚང་འདི་ཐོག་ཚད་རིམ་པ་གསུམ་དང་ལྡན་ཞིང་གསེར་ཟངས་ཀྱི་རྒྱ་ཕིབས་ཀྱིས་མཛེས་པར་བྱས་ཡོད།

གཞན་ཡང་ཆོས་སྡེ་འདིར་བཀའ་འགྱུར་དང་བསྟན་འགྱུར་སོགས་མདོ་སྔགས་ཀྱི་ཆོས་དཔེ་དང་ཡིག་ཆ་སོ་སོར་པར་ཤིང༌། འདུ་ཁང་སོ་སོའི་ནང་རྟོགས་བརྗོད་དང༌། ལོ་རྒྱུས། སངས་རྒྱས་བྱང་སེམས་མང་པོའི་སྐུ་བརྙན། ཆིང་རྒྱལ་རབས་དུས་ཀྱི་གོས་སྐུ་སོགས་གནའ་བོའི་རིག་རྫས་ཇི་སྙེད་ཅིག་ཉར་ཚགས་བྱས་ཡོད་པ་དང༌། ཕྱི་རུ་རྒྱལ་ཆེན་རིགས་བཞི་ལ་སོགས་པའི་ལྡེབས་བྲིས་ཚར་དུ་དངར་བ། དེ་བཞིན་གྲྭ་ཚང་སོ་སོར་ལྗོན་ཤིང་རབ་ཏུ་འཁྲིགས་པའི་ཆོས་ར་རེ་ཡོད། བོད་ཀྱི་གདན་ས་ཆེན་པོ་བཞིའི་ཡ་གྱལ་སེ་ར་ཐེག་ཆེན་གླིང་འདི་ནི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་གཏོགས་ཤིང༌། དད་ལྡན་མང་ཚོགས་དང༌། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཚོར་གནས་སྒོ་ཡངས་པོར་ཕྱེ་ཞིང་མཆིས་སོ།

ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།