FriAprFri2017

སྤེལ་དུས་མཐའ་མ།06:49:09 AM GMT

རྩོམ་གསར།:

བོད་ཀྱི་དུར་སྲོལ་རིག་གནས་ལས་བྱ་གཏོར་སྐོར་རགས་ཙམ་གླེང་བ།

བྱ་གཏོར་ནི་ནང་ཆོས་ཀྱི་ཕར་ཕྱིན་དྲུག་ལས་གཙོ་བོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མཚོན།

གཅིག  བྱ་གཏོར་གྱི་བྱུང་བ་མདོར་བསྡུས།

ཕུང་བོ་བྱ་གཏོར་གྱི་རིག་གནས་བོད་དུ་དུས་ནམ་ཞིག་དར་བ་དང་ཚུལ་ཇི་ལྟ་བུའི་སྒོ་ནས་དར་བའི་སྐོར་ལ་བཞེད་པ་མི་འདྲ་བ་རེ་ཟུང་མཆིས་ཀྱང་གཅིག་མཐུན་དུ་ནང་ཆོས་བོད་དུ་དར་བའི་འཕེལ་རིམ་བཞིན་དར་བར་གྲགས། “སྤྱི་ལོ་དུས་རབས༡༢པའི་དུས་མགོར། ཕ་དམ་པ་སངས་རྒྱས་ཀྱིས་སྲོལ་བཏོད་པའི་ཞི་བྱེད་ཅེས་གྲུབ་མཐའ་ཞིག་བོད་དུ་དར་བས། དེ་ལས་མ་གཅིག་ལབ་སྒྲོན་གྱི་ཕུང་བོ་གཟན་བསྒྱུར་གྱི་གདམས་པ་ཕག་ལེན་མཛད་པ་དང་། གཅོད་གཏོང་བའི་སྲོལ་དེ་དར་ཁྱབ་ཆེན་པོ་བྱུང་ཡོད།

ཕུང་བོ་གཟན་བསྒྱུར་གྱི་གདམས་ངག་དེའི་ཤུགས་རྐྱེན་གྱིས་བོད་མིས་རང་ཉིད་ཚེ་ལས་འདས་རྗེས། ཕུང་བོ་སྦྱིན་པར་བཏང་སྟེ་སྦྱིན་པའི་འབྲས་བུ་བཟང་པོ་ཞིག་སྨིན་ནས། སྐྱེ་བ་ཕྱི་མར་མཐོ་རིས་ཀྱི་སྐྱེ་གནས་ཐོབ་པའི་རེ་བ་བཅོལ་བར་གྲགས།” ཞེས་པ་དང་། “བོད་དུ་བྱར་གཡེང་འདས་མཆོད་ཀྱི་གོམས་སྲོལ་ཆེས་ཐོག་མ་ནི་འབྲི་གུང་བཀའ་བརྒྱུད་པ་རིན་ཆེན་དཔལ(༡༡༤༣ནས༡༢༡༧)གྱིས་གསར་དུ་བཏོད་པའི་འབྲི་གུང་དགོན་པའི་བྱར་གཡེང་དུར་ཁྲོད་ནས་དབུ་བརྩམས་ཤིང་དར་ཞེས་པའི་བཤད་རྒྱུན་དུ་འབྲི་གུང་རིན་ཆེན་དཔལ་ཉིད་ཀྱིས་དུས་རབས༡༡པའི་ནང་འབྲི་གུང་རི་ཞེས་པའི་གནས་རི་དེ་ནས་ཏིང་ངེ་འཛིན་སྒོམ་པའི་སྐབས་སུ། ཁོང་གི་སྒོམ་མཛད་པའི་རི་དེ་ནི་སྲིན་མོ་ཞིག་གི་ལུས་སྤྲུལ་ཡིན་པར་མཁྱེན་ཞིང་། དེའི་ཤར་ཕྱོགས་ཀྱི་རི་ནི་སྤྱན་རས་གཟིགས་དང་། ལྷོ་རི་ནི་བེེ་རོ་ཙ་ན། ནུབ་རི་ནི་གསང་བདག་ཕག་ན་རྡོ་རྗེ། བྱང་རི་ནི་ལྷ་མོ་དབྱངས་ཅན་མ་དང་འདྲ་བར་མཐོང་ལ། ཕྱོགས་བཞི་རི་བོའི་རྩེ་མོ་དང་ཁོར་ཡུག་ནགས་ཚལ་ཆེ་ཆུང་བརྒྱད་ཡོད་པ་དེ་དག་ཀྱང་རྒྱ་གར་ཡུལ་གྱི་དུར་ཁྲོད་ཆེན་མོ་བརྒྱད་དང་འདྲ་བར་མཐོང་།

གནས་རི་དང་ནགས་ཚལ་དེ་དག་ཏུ་ལྷ་དང་འདྲེ་སྲིན་གདུག་པ་ཅན་མང་དུ་གནས་པའི་ཚོགས་དག་ནི་རིམ་གྱིས་ཞི་བའི་ལྷ་འདྲེ་རུ་གྱུར་ཏེ། ཉིན་ཞིག་ནགས་ཚལ་ཆེ་ཆུང་བརྒྱད་པོ་ནས་ཡ་མཚར་བའི་འོད་ཀྱི་ཟེར་མི་འདྲ་བ་བརྒྱད་རང་ས་ནས་འཕྲོས་ཏེ། གཅིག་ལ་གཅིག་འཐིམས་ཀྱིས་མཐའ་མར་གཞི་གཅིག་ཏུ་འདྲེས་ཤིང་། མུ་མཐུད་ནས་ཁ་དོག་སྣ་ལྔ་བཀྲ་བའི་འཇའ་གུར་ཆེན་པོ་ཞིག་ཤར་བ་དང་དེའི་དབུས་ནས་རྡོ་ཆེན་པོ་ཞིག་བྱུང་སྟེ་འབྲི་གུང་ས་ཆའི་དེང་གི་དུར་ཁྲོད་ཀྱི་གནས་དེར་ལྷུང་ལ། སྟེང་དུ་མཚོན་མདོག་ལྡན་པའི་མ་ཎི་ཡིག་དྲུག་རང་བྱོན་བབས་ཡོད་པའི་ལྟས་ཁྱད་པར་བ་དག་བྱུང་བར་ཁོང་གི་ཐུགས་སུ། གལ་ཏེ་གནས་འདིར་དུར་ཁྲོད་ཅིག་གི་གཞི་བཅོས་ན་དུར་བསྐྱལ་བའི་འདས་པོ་ཡོད་དོ་ཅོག་སྤྱན་རས་གཟིགས་སོགས་ལ་དངོས་མཇལ་དང་། དེའི་ནུས་པས་དམྱལ་བར་ལྷུང་མི་སྲིད་དོ་སྙམ་ནས། ཁོང་གིས་རང་ཉིད་ཀྱི་སློབ་མ་དང་དད་ལྡན་སྐྱེས་བུའི་ཚོགས་ལ་རང་ཉིད་ཀྱི་ཚོར་རྟོགས་དང་ཐུགས་བསམ་ཐམས་ཅད་སྒྲོན་པས། འབྲི་གུང་ནས་བྱར་གཡེང་བའི་དུར་སྲོལ་དེ་གསར་དུ་ཕྱེའོ།།”ཞེས་པ་བཞིན་འབྲི་གུང་བཀའ་བརྒྱུད་པའི་སྐབས་སུ་བོད་ལ་བྱ་གཏོར་དུར་སྲོལ་དར་བ་ཤེས་ནུས་སོ།

གཉིས། བྱ་གཏོར་གྱི་བརྒྱུད་རིམ་དང་དེ་དང་འབྲེལ་བའི་ཆོ་ག

༡.སར་བལྟ་བ།
རྟགས་རྟེན་འབྲེལ་ལ་ཡིད་ཆེས་ཡོད་པའི་མི་རིགས་ཤིག་ཡིན་པས་བེམ་པོ་བྱ་གཏོར་མ་བྱས་པའི་ཡར་སྔོན་དུ་ངེས་པར་ས་རྟགས་རྒྱག་དགོས་ཏེ། དེ་ཡང་དགེ་འདུན་པ་འགའ་རེ་དང་སྐྱེས་བུ་ཉམས་མྱོང་ཡོད་པ་འགས་བྱ་གཏོར་བྱེད་ཡུལ་དུ་རབ་གནས་བྱེད་དགོས་པ་དང་། དེར་མཐུད་རྨུ་ཐག་འཐེན་པ་ཡིན་ལ། བེམ་པོའི་སྙིང་ཁྲག་འཕོ་སར་བལ་གཏེར་འབུལ་དགོས། མཐའ་མར་བེམ་པོ་མི་ཉུག་པའི་ཆེད་དུ་རྟེན་རྡོ་འཇོག་དགོས་སོ།

༢.སྐར་མ་འགྲོ་བ།
རྟེན་འབྲེལ་གྱི་དབང་གིས་སྐར་མར་འགྲོ་བའི་ཉིན་གཏན་ཁེལ་བྱས་རྗེས་འདུན་པ་ཞུ་བ་སོགས་བསང་ཕུལ་མཆོད་སྒྲུབ་དང་མ་ཎི་བསྐོལ་བ་ཡིན། དེ་ཡང་དགེ་ལུགས་པ་ཡིན་ན་སྨོན་ལམ་དང་རྙིང་མ་བ་ཡིན་ན་བར་དོའི་ལམ་སེལ་འདོན་པ་ཡིན། ལམ་བར་གྱི་དཀྱོགས་མཚམས་རེ་རེ་ནས་ཚ་ཚ་རེ་འཇོག་དགོས་པ་ཡིན། འདས་པོ་དང་ལོ་འཁོར་མི་གཅིག་པའི་མི་དག་ཕུད་རྗེས་ཀྱི་སྐྱེས་བུ་དག་ངེས་པར་གྲངས་ཀ་ཡ་བྱས་ཏེ་འགྲོ་བ་ཡིན་ལ། དེ་ཡང་འབྲོག་ཁུལ་དང་རོང་ཁུལ་གྱི་འགྲིམ་འགྲུལ་ཡོ་བྱད་མི་གཅིག་པའི་དབང་གིས་འབྲོག་ཕྱོགས་ནས་བེམ་པོ་གཡག་ལ་བཀལ་ཏེ་དུར་ཁྲོད་དུ་འགྲོ་ལ་གཡག་སྒ་དེའི་ཁ་ཕྱིར་བསྐོར་ཏེ་བཏོལ་དགོས་པ་དང་མི་གྲངས་ཡ་བྱས་ནས་འགྲོ་བ། ཚ་ཚ་འཇོག་དགོས་པ་སོགས་ཀྱང་འདས་པོའི་རྣམ་ཤེས་རང་ཡུལ་དུ་འཁོར་བའི་རྟེན་འབྲེལ་ལ་བརྟག་པ་རེད། རོང་ཁུལ་དུ་རྒྱ་ལྕོག་གྲུ་བཞི་ཞིག་གིས་བེམ་པོ་ཁུར་བ་རེད།

༣.བེམ་པོ་དོ་དམ་བྱེད་ལུགས།
དེ་ཡང་འདས་པོའི་བེམ་པོ་དུར་ཁྲོད་དུ་མ་བསྐྱལ་པའི་ཡར་སྔོན་དུ་དོ་སྣང་བྱ་དགོས་པ་ནི། བེམ་པོ་ཡོད་སར་ཁྱི་དང་བྱི་ལ་འགྲོ་བ་གཏན་འགོག་བྱ་དགོས། ལྷག་པར་བྱི་ལ་འགྲོ་བར་གཟབ་གཟབ་བྱ་སྲོལ་ཡོད། གང་ལགས་ཤེ་ན། སེམས་ཅན་དེ་དག་གི་སྤུ་ལ་གྲ་ཡོད་པས་བེམ་པོའི་སྟེང་ལྷུང་བའམ་འགོས་པ་འདྲ་བྱུང་ན་རོ་ལངས་རྒྱག་པའི་བཤད་རྒྱུན་ཡོད། བེམ་པོ་ཁྱིམ་དུ་འཇོག་པའི་དུས་ཚོད་ནི་ཉིན་གསུམ་ནས་ལྔའི་བར་ཡིན་ལ་ཉིན་དེའི་མཐའ་མར་འདས་པོའི་ཤ་ཉེ་རྣམས་ཀྱིས་བེམ་པོ་རོ་བཅས་བྱེད་དེ། ཐོག་མར་བེམ་པོའི་གྱོན་པ་ཕྱིས་ནས་དྲི་གཙང་གི་ཆུས་བཀྲུས་རྗེས་རས་དཀར་པོས་དཀྲིས་ནས་འཇོག་པ་ཡིན། དེ་ནི་སྐྱེ་བ་ཕྱི་མར་ལུས་གཙང་མ་ཞིག་ལེན་ཆེད་དུ་ཡིན་པར་བཤད་ལ། གཞན་བེམ་པོར་གཙང་སྦྲ་དོད་པོ་བྱུང་ན་བྱ་རྒོད་ཀྱིས་མྱུར་བཞེས་ཀྱི་ཁྱད་པར་ཡོད་ཟེར།

བེམ་པོ་ཙོག་པུར་འདུག་སྟངས་དེ་མའི་མངལ་གྱི་འདུག་སྟངས་དང་རྡོ་རྗེ་སྐྱིལ་ཀྲུང་གི་འདུག་དབྱིབས་ལྟར་བཟོས་ནས་དྲུག་ཆིངས་ཀྱི་མདུད་པ་ཕུལ་བ་ཡིན། རོང་ཁུལ་ཡིན་ན་རྒྱ་ལྕོག་གྲུ་བཞི་ཞིག་ཁ་བསླངས་ཏེ་གཡས་གཡོན་སོ་སོའི་འོག་ཏུ་རྒྱུག་པ་ཕྲ་ལ་དྲང་པ་རིང་པོ་རེ་བཏང་། རྩྭ་ཐག་གམ་རས་ཐག་གིས་དམ་པོར་བཅིངས། དེའི་ནང་ཕུང་བོ་ཙོག་ཙོག་ཏུ་བཞག ཁང་པའི་སྒོའི་ཕྱིར་ཚ་གསུར་གཏོང་། ཕུང་བོ་ཡོད་པའི་ཁྱོགས་ཤིང་མི་བཞིས་དཔུང་འགྱོགས་ཀྱིས་འཁྱེར། དེ་ནས་ཚ་གསུར་ཡོད་ས་དེར་གཡས་བསྐོར་གསུམ་དང་གཡོན་བསྐོར་གསུམ་བརྒྱབ་ནས་དུར་ཁྲོད་དུ་འཁྱེར་འགྲོ་ཞིང་ཤ་རུས་ཉེ་འབྲེལ་གྱི་སྐྱེ་བོ་རྣམས་ཀྱིས་སྐྱེལ་མ་བྱེད། བེམ་པོ་དུར་ཁྲོད་དུ་སྐྱེལ་བའི་དུས་ནི་རྒྱུན་པར་ཞོགས་པ་ཡིན་ཏེ། ཞོགས་པའི་དུས་ལ་བྱ་རྒོད་ཀྱིས་ཟས་གཞན་ཅི་ཡང་ཟོས་མེད་པས་བེམ་པོ་ལྷག་ལུས་མེད་པར་བཟའ་ནུས་པ་རེད།

༤.བྱ་གཏོར་གྱི་རྣམ་བཞག
བེམ་པོ་དུར་ཁྲོད་དུ་བསྐྱལ་ནས་བསླེབས་པ་ན་སེར་མོ་བ་ཞིག་གིས་གཞི་བདག་གཏོར་མ་བཏོན་ཏེ་ས་སློང་དགོས་པ་དང་ཚ་གསུར་ཕུལ་ནས་བྱ་འབོད་ཀྱི་ཆོ་ག་སྒྲུབ་པ་ཡིན། བེམ་པོ་དེའི་འཇོག་སྟངས་ནི་རྩ་བའི་བླ་མའི་གསུང་ལྟར་དུ་འཇོག་དགོས་པ་དང་བེམ་པོའི་སྙིང་ཁྲག་འཕོ་སའི་གནས་སུ་བལ་གྱིས་གཏེར་བྱས་ཏེ་རྟགས་བརྒྱབ་ཡོད་པས་བེམ་པོའི་མཆན་བལ་གཏེར་བྱས་པའི་ས་ལ་ཁེལ་དུ་འཇུག་དགོས་པ་ཡིན། ཡུལ་སྲོལ་མི་འདྲ་བའི་དབང་གིས་བྱ་གཏོར་བྱེད་པར་བེམ་པོ་གཙབས་པ་དང་ཧྲིལ་བོ་བྱ་གཏོར་བྱེད་སྲོལ་གཉིས་ཡོད་པ་ལས་མཚོ་ལྷོ་ནས་མང་ཆེ་བས་བེམ་པོ་ཧྲིལ་བོར་བྱ་གཏོར་བྱེད། བྱ་གཏོར་བྱས་པའི་ཕྱི་ཉིན་བེམ་པོ་བྱ་ཡིས་ཟོས་མེད་པ་དང་ཤུལ་དུ་ལྷག་ཡོད་པ་ཡིན་ན་དེ་དག་དུམ་བུར་བཏང་སྟེ་བྱར་གཡེང་དགོས།

ཕུང་ཤ་རྣམས་ཟོས་ཚར་རྗེས་རུས་པ་རྡོ་ཡིས་བརྡུངས་ནས་ཞིབ་བུར་བཅགས་ཏེ་ཐོད་པའི་ཀླད་པ་དང་བསྲེས་ནས་བྱ་ཚོགས་ལ་སྦྱིན་པ་དང་། ཤུལ་དུ་ལུས་པའི་ཁྲག་ཀྱང་རྩམ་པ་དང་བསྒྲེས་ནས་བྱ་རེ་ལ་སྐལ་རེ་གནང་ནས་གཙང་དག་བྱེད་པ་ཡིན། དེ་ནས་བེམ་པོའི་མགོ་སྐྲ་དང་གྱོན་པ་རྣམས་ལོགས་ཤིག་ནས་མེར་སྲེག་གཏོང་བ་དང་། མཐའ་མར་དགེ་སློང་གཉིས་ཙམ་ཟུར་དུ་གདན་དྲངས་ནས་བརྒྱད་སྟོང་བ་ཚར་གཅིག་དག་འདོན་ཞུས་ཏེ་བྱ་གཏོར་གྱི་བྱ་བ་མཇུག་རྫོགས་པར་བྱེད་དོ།

གསུམ། བྱ་གཏོར་དུར་སྲོལ་ལས་མཚོན་པའི་བསམ་བློ།

བྱ་གཏོར་དུར་སྲོལ་གྱི་སྙིང་བོའི་ཁུངས་གཏུག་སའང་ནང་ཆོས་ཡིན་ཞིང་ནང་ཆོས་ཀྱི་ཕར་ཕྱིན་དྲུག་ལས་གཙོ་བོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མཚོན་པ་ཡིན་ཏེ། སྟག་མོ་ལུས་སྦྱིན་སོགས་སངས་རྒྱས་ཀྱིས་སློབ་པ་ལམ་གྱི་གནས་སྐབས་སུ་སེམས་ཅན་གྱི་དོན་དུ་མགོ་དང་ཡན་ལག ཉིང་ལག་སོགས་གང་འདོད་དུ་སྦྱིན་པའི་རྣམ་ཐར་སོགས་ནང་བ་སངས་རྒྱས་པའི་རང་དོར་གཞན་གཅེས་ཀྱི་བསམ་བློའི་དཔེ་མཚོན་ཡོད། དེའི་ཕྱིར་སྙིང་རྗེ་དང་ལྷག་བསམ་གྱིས་ཁེངས་པའི་མི་རིགས་འདིས་ལས་རྒྱུ་འབྲས་ལ་ཡིད་ཆེས་དང་ཁྲེལ་ངོ་ཚ། མི་དགེ་བ་བཅུ་སྤངས་ནས་ཚེ་འདི་ཕྱི་གཉིས་ཀའི་བྱ་གཞག་ལ་ངང་གིས་འཇུག་པ་ཡིན།

འགྲོ་བ་སེམས་ཅན་ཐམས་ཅད་རང་གི་མ་རུ་མ་གྱུར་པ་གཅིག་ཀྱང་མེད་པར་འདོད་པ་ལ་རང་ནུས་གང་ཡོད་ཀྱིས་དྲིན་ལན་འཇལ་དགོས་པའི་བསམ་བློ་བླ་ལྷག་ཡོད་པ་ལས། བྱ་གཏོར་བྱེད་པ་ནི་འབྲི་གུང་བ་དཀོན་མཆོག་རྒྱ་མཚོས“གཤིན་པོའི་ཕུང་བོ་དེ་ཡང་དོན་མེད་དུ་མ་དོར་བར་གཞན་ཕན་གྱི་དམིགས་ཡུལ་རླབས་པོ་ཆེ་ཞིག་ལ་བཅོལ་བའི་རླབས་ཆེན་གྱི་བསམ་བློ་ཞིག་དང་གསོན་པའི་དུས་སུ་ལུས་ངག་ཡིད་གསུམ་སེམས་ཅན་ཀུན་གྱི་དོན་དུ་བཀོལ་བར་མ་ཟད། ཤི་བའི་བེམ་པོ་ཡང་སེམས་ཅན་གྱི་བཀྲེས་སྐོམ་སེལ་ཕྱིར་ཤ་ཁྲག་སྦྱིན་པར་གཏོང་བའི་ནང་ཆོས་ཐེག་ཆེན་གྱི་སྙིང་སྟོབས་དེ་བོད་མི་རིགས་ཀྱིས་ཉམས་ལེན་བྱས་པའི་མཚོན་རྟགས་ཤིག་ཀྱང་རེད།” ཅེས་གསུངས་ཡོད་པས་བོད་མི་ཡོངས་ཀྱིས་རང་ཉིད་གསོན་པའི་དུས་སུ་ཡར་དཀོན་མཆོག་ལ་མཆོད་པ་དང་མར་དབུལ་ཕོངས་ལ་སྦྱིན་པ་གཏོང་རྒྱུ་དེ་ནི་མཐར་ཐུག་གི་མི་ཚེའི་ལྟ་ཚུལ་ཞིག་ཏུ་གྲུབ་ལ། ཐ་ན་རང་ཉིད་ཤི་བའི་དུས་སུའང་ཤ་ཁྲག་གི་ཕུང་བོས་འདབ་ཆགས་སེམས་ཅན་ཚོགས་ལ་སྦྱིན་པ་བཏང་ན་དགེ་བའི་ཚོགས་རྒྱ་ཆེན་པོ་བསགས་པའི་སྨོན་འདུན་བཅངས་ཡོད།

ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།