ThuAprThu2019

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

དོན་གྲུབ་རྒྱལ་སྐུ་གཤེགས(༡༩༨༥།༢༠༡༥)ནས་ལོ་འཁོར༣༠ལོན་པའི་དུས་དྲན།

དོན་གྲུབ་རྒྱལ་(༡༩༨༥།༢༠༡༥)སྐུ་གཤེགས་ནས་མི་ལོ་༣༠འཁོར་པའི་དུས་དྲན།

སྙན་ངག་གསར་པའི་རྦབ་ཆུ་དྲག་ཏུ་འཕྱོ།བོད་ནི་དུས་ཡུན་རིང་པོར་བྱིས་པ་བསམ་མེད་ཞིག་ལྟར་གོག་མ་ནུར་གྱིས་འོངས་ཏེ་ཕྱི་དཔལ་འབྱོར་དང༌།ནང་བསམ་བློའི་ཐད་རྨོངས་ཞེན་དང་བག་འཁུམ་གྱི་ངང་ནས་ཐར་ཐུབ་མེད། དེ་ནི་གཙོ་བོ་ཆོས་ལུགས་ཀྱི་རྨོངས་དད་དང༌། སྲོལ་རྒྱུན་གྱི་བག་ཆགས་རྒྱུན་རིང་བས་ཡིན་ངེས། འོན་ཏེ་མཁས་དབང་དགེ་འདུན་ཆོས་འཕེལ་སོགས་བསམ་བློ་བ་རེ་གཉིས་འཚར་ལོངས་རྒྱས་པའི་བར་གླགས་ནས་ནོར་བུ་ནོར་ངོ་མ་ཤེས་པར་ཁྲིམས་ཀྱི་མུན་ཁུང་དུ་བཅུག་ཏེ་འུ་ཚོས་དཀར་ངོགས་ཀྱི་འཇིག་རྟེན་མཐོང་ཐུབ་མེད། དུས་རབས་ཉི་ཤུ་པ་ནི་འཛམ་གླིང་སྤྱི་དང་ཡང་སྒོས་སུ་བོད་ཀྱི་ལོ་རྒྱུས་ཐོག་དྲག་འགུལ་ཆེ་ཞིང་དགའ་སྡུག་གི་ཚོར་བ་ཆེས་རྣོ་བའི་བར་སྐབས་ཤིག་རེད།

1980ཡར་མར་ནས་བཟུང་བློ་མིག་དྲང་ཞིང༌། རིག་པ་སྐྱེན་པའི་ན་གཞོན་སྐོར་ཞིག་ནར་སོན་ནས་བོད་ཀྱི་སྤྱི་ཚོགས་ལ་ཁ་གཏད་པའི་བསམ་བློའི་ཚ་རླབས་དྲག་ཏུ་འཕྱུར་ཏེ་བྱས་རྗེས་མི་ཉུང་བ་བཞག་ཡོད།དེ་དག་གི་ཁྲོད་ནས་འབུར་དུ་ཐོན་ཞིང་ཕུལ་དུ་བྱུང་བའི་སྐུ་ཞབས་དོན་གྲུབ་རྒྱལ(1953-1985)ལགས་ནི་བོད་ཀྱི་རིག་གནས་ཐོག་ལ་གྲུབ་འབྲས་དམིགས་སུ་ཐོན་མཁན་ཞིག་རེད། འོན་ཀྱང་བོད་མི་མང་པོ་ཞིག་གིས་ཁོང་ནི་ལྟ་ལོག་དང་བསྟན་གཤིགས་སོགས་ཀྱི་མིང་བོས་ཏེ་སྐྱོན་ཆ་མང་པོས་བསྙད་བཏགས་ཤིང༌།དེ་ལས་ཀྱད་ཛ་དྲག་པ་ནི་བོད་ཀྱི་སེར་མོ་བས་རྣ་བ་གཅིག་བཀབ་སྟེ་གཅིག་གིས་ཉན་པའམ་མིག་གཅིག་བཙུམས་ནས་གཅིག་གིས་བལྟས་ཏེ་དོན་གྲུབ་རྒྱལ་ནི་རྣ་ནང་གི་འབུ་དང༌།མིག་ནང་གི་ས་རྡུལ་ལྟ་བུར་འཛིན་ཡོད།

དེའང་དོན་གྲུབ་རྒྱལ་སེར་མོ་པ①འི་མིག་ནང་དུ་མི་འཛའ་དོན་མང་པོ་ཞིག་སྣང༌།གཙོ་བོ་སྤྲུལ་སྐུ་དང༌།སྲོལ་རྒྱུན་ལ་དགག་པ་བརྒྱབ་པས་རེད།ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་སླར་ཡང་བོད་ལ་དར་ཏེ་བོད་མི་བྱིངས་ཀྱི་སེམས་ལ་ཡུན་རིང་པོར་བཙན་གྱིས་མནན་པའི་དད་པ་དང་མོས་པ།ཡིད་ཆེས་དང་བྱམས་སེམས་རང་དབང་གིས་འཇོག་ཆོག་པའི་གོ་སྐབས་བྱུང་ཞིང༌།སེར་མོ་པའི་སྡེ་རྒྱ་ཆེན་པོ་འཕེལ་ཏེ་མི་དམངས་ལ་ཆོས་ལུགས་ཁ་རུ་བཏགས་ནས་མི་ཉེས་པ་སྣ་ཚོགས་བྱས་ཤིང༌།དེ་བཞིན་སེར་མོ་བས་སྤྲུལ་སྐུ་ཆེས་བླ་རུ་བཀུར་བ་དང༌།དགོན་པ་ཕལ་མོ་ཆེ་ལ་དག་ལ་མ་མཐའ་སྤྲུལ་སྐུ་རེ་རེ་ཡོད་ལ།དགོན་པ་ལ་ལར་སྤྲུལ་སྐུ་བཅུ་ལས་མང་བའང་མཆིས།སྤྲུལ་སྐུ་ནི་དགོན་པ་དེའི་གཙོ་བདག་ཏུ་ངོས་འཛིན་བྱེད་པ་དང༌།སྤྲུལ་སྐུས་ཕྱག་ལས་བཟང་ངན་ཅི་ཙམ་བྱས་ཀྱང་སྨད་མི་དཔེ།དེ་བས་དགོན་པ་གང་ཡིན་ནའང་སྤྲུལ་སྐུར་མཐོང་ཆེན་བྱེད་པ་ལས་མཁན་པོའམ་དཔེ་ཆ་བ་ལ་ལྟ་ཚུལ་བཟང་པོ་འཆང་མཁན་ཧ་ཅང་ཉུང༌།སྤྲུལ་སྐུ་རང་ངོས་ནས་དགོན་པ་འདིའི་དགོན་བདག་ཏུ་ངའོ་སྙམ་པའི་ང་རྒྱལ་ཡོད་ལ།སེར་མོ་བས་སྤྲུལ་སྐུ་བྱེད་པ་པོ་ལྟ་བུའི་ངོས་འཛིན་གྱིན་ཡོད།འདི་འདྲའི་གཙོ་བོ་དང་ཕལ་བའི་ལྟ་ཚུལ་ནི་ཧ་ཅང་ཡོད་པའི་དུས་སྐབས་སུ་དོན་གྲུབ་རྒྱལ་གྱིས1980ལོའི་ཟླ1ཚེས25སྟེ་རང་ལོ་ཉེ་བདུན་སྟེང་ནས་《སྤྲུལ་སྐུ》ཞེས་པའི་བརྩམས་སྒྲུང་བྲིས་ཏེ་སྤྲུལ་སྐུའམ་སྤྲུལ་སྐུ་རྫུན་མའི་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་དང༌།ངོ་ཚ་ཁྲེལ་མེད་ཀྱི་ལས་ཉེས་དག་སྣང་བརྙན་དུ་བཞེངས་ནས་ངན་པ་སུན་འབྱིན་དང༌།མི་ལེགས་པ་ཐེར་འདོན་ནན་མོ་བྱས་ལ། 1981ལོའི《སྦྲང་ཆར》དེབ་གསུམ་པའི་སྟེང་དུ་སྤེལ་ནས་བོད་ཀྱི་སྤྲུལ་སྐུ་དང༌།སྤྲུལ་སྐུ་སྐྱབས་གནས་ཉིད་དུ་འཛིན་པའི་སྐྱ་སེར་མང་པོའི་བླུན་དད་ལ་ཉེན་བརྡ་བཏང་སྟེ་བག་འཁུམ་དང་སྒྱིད་ལུག་གི་སྤྱི་ཚོགས་ལ་གཡོ་འགུལ་ཆེན་པོ་བཟོས།དེའི་དབང་གིས་སྤྲུལ་སྐུའམ་སེར་མོ་བའི་མིག་ནང་དུ་དོན་གྲུབ་རྒྱལ་ནི་ལྟ་ལོག་བསྟན་དགྲ་ཞེས་ཚིག་མཚོན་གྱི་མདའ་མོ་མང་པོ་བསྣུན་པ་དང༌།སྡིགས་དམོད་དང་ཟུར་ཟ་སོགས་མཐའ་ཡས་པ་བྱས།ད་ལྟའང་སེར་མོ་བ་ཕལ་ཆེར་གྱི་སེམས་ན་དོན་གྲུབ་རྒྱལ་ནི་མི་ཁ་ན་ཁོག་ནག་ཞིག་ཡིན་སྙམ་པའི་འཛིན་སྟངས་ཤིག་སྲ་གཟུགས་སུ་གྲུབ་ཡོད་པས་དོན་གྲུབ་རྒྱལ་མི་བཟང་པོ་རེད་ཅེས་བཤད་ན་ཁོ་ཚོས་ཏན་ཏན་སྡང་མིག་བགྲད་ཅིང༌།ཁྱོད་ཀྱང་ལྟ་བ་ལོག་འདུག་ཅེས་བཤད་ངེས།དེ་ཙམ་གྱིས་དོན་གྲུབ་རྒྱལ་དཔའ་ཆགས་ཤིང་སྒྱིད་ལུག་པར་མི་ནུས་ཏེ། “ངག་ལས་སེམས་ཅན་ཐམས་ཅད་ཀྱི་འཕྲིན་ལས་སྒྲུབ་པར་ཁས་འཆེས་ཀྱང༌།དོན་ལ་རང་དོན་འབའ་ཞིག་མ་གཏོགས་བསམ་རྒྱུ་མེད་པའི་སེར་མོ་པ་འདི་དག་གི་ནང་དུ་རྒོད་བྲོ་བའི་ཨ་ཙ་ར་ཤིན་ཏུ་མང་སྟེ།གདོང་ལ་འབག་གྱོན་ནས་འཆམ་བྱེད་མཁན་དང་ཕྱོགས་མཚུངས་པས་སོ།།ཁོ་བོ་ནི་བསྟོད་སྨད་ཀྱི་འབེན་དུ་གྱུར་ཀྱང་རུང་གིས་ཚེ་འདིར་ནི་དེ་དག་གི་ལྡོག་ཟླར་མཐའ་གཅིག་ཏུ་ལངས་རྩིས་ཡོད”ཅེས་པ་འདིས་གོ་ཐུབ།

སྲོལ་རྒྱུན་གྱི་ཕྱོགས་ནས་བལྟས་ན།དོན་གྲུབ་རྒྱལ་གྱིས་སྙན་ངག་རྙིང་པས་མ་འོངས་པའི་བོད་ཀྱི་དགོས་མཁོ་སྐོང་མི་ཐུབ་པ་དམིགས་ཏེ་སྙན་ངག་གསར་པ་ནང་འདྲེན་བྱས་ནས་སྔོན་གྱི་སྙན་ངག་པ་དག་གིས་སྤྲུལ་སྐུའམ་ཆོས་ལུགས་ཀྱི་ཕྱོགས་ལ་བསྟོད་རྩོམ་རྐྱང་པ་བྲིས་ཏེ་འུད་བརྗོད་དང་ཁ་ཡག་ངོ་དགའ་སུས་ཀྱང་མི་ཁོག་པའི་གཏམ་ཤ་འོད་བཞིན་འཕྱོ་བ་དག་ལས་ལྡོག་སྟེ་མི་སྒེར་རང་ཉིད་ཀྱི་མྱོང་ཚོར་དང༌།དྲན་སྟངས་ཤར་མར་འབྲི་བའི་སྨྱུག་ཁ་གསར་བསྒྱུར་བྱས་པ་དེས་སེར་མོ་བའི་སེམས་ལ་འགལ་ཟླ་བཟོས་ཤིང༌། 1983ལོར《སྦྲང་ཆར>དེབ་གཉིས་པའི་སྟེང་དུ《ལང་ཚོའི་རྦབ་ཆུ》སྤེལ་ཏེ་སྙན་ངག་གསར་པའི་རྦབ་ཆུ་དྲག་ཏུ་འཕྱོ་བས་སྐྱ་བོ་དང༌།ཆེད་དུ་སེར་མོ་བས་སྙན་ངག་ཡིན་ན་ཚིགས་བཅད་དང་ཚིག་ལྷུག་སྤེལ་མ་གསུམ་པོ་གང་རུང་ཡིན་པས་ཁྱབ་སྙམ་པའི་སེམས་ཀྱི་དམ་བཅའ་གཏོར་ཏེ་བོད་ཀྱི་རིག་གནས་ཀྱི་ཞིང་ས་ལ་སྙན་ངག་གསར་པའི་མྱུ་གུ་ཞིག་འབུས་པ་རེད། ཁོ་ཚོས་སེམས་ཀྱིས་མ་བཟོད་ནས་སྔོན་ནས་བོད་ལ་རང་མོས་སྙན་ངག་ཡོད་ཅེས་པ་དང༌།ཡང་ན་སྙན་ངག་རྐང་ཆག་མ་ཞེས་མིང་དུ་བཏགས་ཀྱང་ད་ནི་རང་མོས་སྙན་ངག་གི་འཕྲིན་ལས་ཆེས་ཆེར་དར་ནས་བསམ་ཡུལ་ལས་འདས་པར་གྱུར་ཡོད།ལང་ཚོའི་རྦབ་ཆུས་ན་གཞོན་དག་གི་ལང་ཚོའི་སྟོབས་དང་ཟིལ་ཤུགས་མཚོན་པར་བྱས་ཏེ་བསམ་ཕོད་པ་དང་བསྒྲུབ་ཕོད་པའི་སྙིང་སྟོབས་ལ་ཟུར་དང་ངོས་མི་འདྲ་བ་ནས་བསྟོད་བསྔགས་བྱས་ཡོད།

ཡང《རྐང་ལམ་ཕྲ་མོ》1984ལོའི་ཟླ1ཚེས25ཉིན་བྲིས་ཤིང༌།ལོ་དེའི《སྦྲང་ཆར》དེབ་གསུམ་པའི་སྟེང་དུ་སྤེལ་ཏེ་རྐང་ལམ་ལྟ་བུའི་སྲོལ་རྒྱུན་རིག་གནས་རྐྱང་པས་དུས་རབས་ཀྱི་རྗེས་མི་ཆོད་པ་རྟོགས་ཏེ་གཞུང་ལམ་ལྟ་བུའི་རིག་གནས་གསར་པ་ནང་འདྲེན་དང་གསར་གཏོད་ཀྱི་སྦྱོར་བ་བརྩམས་པ་རེད།དེ་སྔ་བར་དུ་བོད་མི་རྣམས་རྐང་ལམ་ཕྲ་མོ་བརྒྱུད་དེ་འོངས་ཤིང་ད་དུང་རྐང་ལམ་འདི་ཁོ་ནས་ཆོག་པར་སྙམ་པའི་ཆོག་ཤེས་ཤིག་ཡོད།ལྷག་ཏུ་སེར་མོ་བས་ཁ་ནས་མ་གྱུར་འགྲོ་བ་སེམས་ཅན་ཐམས་ཅད་བརྗོད་དེ་སེམས་ལ་གྲུབ་མཐའི་ཕྱོགས་རིས།ཆོལ་ཁའི་དབྱེ་བ།ཡུལ་ལུང་ཁང་ཚན་སོགས་ཀྱི་ཕྱོགས་ཞེན་རྐྱང་པས་རྒྱུད་སྦོས་ཏེ་སྲོལ་རྒྱུན་གྱི་རྐང་ལམ་འདི་ཁོ་ནས་ཆོག་པར་འདོད།དེ་བས་ཁོ་ཚོར་གནས་གསར་པ་བསུ་བའི་སྙིང་སྟོབས་མེད་ལ།བོད་མི་ཡིན་ན་ནང་ཆོས་ལ་དད་མོས་དགོས་པར་བཤད་ཅིང༌།ནང་ཆོས་ཀྱིས་ཆོས་འཇིག་རྟེན་གཉིས་ཀའི་དགོས་མཁོ་བསྒྲུབ་ཐུབ་པའི་འཛིན་སྟངས་ལོག་པ་ཞིག་བཅངས་ཏེ་ཆོས་སྲིད་ཐ་དད་དམ།ནང་ཆོས་ཁོ་ནས་འཇིག་རྟེན་གྱི་དགོས་དོན་འགྲུབ་མི་ཐུབ་པའི་བསམ་ཚུལ་ཙམ་བཤད་ན་ལྟ་ལོག་བསྟན་གཤིག་གི་ཚིག་ངན་སེར་བ་ཕབ་ཕབ་བྱས་དང་བྱེད་བཞིན་པ་རེད།འོན་ཀྱང་ཁོང་ནི་གཞན་གྱིས་སྐྱོན་བརྗོད་དང་འཆའ་སྨོད་ཅི་ཙམ་བྱས་ནའང་རིག་གནས་གསར་པའི་གཞུང་ལམ་གྱི་ཕྱོགས་སུ་གོམ་པ་སྤོས་ཏེ་ང་ཚོར་ཡལ་བ་མེད་པའི་རིག་གསར་གྱི་སྙིང་སྟོབས་བཞག་ཡོད།

ད་དུང་དོན་གྲུབ་རྒྱལ་སེར་མོ་བའི་ཡིད་ལ་མི་འཐད་ཚུལ་མང་ནའང་གཙོ་བོ་ཁོང་གི་འཐུས་ཚབ་བརྩམས་ཆོས་བརྩམས་སྒྲུང《སྤྲུལ་སྐུ》དང༌།སྙན་ངག《ལང་ཚོའི་རྦབ་ཆུ》ལྷུག་རྩོམ《རྐང་ལམ་ཕྲ་མོ》གསུམ་གྱི་ངོས་ནས་སྤྲོས་བརྗོད་བྱས་ཡོད།

ངའི་མིག་ནང་གི་དོན་གྲུབ་རྒྱལ་ཅི་ལྟར་ཡིན་སྙམ་ན།སྔོན་ཆད་ངའང་ཁོང་ལ་དགའ་པོ་མེད།དེ་ནི་ཕ་ཡུལ་གྱི་སེར་མོ་བའི་སྐད་ཆའི་ཤན་ལས་ཡིན་སྲིད།ཡང་ན་ཁོར་ཡུག་གིས་ངང་ངམ་ཤུགས་ཀྱིས་བསླངས་མིན་ཅི་ཆ།ཡང་ན་གཞན་གྱི་གཡམ་ལ་རྒྱུག་པས་ཡིན་ན་ཐང༌།གང་ལྟར་སྐབས་དེ་དུས་ངས་དོན་གྲུབ་རྒྱལ་གྱི་འཇིག་རྟེན་ལྟ་ཚུལ་དང༌།མི་ཚེའི་རིན་ཐང་རྟོགས་མེད།
དེ་ནས་ལོ་འདི་དག་གི་རིང་ལ་བོད་ཀྱི་རྩོམ་འབྱུང་ལོ་རྒྱུས་དང༌།རང་གྲོལ་ལགས་ཀྱི་བརྩམས་ཆོས་སྐོར་ཞིག 《ལང་ཚོའི་རྦབ་ཆུ》སོགས་ཀྱི་རྩོམ་དཔྱད། 《རང་གྲོལ་ཉེ་འཇལ》དང༌། 《རང་གྲོལ་ཞིབ་འཇུག》སྐོར་གྱི་དཔེ་ཆ་འགངས་ཆེན་འགའ་ལ་བལྟས་ཏེ་གཟོད་ཁོང་ནི་སྔོན་གྱི་ལྟ་ཚུལ་ལས་ལྡོག་སྟེ་ན་གཞོན་ཤེས་ཡོན་ཅན་དུ་མཐོང༌།འདི་ནི་བོད་མི་རྒན་པས་སྤྲུལ་སྐུ་ལ་དད་པ་འཇོག་སྟངས་དང༌།བོད་ཀྱི་ཆོས་ལུགས་པས་ཆོས་བརྒྱུད་ལ་ཕྱོགས་རིས་བྱེད་ཚུལ་དང་ཡེ་ནས་མི་འདྲ།

རང་གྲོལ་ནི་དུས་རབས་རྙིང་པ་ནས་དུས་རབས་གསར་པ། སྤྱི་ཚོགས་རྙིང་པ་ནས་སྤྱི་ཚོགས་གསར་པ།མི་རབས་རྙིང་པ་ནས་མི་རབས་གསར་པ།ལྟ་བ་རྙིང་པ་ནས་ལྟ་བ་གསར་པར་འགྱུར་ལྡོག་འབྱུང་བཞིན་པའི་སྐབས་སུ་ཀྲོང་ངེར་འགྱིང་བའི་ན་གཞོན་ལྕགས་ལ་ངར་ལྡན་པ།གྲི་ལ་རྣོ་འབར་བ་ཞིག་ཏུ་མཐོང༌།ཁོང་ནི་བོད་ཀྱི་དེང་རབས་རྩོམ་རིག་གསར་པའི་སྣེ་འདྲེན་པ།ལོ་རྒྱུས་མཁན་པོ། བསམ་བློ་བ། ལོ་ཙཱ་བ་བཅས་ཡིན་ཞིང་ལྷག་ཏུ་སྙན་ངག་དང་བརྩམས་སྒྲུང་གི་ངོས་ནས་བཅིངས་གྲོལ་དང་གསར་བརྗེ་ཆེན་པོ་བྱས་ཏེ་བོད་ཀྱི་རྩོམ་རིག་གི་ཐོག་ནས་གྲུབ་འབྲས་བླ་ན་མེད་པ་ཐོན་ཡོད།ངས་ཁོང་ལ་གདེང་འཇོག་བྱེད་དགོས་ས་མང་པོ་ཞིག་མཐོང་གི་འདུགདེ་ནི་གསར་གཏོད་ཀྱི་སྟོབས་ལྡན་པ།དཀོན་མཆོག་ལ་རྨོངས་དད་མི་བྱེད་པ།མི་རིགས་ཀྱི་ལ་རྒྱ་མངའ་བ།གནས་ལུགས་དང་རིགས་པས་བདེན་པ་བདར་བ།ངོ་ལོག་རྒྱག་ཕོད་པ།འཆི་བ་ལ་སྙིང་སྟོབས་འབར་བ་བཅས་རེད།
གཞན་ཁོང་གིས་མི་འདང་སའང་ངེས་པར་མང་པོ་ཡོད་ལ།གཙོ་བོ་རྒྱུ་འབྲས་ཀྱི་གནད་དོན་ལ་བློ་མིག་བློ་འཁོར་མ་ཐུབ་ས་མང་པོ་འདུག་སྙམ་པའི་ཚོར་སྣང་སྐྱེས་སོང༌།

དེ་རིང་ངས་རྗེས་དྲན་རྩོམ་ཡིག་འདྲི་དོན་ནི་རང་གྲོལ་ལགས་ཀྱི་ཆེད་དུ་མིན་པར་གཙོ་བོ་རང་ཉིད་དང་སེར་མོ་བའི་ཆེད་དུ་ཡིན། དེས་ན་རང་གིས་མཐོང་ཐོས་དང་བསམ་ཚུལ་བརྗོད་པའི་ཡིག་ཚོགས་འདི་ལ་མི་དགེ་བའི་ཆ་དང༌།རིན་ཐང་མེད་སྲིད་ཀྱང་གང་ཟག་ཆེ་གེ་མོ་འགའི་རྗེས་དྲན་དང་འདས་མཆོད་འཚོགས་པ་ལས་འདི་ཉིད་ལྷག་པ་ཐེ་མི་ཚོམ།

ཞེས་སྤྱི་ལོ2015ཟླ11ཚེས29ཉིན་ཁམས་སྟོད་ཟུར་མང་ནས་བྲིས།

མཆན། ①སེར་མོ་པ་ཞེས་པ་འདིས་བོད་ཀྱི་སེར་མོ་པ་ཀུན་ལ་འཇུག་པ་མིན་པར་དོན་གྲུབ་རྒྱལ་ལ་མི་དགའ་བའི་སེར་མོ་པ་དག་ལ་དགོས།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།