ThuAprThu2019

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

བོད་ཀྱི་ས་ཁམས་ཆགས་ཚུལ།

གངས་རིའི་ར་བས་བསྐོར་བའི་འཛམ་གླིང་གི་ཡང་རྩེ་བོད།

དེ་ཡང་རང་རེའི་མཁས་དབང་སྔ་མ་དག་གིས་བོད་ཡུལ་འདི་ཐོག་མར་རྒྱ་མཚོ་ཆེན་པོ་ཞིག་ཡིན་པ་ལ་རྗེས་སུ་རིམ་གྱིས་མཚོ་བྲི་ནས་སྐམ་ས་བྱུང་ཚུལ་གསུངས་པ་བཞིན་ཚན་རིག་མཁན་པོ་རྣམས་ཀྱིས་ཀྱང་ཡུལ་འདི་ཐོག་མར་རྒྱ་མཚོ་ཆེན་པོ་ཞིག་ཡིན་ཞིང་། གནམ་གཤིས་ནི་དྲོད་གཤེར་གཉིས་ལྡན་གྱི་རང་བཞིན་ཡོད་པ་དང༌། ལོ་ཧྲིལ་པོའི་ཚ་གྲང་ཆ་སྙོམས་བྱས་ན10℃ཡས་མས་ཡིན་པ་ལ། ལོ་གྲངས་དུང་ཕྱུར་མང་པོའི་རིང་ས་ཐམས་ཅད་འཕུར་ཞིང་བརྡབ་པ་ལ་བརྟེན་ནས་རིམ་བཞིན་གྱེན་དུ་འཕར་ཏེ། དེང་དུས་ཀྱི་འཛམ་གླིང་ཡང་རྩེའི་སྐམ་ས་ཆེན་པོ་འདི་ཉིད་བྱུང་བར་དགོངས་པ་གཅིག་མཐུན་དུ་ངོས་འཛིན་གནང་གིན་ཡོད།


འཛམ་གླིང་ཡང་རྩེའི་ཡུལ་གྲུ་འདིར་ལོ་རྒྱུས་ཐོག་ཤར་ཕྱོགས་སུ་རྒྱ་ནག་དང༌། ལྷོར་རྒྱ་གར། ནུབ་ཏུ་པ་ཀི་སི་ཐན། བྱང་ཕྱོགས་ལི་ཡུལ་རྣམས་ཀྱི་ས་མཚམས་དང་འབྲེལ་ཞིང༌། ས་ཁད་ཀྱང་ཤར་ལྷོ་གཉིས་ཀྱི་ཕྱོགས་སུ་དམའ་ལ། ནུབ་བྱང་གཉིས་སུ་མཐོ་སྟེ། དཔེར་ན། མངའ་རིས་དང༌། ནག་ཆུ། རྨ་སྟོད། ཆུ་དམར་ལེབ་བཅས་ལ་རྒྱ་མཚོའི་ངོས་ལས་མཐོ་ཚད་མུས4500རུ་སླེབས་ཀྱི་ཡོད་པ་དང༌། རྫ་ཡུལ་སོགས་རོང་ཁུལ་དམའ་ཤོས་རྣམས་སུ་རྒྱ་མཚོའི་ངོས་ལས་མཐོ་ཚད་མུས1400ཙམ་ལས་མེད། ཆ་སྙོམས་ཀྱི་མཐོ་ཚད་དེ་རྒྱ་མཚོའི་ངོས་ལས་མུས2800ཡན་དུ་སླེབས་ཀྱིན་ཡོད་ལ། ས་ཁད་མཐོ་ཞིང་གྲང་ངར་ཆེ་བ། མཁའ་དབུགས་སྲབ་པའི་ས་ཁུལ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ཀྱང༌། དོན་དུ་ས་ཁམས་དྭངས་ལ་མཁའ་དབུགས་གཙང་བའི་ས་ཁུལ་ཞིག་ཡིན་སྟབས། རིམས་ནད་སོགས་མི་ཡི་ཚེ་སྲོག་ལ་གནོད་པའི་ནད་རིགས་དག་ས་ཆ་གཞན་ལས་ཉུང་བར་མ་ཟད། གཏེར་ཁ་དང༌། ནགས་ཚལ། སྨན་རིགས། རི་དྭགས། གཅན་གཟན། བྱ་རིགས་སོགས་དངོས་མང་སྣ་འཛོམས་ཀྱི་ས་ཁུལ་ཞིག་ཡིན།

རི་ཐམས་ཅད་མཐོ་ཞིང་གཟར་བ་སྟེ། དཔེར་ན། རྒྱ་མཚོའི་ངོས་ལས་མཐོ་ཚད་མུས8848ཡན་ལ་སླེབས་པའི་འཇིག་རྟེན་འདིར་ཚད་མཐོ་ཤོས་ཀྱི་རི་བོ་སྟེ། རི་བོ་ཇོ་མོ་གླང་མ་ཉིད་ཡུལ་འདིའི་གཙུག་རྒྱན་ལྟར་གནས་ཤིང༌། གཞན་ཡང་དེ་དང་ཆ་འདྲ་བའི་གངས་དཀར་ཏི་སེ། གཉན་ཆེན་ཐང་ལྷ། རྨ་ཆེན་སྦོམ་ར། རོང་བཙན་ཁ་བ་དཀར་པོ་ལ་སོགས་པའི་རི་ཆེན་པོ་དུ་མ་དང་ལྡན་ལ། ཆུ་ཐམས་ཅད་དྭངས་ཤིང་བསིལ་བ་སྟེ། མ་ཕམ་གཡུ་མཚོ་དང༌། གནམ་མཚོ་ཕྱུག་མོ། ཡར་འབྲོག་གཡུ་མཚོ། ཁྲི་ཤོར་རྒྱལ་མོ་ལ་སོགས་པ་ལྡེམ་ལྡེམ་དུ་འཁྱིལ་བའི་མཚོ་དང༌། ཡར་ཀླུང་གཙང་པོ། རྒྱལ་མོ་རྔུལ་ཆུ། རྨ་འབྲི་རྫ་གསུམ་ལ་སོགས་པ་ལྷང་ལྷུང་དྲག་ཏུ་འབབ་ཅིང་ཉ་སྲམ་སོགས་ཆུར་གནས་སྲོག་ཆགས་རིགས་མི་འདྲ་བ་དུ་མ་གནས་པའི་དྭངས་བསིལ་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་ཆེན་པོ་ཡང་ཧ་ཅང་མང༌།

ཡུལ་འདིའི་ས་ཐམས་ཅད་གཏེར་གྱིས་གང་བ་སྟེ། གཟི་དང༌། ཁྲ་མན། ཁྱུང་སྐྱུགས། ནལ་ལ་སོགས་པ་མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེ་དང༌། གསེར་དང༌། དངུལ། ཟངས། ལྕགས་ལ་སོགས་པ་བཞུ་བའི་ཁམས་ཀྱི་རིན་པོ་ཆེའི་རིགས་དང༌། ཁབ་ལེན་དང༌། གསེར་རྡོ། དངུལ་རྡོ། ལྕགས་རྡོ་ལ་སོགས་པ་བཞུ་བའི་ཁམས་ཀྱི་རྡོ་རིགས་དང༌། སྦལ་རྒྱབ་དང༌། གངས་ཐིགས། རྡོ་སོལ། ཡུགས། ལྷང་ཚེར། མཐིང་རྒྱུས་ལ་སོགས་མི་བཞུ་བའི་ཁམས་ཀྱི་རྡོ་རིགས་སོགས་གཏེར་ཁའི་རིགས་ཆེ་ཕྲ་དཔག་ཏུ་མེད་པ་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཕྱོགས་ཐམས་ཅད་ན་ཐོན་གྱིན་ཡོད།

གཞན་ཡང་གཙང་པོའི་ཤར་ཕྱོགས་དང་ལྷོ་ཕྱོགས་ཀྱི་ས་ཁུལ་མང་ཆེ་བ་ཚ་རོང་ཞིང་པའི་ས་ཁུལ་ཏེ། ཙན་དན་དང་སྤོས་དཀར། ཨ་གར། ཐང་ཤིང༌། ཤུག་པ། སྨྱུག་མ་ལ་སོགས་པའི་ནགས་ཀླུང་རབ་ཏུ་རྒྱས་པ་དེ་དག་གི་ཁྲོད་དུ་སྟག་དང༌། གཟིག དོམ། དྲེད་ལ་སོགས་པ་གཅན་གཟན་གྱི་རིགས་མི་འདྲ་བ་དུ་མ་དང༌། རྒྱ་དང༌། གཙོད། གླ་བ་ལ་སོགས་པའི་རི་དྭགས་ཀྱི་རིགས་མི་འདྲ་བ་དུ་མས་གང་བ་མ་ཟད། ནེ་ཙོ་དང༌། རྨ་བྱ། འཇོལ་མོ་ལ་སོགས་སྐད་སྙན་སྣ་ཚོགས་སྒྲོག་པའི་བྱ་རིགས་མི་འདྲ་བ་དུ་མའང་མང་དུ་གནས་ལ། ཛ་སུག་ཀོ་གསུམ། ཅུ་གུམ་ལི་གསུམ། ཨ་བ་སྐྱུ་གསུམ་ལ་སོགས་པ་རོང་ཁུལ་དུ་སྐྱེས་པའི་རྩི་སྨན། ཐང་སྨན། ཤིང་སྨན། སྔོ་སྨན་ལ་སོགས་པ་སྨན་གྱི་རིགས་སུ་གྱུར་པ་ཡང་མ་ཚང་བ་མེད་ཅིང༌། ཀུ་ཤུ་དང༌། རྒུན་འབྲུམ། ངང་ལག ཚ་ལུ་མ་ལ་སོགས་པ་ཤིང་ཐོག་དང་སྔོ་ཚལ་གྱི་རིགས་ཁྱད་པར་ཅན་ཐོན་པའི་ཁུངས་ཀྱང་ཡོད། ཐོན་སྐྱེད་ཀྱི་གཙོ་བོ་ཞིང་ལས་ལ་བྱེད་ཅིང་འབྲས་དང༌། གྲོ། ནས། བྲ་བོ། སོ་བ། སྲན་མ། མ་རྨོས་ལོ་ཏོག་ལ་སོགས་པའི་འབྲུ་རིགས་སྣ་ཚོགས་འབྱུང༌། དུས་བཞིའི་གནམ་གཤིས་ཀྱང་ཚ་གྲང་ཅུང་ཟད་སྙོམས་པོ་ཡིན་ཏེ། ལྷོ་བྲག་དང༌། མཚོ་སྣ། སྨིན་གླིང༌། མེ་ཏོག རྫ་ཡུལ། ཆུ་ཆེན། རྨུ་གླིང་སོགས་ཀྱི་ས་ཆ་རྣམས་རེད། ཡུལ་འདི་དག་གསོ་རིག་གཞུང་དུ་རླན་ཅན་སྣུམ་པ་བད་ཀན་གྱི་ཡུལ་ཞེས་པ་དེ་ཤས་ཆེ་བ་ཙམ་ཡིན།


གཙང་པོའི་ནུབ་ཕྱོགས་དང་བྱང་ཕྱོགས་ཕལ་ཆེ་བ་ནི་རྒྱ་ཆེ་མཐའ་ཡས་པའི་རྩྭ་ཐང་ཡིན་ལ། རྫ་རི་དང་གངས་རི་མང་པོ་ཡོད་པ་དེ་དག་ཏུ་རྩྭ་ཆུ་མོད་ལ་སྨན་རིགས་མང་བ་སྟེ། གཟའ་དུག་ནག་པོ་དང༌། ཧོང་ལེན། བོང་དཀར། སྲོ་ལོ། གཡའ་ཀྱི་མ། གང་ག་ཆུང༌། བྱ་རྒོད་སུག་པ། དཔའ་བོ་དཀར་སེར། སྤང་རྒྱན་མེ་ཏོག ཨུད་པལ། ལུག་མིག ཚེར་སྔོན། སྟག་ཤ ཨུག་ཆོས། ལུག་རུ། ཀྱི་ལྕེ། ཤང་དྲིལ། མེ་ཏོག་སེར་ཆེན་ལ་སོགས་པ་རྩི་སྨན་དང༌། སྔོ་སྨན་མཐའ་ཡས་པ་ཞིག་སྐྱེ་པ་དང༌། སུ་རུ་དང༌། སྤེན་མ་ལ་སོགས་པའི་ཤིང་ཕྲན་ཡང་སྐྱེ། སྤྱང་ཀི་དང༌། འཕར་བ། བྱང་དྲེད་ལ་སོགས་གཅན་གཟན་གྱི་རིགས་དང༌། རྐྱང་དང༌། འབྲོང༌། ཤ་བ། གཙོད། དགོ་བ་ལ་སོགས་པའི་རི་དྭགས་ཀྱི་རིགས་མི་འདྲ་བ་མང་པོ་གང་དགར་རྒྱུ། ཐོན་སྐྱེད་ཀྱི་གཙོ་བོ་ཕྱུགས་ལས་ཡིན་ཞིང༌། སྒོ་ཕྱུགས་ནི་རྟ་དང༌། ནོར། ལུག་རྣམས་གཙོ་བོ་ཡིན་ལ། ནོར་ལའང་འབྲི་དང༌། གཡག མཛོ། མཛོ་མོ་ཞེས་པའི་དབྱེ་བ་ཡོད། དགྲ་རྐུན་གཅན་གཟན་སོགས་འགོག་བྱེད་ཀྱི་ཁྱི་གསོ་བའི་སྲོལ་ཡོད་ལ་ཁྱི་ཆེན་པོ་ཡིན་ན་རིན་ཐང་ཆེན་པོར་བརྩི། དབྱར་གྱི་དུས་སུ་མེ་ཏོག་སྣ་ཚོགས་བཀྲ་བའི་སྤང་ལྗོངས་ལྷ་ཡུལ་ལྟར་མཛེས་པས་འགྲོ་བ་ཐམས་ཅད་ཀྱི་ཡིད་དབང་འཕྲོག་ཅིང༌། སྟོན་གྱི་དུས་སུ་རྩི་ཤིང་རྣམས་བསྐམས་ཏེ་རི་ཀླུང་ཐམས་ཅད་གསེར་མདོག་ཏུ་ཆགས་པ། དགུན་གྱི་དུས་སུ་གྲང་ལྷགས་ཆེ་བས་ཆུ་བོ་ཐམས་ཅད་དར་གྱི་སྦུབས་སུ་འཐུམས་པ། རི་ཀླུང་ཐམས་ཅད་ཁ་བའི་རྡུལ་གྱིས་ཁེངས་ཏེ་དཀར་སང་སང་དུ་འགྱུར་བ། དཔྱིད་ཀྱི་རྩྭ་ལོ་རྙིང་པ་ཟད་ཅིང་གསར་པ་མ་སྐྱེས་པར་རི་ཐང་ཐམས་ཅད་ནག་པོར་ཆགས་པ་བཅས་དུས་བཞིའི་རྣམ་འགྱུར་ཧ་ཅང་གསལ་བ་སྟེ། དགེ་སྐྱིད་དང༌། སྒེར་རྩེ། ནག་ཆུ། ཆུ་དམར་ལེབ། མཚོ་སྔོན་པོའི་ཉིན་སྲིབ། རྨ་སྟོད། མགོ་ལོག གསེར་ཐར་སོགས་ཀྱི་ས་ཆ་རྣམས་རེད། ཡུལ་འདི་དག་གསོ་རིག་གཞུང་དུ་ངད་ཅན་གྲང་བ་རླུང་གི་ཡུལ་ཞེས་པ་དེ་ཤས་ཆེ་བ་ཙམ་ཡིན།

ལྷོ་བྱང་གཉིས་ཀྱི་དཀྱིལ་དྲང་པོར་ཤར་མཐའ་ནས་ནུབ་མཐའི་བར་གྱི་ཡུལ་གྲུ་དེ་དག་ཕལ་ཆེར་རོང་མ་འབྲོག་གི་ས་ཁུལ་ཏེ། ཞིང་ལས་ཀྱི་ཐོན་སྐྱེད་ཅུང་ཟད་དར་ལ། ཕྱུགས་ལས་ཀྱང་ཅུང་ཟད་དར་བ། རོང་འབྲོག་གཉིས་ཀའི་ས་ཆ་ཡོད་པ་སྟེ། རུ་ཐོག རྩ་མདའ། ཆབ་མདོ། སྡེ་དགེ མི་ཉག རྒྱལ་རོང༌། བསང་ཁོག ཆབ་ཆ་སོགས་ཀྱི་ས་ཁུལ་རྣམས་ཡིན་ལ། ཡུལ་འདི་དག་གསོ་རིག་གཞུང་དུ་བསྟན་པའི་སྐམ་ས་ཚ་གདུང་ཆེ་བ་མཁྲིས་པའི་ཡུལ་ཞེས་པ་དེ་ཤས་ཆེ་བ་ཙམ་ཡིན།
དེང་དུས་ས་གཤིས་རིག་པའི་སྒོ་ནས་བཤད་ན། བོད་ཀྱི་ཡུལ་དབུས་ལྷ་ས་ནི་ཤར་ཐིག91དང་བྱང་ཐིག30ཡི་འཕྲད་མཚམས་སུ་གནས་ཡོད་ཅིང༌། ཤར་ནུབ་གཉིས་ཀྱི་མཐའ་དེ་ཤར་ཐིག78དང105ཡི་བར་དུ་གནས་པ་དང༌། ལྷོ་བྱང་གཉིས་ཀྱི་མཐའ་དེ་བྱང་ཐིག26ནས39བར་གནས་ཡོད། །

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།