SatAugSat2019

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

ཆོས་རྒྱལ་སྲོང་བཙན་སྒམ་པོ།

ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོའི་མཛད་པ་རྣམ་ཐར་གྱི་སྐོར་བཞུགས།

ཕོ་བྲང་བྱམས་པ་མི་འགྱུར་གླིང་དུ། སྤྱི་ལོ་༦༡༧མེ་གླང་ལོརམཚན་ལྟས་བཟང་པོ་དང་བཅས་ཡུམ་འབྲི་བཟའ་ཐོད་དཀར་ལ་སྲས་ཤིན་ཏུ་ངོ་མཚར་བ་ཞིག་འཁྲུངས་པས།

ཡབ་གནམ་རི་སྲོང་བཙན་ཐུགས་རབ་ཏུ་དགྱེས་ཏེ། ཁྲི་སྲོང་བཙན་ཞེས་མཚན་གསོལ་ཞིང་བཙས་སྟོན་རྒྱ་ཆེན་གནང༌།

དེ་ནས་སྤྱི་ལོ་༦༡༩ཙམ་ལ་སྲས་མོ་སད་མ་ཀར་དང་འཁྲུངས་པ་དང༌། ༦༢༡ལོར་སྲས་གུང་རི་གུང་བཙན་འཁྲུངས།

སྤྱི་ལོ་༦༢༩ལོར་ཟུ་ཙེ་སོགས་ཀྱིས་ནང་ཁུལ་ཟིང་འཁྲུག་བསླངས་ནས་ཡབ་ལ་དུག་དྲངས་ནས་སྐུ་སྲོག་འཆོར་སྐབས། རྒྱལ་སྲིད་སྲས་ཁྲི་སྲོང་བཙན་ལ་གནང་ནས། བློན་ཆེན་མགར་སོགས་ལ་བརྟེན་ནས་ནང་ཁུལ་གཙང་སེལ་དང༌། ཆབ་འབངས་ངོ་ལོག་ཚང་མ་ཕྱིར་འགུགས་ཀྱིས་བོད་ཁམས་གཅིག་འགྱུར་བྱེད་དགོས་པའི་ཞལ་ཆེམས་ཀྱང་གནང༌།

ཁྲི་སྲོང་བཙན་རྒྱལ་ཁྲིར་ཕེབས་ཏེ། བློན་ཆེན་མགར་སོགས་ལ་བཀའ་ཕབ་ནས། ཐོག་མར་ཡབ་བཀྲོངས་མཁན་གྱི་སྐུ་འཁོར་མི་ངན་དག་རྩད་གཅོད་ཀྱིས་མི་ཚང་རྒྱུད་པ་དང་བཅས་པ་ཚར་བཅད་པས། བློན་འཁོར་ཚང་མས་ཐུགས་བཙན་ཞིང་སྒམ་བརླིང་དང་ལྡན་པར་མཐོང་ནས། མཚན་ལ་སྲོང་བཙན་སྒམ་པོ་ཞེས་གྲགས།

དེ་ནས་དྭགས་པོ་དང༌། ཀོང་པོ། མྱང་པོ་བཅས་ངོ་ལོག་པ་རྣམས་ཀྱང་ཞི་དྲག་ཐབས་ཚུལ་དུ་མས་བློ་ཁ་ཕྱིར་བསྒྱུར་ཅིང་ཟིང་འཁྲུག་ཞི་འཇགས་བཏང༌།

བློན་ཆེན་མྱང་མང་པོ་རྫེ་ཞང་སྣང་གིས་དམག་དྲངས་ཏེ་བོད་ཤར་ཕྱོགས་སུམ་པའི་ཡུལ་དུ་སོང་ནས། ཐབས་མཁས་ཞི་བའི་སྒོ་ནས་ཚོ་དཔོན་སྡེ་དཔོན་ཚོར་གྲོས་མོལ་གྱིས་དབང་དུ་བསྡུས།

རུ་ཡོང་བཟའ་དང་ཞང་ཞུང་བཟའ་ལི་ཐིག་སྨན། མོང་བཟའ་ཁྲི་ལྕམ་བཅས་སྔ་རྗེས་སུ་བཙུན་མོར་བཞེས་སོ།

བལ་བཟའ་ཁྲི་བཙུན་ཁབ་ཏུ་བསུས་པ།


སྤྱི་ལོ་༦༣༢ལོ་མགོའི་ཉིན་ཞིག རྒྱལ་པོའི་ཐུགས་ལ། བདག་གི་ཁྱིམ་མཚེས་རྒྱལ་ཁབ་ཚོར་སངས་རྒྱས་ཆོས་དར་འདུག བོད་འདིར་ཡང་དམ་པའི་ཆོས་དར་བ་དང༌། རྒྱལ་ཁམས་བར་མཛའ་འབྲེལ་འབྱུང་ཐབས་སུ། བདག་གིས་ཇི་ལྟར་བྱས་ན་ལེགས་སམ་དགོངས་ནས་ཙན་དན་གྱི་སྐུ་རང་བྱོན་དེར་གསོལ་བ་བཏབ།

དེའི་མཚན་མོར་རྒྱལ་པོའི་མཚན་ལམ་དུ། ཙན་དན་གྱི་སྐུ་དེའི་ཐུགས་ཀ་ནས་འོད་ཟེར་གཉིས་འཕྲོས་ཏེ་གཅིག་ཤར་དང༌། གཅིག་ནུབ་ཏུ་སོང་ཞིང༌། འོད་ཟེར་གྱི་སྣེ་གཉིས་ལས་ལྷ་མོ་དཀར་སྔོ་གཉིས་ཀྱིས་སངས་རྒྱས་ཀྱི་སྐུ་གཉིས་གདན་དྲངས་ཤིང་བཙན་པོ་རང་གི་བཙུན་མོར་བྱོན་པ་ཞིག་རྨིས།

བཙན་པོ་མནལ་སད་དེ། རྨི་ལམ་ལ་བརྟགས་པས། རྒྱ་བལ་རྒྱལ་པོའི་སྲས་མོ་གཉིས་བཙུནམོར་བསུས་ན། བོད་དུ་སངས་རྒྱས་ཀྱི་ཆོས་དར་ཅིང་རྒྱལ་ཁམས་དར་བའི་རྟགས་སུ་ཤེས་ནས། ནངས་པར་བློན་ཆེན་རྣམས་ལ་བཀའ་འགུགས་གནང། བློན་ཆེན་ཚོས། བཙན་པོ་སྐུ་བདེའམ། ཐུགས་བདེ་ལགས་སམ་ཞེས་འཚམས་ཞུའི་གུས་ཕྱག་ཕུལ།

བཙན་པོ་ཐུགས་ཤིན་ཏུ་དགྱེས་པའི་ཉམས་བཅས། བདག་ཤིན་ཏུ་བདེ། མདང་ངའི་རྨི་ལམ་དུ་རྒྱ་བལ་རྒྱལ་པོའི་སྲས་མོ་གཉིས་བཙུན་མོར་བྱུང་བ་རྨིས་སོང༌། ཁྱེད་ཚོས་བལྟས་ན་འདི་རྨི་ལམ་རང་ཡིན་ནམ། ཞེས་གསུངས།

བློན་ཆེན་མགར་གྱིས། ཤིན་ཏུ་ལེགས། བཙན་པོ་མཆོག་གིས་མཚན་ལམ་དེ་གསང་བ་གནང་དང༌། ང་ཚོ་བློན་པོ་ཚོས་ངེས་པར་རྨི་ལམ་དེ་མངོན་འགྱུར་བྱའོ། ཞེས་ཞུས། རྒྱལ་པོས། ལེགས་སོ། འོ་ན་འགན་འདི་ཁྱེད་ཀྱིས་ཁུར་ཅིག་ཅེས་བཀའ་ཕེབས།

བློན་པོ་མགར་གྱིས། ཐོག་མར་རྟེན་འབྲེལ་ཞིག་བསྒྲིག ངེད་ཕྱི་ནང་བར་གསུམ་གྱི་བློན་ཆེན་གཙོ་བོ་དྲུག་པོས་ལུག་ཤ་ལྷུ་རེ་ཁུར་ནས། སང་སྔ་བར་བྲག་ལྷའི་ནེའུ་ཐང་གི་ལྗོན་ཤིང་སྟར་གའི་རྩའི་རྒྱལ་པོའི་ཁྲི་དྲུང་དུ་འཛོམས་རྒྱུ་བྱ། ཞེས་སྨྲས་སོ།

སང་ཞོགས་བློན་ཆེན་རྣམས་འཛོམས་དུས། མི་རེས་ཤ་གཟུག་རེ་ཁུར་བ་རྣམས་རེ་རེ་བྱས་ནས་བསྒྲིགས་པས། གཉིས་ལ་རྐང་པ་རེ་དང༌། གཉིས་ལ་ལག་པ་རེ། གཞན་གཉིས་ལ་བྲང་གཅིག་དང་ཚང་ར་བཅས་བྱུང་བས་ཤ་ཁོག་ཆ་ཚང་ཞིག་གྲུབ།

ཐཽན་མི་ན་རེ། ངོ་མཚར་ཆེ། མ་གྲོས་རང་འགྲིགས་ཀྱི་རྟེན་འབྲེལ་འདིའདྲ་བཟང་པོ། གང་བསམ་ལྷུན་གྱིས་འགྲུབ་ངེས་རེད། མགར་ན་རེ། རེད། རེ་བ་ཆེན་པོ་འདུག ང་ཚོས་རྒྱ་བལ་གྱི་སྲས་མོ་གཉིས་བཙུན་མོར་སྤྱན་འདྲེན་པར་བྱེད། ཅེས་སྨྲས། ཚང་མས་ཀྱང༌། ཡག་པོ་འདུག་ཅེས་ཁ་མཐུན།

བློན་ཆེན་མགར་བཙན་པོའི་མདུན་དུ་བཅར་ནས། རྟེན་འབྲེལ་བཟང་ཚུལ་དང༌། ཐོག་མར་ཐག་ཉེ་སའི་བལ་བཟའ་གདན་འདྲེན་རྒྱུར་བཀའ་གནང་རོགས་ཞུས་པས། རྒྱལ་པོས། གསེར་གྱི་དུང་ཙེ་ལྔ་སོགས་ཀྱི་ཞུ་རྟེན་དང༌། བལ་རྒྱལ་ལ་འབུལ་རྒྱུའི་བཀའ་ཡིག་གསུམ་ཡང་གནང༌།

དེ་ནས་བློན་པོ་མགར་དང་ཐོན་མི་སོགས་རྟ་པ་བརྒྱ་ཡིས། རྟ་དྲེལ་དང་མཛོ་གཡག་ཁལ་མ་མང་པོར་རྫོང་པ་དང༌། ཟས་གོས་སོགས་བཀལ་ནས། མོ་ཁྲོ་གཉེར་ཅན་ལ་གསོལ་བ་འདེབས་ཀྱིན་སོང་བས་ལམ་ཁར་ཉེན་ཁ་མ་བྱུང༌།

བློན་པོ་འཁོར་བཅས་བལ་ཡུལ་རྒྱལ་ས་ཁོ་བོམ་ཀླུའི་ཕོ་བྲང་དུ་བདེ་བླག་ངང་འབྱོར་འཕྲལ། བལ་རྒྱལ་འོད་ཟེར་གོ་ཆ་ལ་མཇལ། མགར་གྱིས། འཚམས་ཞུ་གུས་འདུད་དང་བཅས་ཞུ་རྟེན་གསེར་གྱི་དུང་ཙེ་ལྔ་ཕུལ་ནས། ཡོང་དོན་རྒྱུ་མཚན་དང་བཅས་པར་ཞུས་པར། རྒྱལ་པོས་དབུ་འཕྲེད་དུ་གཡུག་བཞིན་གསན།

མགར་གྱིས་སླར་ཡང༌། རིན་པོ་ཆེ་དབང་སྔོན་གྱི་རྨོག་ལ་པད་མ་རཱ་གའིཕྲ་ཅན་དེ་རྒྱལ་པོའི་སྤྱན་སྔར་བཞག་ནས། ཀྱེ་རྒྱལ་པོ་ཆེན་པོ། རིན་པོ་ཆེའི་རྨོག་འདི་གོན་ན་འཐབ་ན་མི་རྒྱལ་བ་མེད་པ་མ་ཟད། སད་སེར་ནད་ཡམས་སོགས་ཀྱང་མི་འབྱུང་བའི་ཡོན་ཏན་བསམ་གྱིས་ཁྱབ། འདི་ལྷ་གཅིག་མཛངས་མའི་རིན་ཙམ་དུ་ཕུལ་བ་ལགས། ཞེས་ཞུས།

བལ་རྒྱལ་གྱིས། ང་རྒྱལ་དང་བཅས། ང་ནི་དཔལ་ལྔ་ལྡན་ལོངས་སྤྱོད་ལྷ་དང་མཉམ་པའི་རྒྱལ་པོ་ཞིག་ཡིན། ང་དང་གཉེན་འབྲེལ་འདོད་པ་དེ་རྨི་ལམ་རེད། གལ་ཏེ་རྨི་ལམ་དེ་འགྲུབ་འདོད་ན། ཆ་རྐྱེན་དང་པོ། ཁྱོད་ཚོའི་རྒྱལ་པོར་འདོད་ཡོན་ཕུན་སུམ་ཚོགས་པའི་རྒྱལ་མཁར་ཞིག་དང༌། མངའ་ཐང་ལོངས་སྤྱོད་ལྡན་པ་ཞིག་བཟོ་ཐུབ་མིན་དྲིས་ཤོག ཅེས་སྨྲས།

ཐོན་མིས། ས་ཐག་རིང་པོར་འགྲུལ་བཞུད་དཀའ། ཁྱེད་ཀྱི་བཀའ་འདྲི་གནང་བའི་ལན་འདིར་ཡོད། ཅེས་བལ་པོའི་ཡི་གེས་བྲིས་པའི་བཀའ་ཡིག་ཅིག་ཕུལ། ཡི་གེའི་ནང་ལ། རྒྱལ་པོ་ཆེན་པོ། གལ་ཏེ་ཁྱེད་ལ་ཧམ་སེམས་ཆེ་ནས། འདོད་ཡོན་སྣ་ལྔའི་དཔལ་གྱི་ལོངས་སྤྱོད་དགོས་ཟེར་ན། དེ་ནི་ལས་སླ་སྟེ། ངས་རྫུ་འཕྲུལ་གཅིག་གིས་ཀྱང་སྟོབས་འབྱོར་མངའ་ཐང་ཁྱོད་ལས་ལྷག་པ་ཞིག་བྱེད་ཐུབ། ཅེས་འཁོད་ཡོད།

བལ་རྒྱལ་ཐུགས་ཅུང་ཁྲོས་པའི་ངང༌། ཁྱོད་ཚོའི་རྒྱལ་པོ་དེ་གུས་ཞབས་མེད་པ་ཁ་ཕོ་ཆེ་བ་འདུག ང་ཆོས་ཀྱི་རྒྱལ་པོའི་རྒྱལ་རྒྱུད་ཅིག་ཡིན། བོད་མཐའ་འཁོབ་ཀླ་ཀློའི་ཡུལ་ལ་ལྷ་ཆོས་དགེ་བ་བཅུའི་ཆོས་ཁྲིམས་བཅའ་ཐུབ་མིན་དྲིས་ཤོག དེ་ཆ་རྐྱེན་གཉིས་པ་ཡིན། ཞེས་སྨྲས།

ཐོན་མིས། ང་འགྲོ་མི་དགོས། ཁྱེད་ཀྱི་བཀའ་ལན་དེ་ཡང་འདིར་ཡོད་པས་གཟིགས་པར་ཞུ ཞེས་ཡང་བཀའ་ཡིག་ཅིག་ཕུལ་བའི་ནང་དུ། རྒྱལ་པོ་ཁྱེད་ཆོས་ལ་མོས་ན། བདག་གི་སྤྲུལ་བས། ཉིན་གཅིག་ལ་བོད་ཁམས་ཚང་མར་དགེ་བཅུའི་ཁྲིམས་འཆའ་ནུས། དེ་ངོ་མཚར་མི་ཆེའམ། ཞེས་འདུག

དེར་བལ་རྒྱལ་གྱིས་ཅུང་ཡ་མཚན་དགོངས་བཞིན། ཆ་རྐྱེན་གསུམ་པའི་ལན་ཡང་ཁུར་ཡོད་ན་ཁྱོད་ཚོའི་རྒྱལ་པོ་དེ་མངོན་ཤེས་མངའ་བ་སྤྲུལ་བའི་རྒྱལ་པོ་ཡིན་ངེས་པས། བདག་གིས་སྲས་མོ་བཙུན་མོར་གནང་ཆོག ཅེས་ཐོན་མི་སོགས་ལ་གཟིགས་བཞིན། སྤྱིར་བོད་ཀྱིས་ཆོས་མི་ཤེས། ཆོས་བསྒྱུར་བ་ལ་ཡི་གེ་མེད། ད་དུང་གཙུག་ལག་ཁང་མང་པོ་བཞེངས་དགོས། དེའི་ནུས་པ་ཡོད་དམ། ཞེས་སྨྲས།


ཐོན་མིས་སླར་ཡང༌། སྤྲུལ་བའི་རྒྱལ་པོ་མི་ཡི་ལྷ་སྟེ། མངོན་ཤེས་ནུས་པ་འདི་ཙམ་ཅི་ལ་མེད། ཅེས་བཀའ་ཤོག་ཕུལ་བར། བོད་ལ་ཆོས་དང་ཡི་གེ་མེད་པ་བདེན། ཡིན་ཡང་བདག་ལ་ལས་དང་སྨོན་ལམ་གཅིག་པའི་སྤྲུལ་བའི་བློན་པོ་ཡང་མང་བས། མི་རིང་བར་ཡི་གེ་བཟོས་ནས་དམ་པའི་ཆོས་ཚང་མ་བསྒྱུར་ཅིང་གཙུག་ལག་ཁང་ཡང་བཞེངས་ངེས་ཡིན། ད་དུང་ཡང་མི་སྟེར་ན། བདག་གི་སྤྲུལ་བའི་དམག་གིས། ཁྱོད་བསད་ནས་ལྷ་གཅིག་ཕྲོགས་ན་མ་འགྱོད་ཅིག ཅེས་འཁོད་ཡོད།

བལ་རྒྱལ་ཡ་མཚར་དང་སྐྲག་སྣང་ངང། ངོ་མཚར་ཆེ། ངོ་མཚར་ཆེའོ། དེ་ངོ་མ་སྤྲུལ་བའི་རྒྱལ་པོ་རང་རེད། བདག་དང་གཉེན་འབྲེལ་ན་མི་འཚམ་པ་མི་འདུག འོན་ཀྱང་སྲས་མོར་ཡང་གཏམ་ཞིག་འདྲི་དགོས་པས། སང་ཉིན་བར་སྒུགས་ཤིག ཅེས་སྨྲས།

རྒྱལ་པོས་སྲས་མོ་མདུན་དུ་བོས་ནས། ཐུགས་མི་བདེ་བའི་ངང་ནས། གོང་གི་གནས་ཚུལ་ཚང་མ་བཤད་པས། སྲས་མོ་འགྲོ་འདོད་མེད་ཀྱང་མ་སོང་ན་ཉེན་ཁ་ཆེ་བས། སེམས་སྐྱོ་ནས་སྤྱན་ཆབ་བཞུར་གྱིན་འགྲོ་རྒྱུར་སེམས་ཐག་བཅད།

དེ་ནས། སྲས་མོས། ཡབ་གཅིག་རྒྱལ་པོའི་རྒྱལ་སྲིད་སླད། ཁོ་མོ་མཐའ་འཁོབ་བོད་དུ་འགྲོ སྐུ་གསུང་ཐུགས་ཀྱི་རྟེན་རྣམས་དང༌། རིན་ཆེན་སྣ་ཚོགས་རྫོང་སྐལ་ཞུ། རྒྱུས་མེད་ས་མཐར་ཇི་ལྟར་བྱ། ཡབ་ཡུམ་བཀའ་སློབ་གནང་བར་འཚལ། ཞེས་མགུར་བླངས།

རྒྱལ་པོས་ཀྱང༌། སྙིང་གི་བུ་མོ་ཡིད་མ་སྐྱོ། རྒྱལ་པོ་ལྷ་ཡི་སྤྲུལ་བ་སྟེ། རྒྱལ་ཁམས་ཆོས་སྲིད་དར་རྒྱུ་རེད། ཡི་དམ་མི་བསྐྱོད་རྡོ་རྗེ་གཅིག བྱམས་པ་ཆོས་ཀྱི་འཁོར་ལོ་གཉིས། ཙན་དན་ཇོ་མོ་སྒྲོལ་མ་གསུམ། བྱིན་རླབས་བསམ་གྱིས་མི་ཁྱབ་པ། བུ་མོའི་ཆོས་ཀྱི་རྫོང་སྐལ་བྱོས། གཞན་ཡང་ཅི་དགོས་ཐམས་ཅད་ཁྱེར། བུ་མོས་འགྲོ་དོན་འགྲུབ་པར་ཤོག ཅེས་བསླབ་བྱ་ཡང་མང་དུ་གནང༌།

དེ་ནས། ལྷ་གཅིག་ཁྲི་བཙུན་དྲེའུ་དཀར་མོ་ཞིག་ལ་བཅིབས་ཤིང༌། ཇོ་བོ་བྱམས་མགོན་གཉིས་སྤྲུལ་བའི་མཛོ་མོ་དཀར་མོ་གཉིས་ལ་བཀལ། གཞན་ཡང་རིན་པོ་ཆེའི་ཁལ་དུ་མ་དང༌། མཛེས་མ་འཁོར་བཅུ་དང་བོད་ཀྱི་བློན་ཆེན་དང་རྟ་པ་བརྒྱའི་སྐྱེལ་མ་དང་བཅས་ལམདུ་ཆས། བལ་པོའི་བློན་དམག་མང་པོས་ཀྱང་མང་ཡུལ་གྱི་གྲོང་བར་སྐྱེལ་ཐུང་བྱས་སོ།

དེ་ནས་ག་ལེར་རི་བོ་དང༌། ཆུ་བོ། ལམ་འཕྲང་དུ་མ་བརྒལ་ནས་བོད་དུ་འབྱོར་འཕྲལ། བོད་ཀྱི་བློན་འབངས་ཚང་མས་རོལ་མོ་དུ་མ་དང་བཅས་བསུ་བ་རྒྱ་ཆེན་པོ་བྱེད་ཀྱིན་རྒྱལ་པོས་དགའ་སྟོན་བཤམས་པའི་གདན་སར་ཕེབས། རྒྱལ་པོས་ཐོག་མར་སྐུ་རྟེན་རྣམས་གདན་དྲངས་ཏེ་ཕྱག་འཚལ།

དེ་ནས་ཁྲི་བཙུན་ལ་མཇལ་བ་དང༌། ཇི་ལྟར་རྨི་ལམ་དུ་བྱུང་བའི་ལྷ་མོ་དཀར་མོ་བཞིན་མཛེས་ཤིང་མཛངས་མའི་མཚན་བཟང་ལྡན་པ་ཞིག་ཏུ་མཐོང་ཞིང༌། ཁྲི་བཙུན་གྱི་མཐོང་སྣང་ལའང༌། བོད་ཀྱི་རྒྱལ་བུ་དེ་རིགས་གཟུགས་དཔལ་གྱིས་མཛེས་ཤིང༌། ཡོན་ཏན་ཁྱད་པར་པ་སྤྲུལ་བའི་རྣམ་པ་ཅན་ཞིག་ཏུ་སྣང་བས་ངང་གིས་ཡིད་ལ་དགའ་ཚོར་ཁྱད་པར་ཅིག་སྐྱེས། ཉིན་དུ་མར་དགའ་སྟོན་རྒྱ་ཆེན་བྱས་སོ།


ཐོན་མི་རྒྱ་གར་དུ་སློབ་སྦྱོང་ལ་མངགས་པ།


སྤྱ་ལོ་༦༣༣ལོའི་ཉིན་ཞིག རྒྱལ་པོས་བློན་ཆེན་རྣམ་པ་བཀའ་འགུགས་ཀྱིས། བདག་གིས་རྒྱལ་སྲིད་ཆོས་བཞིན་སྐྱོང་ནས་ཕུན་སུམ་ཚོགས་པ་ཞིག་ཡོང་བར་འདོད་ན། ད་བོད་ལ་ཅི་ཞིག་མ་ཚང་བ་འདུག ཅེས་བཀའ་འདྲི་གནང་བར།

ཁྲོན་མི་ཨ་ནུས། རྒྱལ་པོ་ཆེན་པོ། རྒྱལ་ཁབ་གཞན་དག་ལ་ཡི་གེ་ཡོད་པས་བྱ་བ་ཚང་མ་སྒྲུབ་སླ། ཞང་ཞུང་གི་ཡི་གེ་གཡར་མ་འདིས་མི་འོང་པས། རང་རེར་ཡང་ངེས་པར་ཡི་གེ་མཚན་ཉིད་ཚང་བ་ཞིག་མཁོ། ཞེས་ཞུས།

བཙན་པོས།  ཨ་ནུ་ཁྱོད་བདེན། བོད་ལ་དམ་པའི་ཆོས་སྤེལ་ནས། རྒྱལ་སྲིད་ཆོས་བཞིན་སྐྱོང་དགོས་ན་ལྷག་པར་ཡི་གེ་དགོས། ངེས་པར་བོད་ཡིག་ཕུལ་དུ་བྱུང་བ་ཞིག་གསར་བཟོ་བྱེད་དགོས། བློན་ཆེན་རྣམ་པས་བལྟས་ན། དོན་འདི་ཇི་ལྟར་བསྒྲུབ་དགོས་སམ། ཞེས་བཀའ་འདྲི་གནང༌།

ཐོན་མིས། བློན་ཆེན་ཚོས་དབུ་ཕུར་ཙམ་རེ་བྱེད་ཀྱིན་ཐོན་མིར་བལྟས་པས། ཐོན་མི་ན་རེ། དམ་པའི་ཆོས་རྒྱ་གར་ནས་དར་ཅིང་ཡི་གེ་ཡང་རྒྱ་གར་ལ་མང་ཞིང་ལེགས་པ་ཡོད་ཚུལ་གོ ལྷག་པར་བདག་ལོ་སྔོན་མར་བལ་ཡུལ་དུ་སོང་དུས་རྒྱ་གར་གྱི་ལེགས་སྦྱར་ཡི་གེ་གཏིང་ཟབ་ཚུལ་ཧ་གོ་སོང༌། ང་ཚོས་གཞོན་ནུ་ཚོས་ཡིག་རིགས་དེ་དག་སྦྱངས་ཏེ་ཞིབ་འཇུག་དང་དཔེར་བལྟས་ནས་བཟོས་ན་ལེགས། ཞེས་ཞུས།

བཙན་པོས། ལེགས་སོ། འོ་ན་རླབས་ཆེན་གྱི་འགན་འཁྲི་འདི་ཐེག་མཁན་བློ་ལྡན་ཐོན་མི་ཨ་ནུ་ཁྱོད་ལས་མེད་པས། ཁྱོད་ཀྱིས་བུ་ཕྲུག་འགའ་ཞིག་བདམས་ནས་རྒྱ་གར་དུ་ཡིག་རིགས་ཚང་མར་སྦྱངས་ཏེ་བོད་ཡིག་གསར་རྩོམ་གྱིས་ཤིག ཅེས་བཀའ་ཕེབས་པ་དང༌། ཐོན་མིས་ལགས་སོ། བདག་གིས་ནུས་པ་ཡོད་ཚད་བཏོན་ནས་རྒྱལ་པོའི་བཀའ་བཞིན་སྒྲུབ། ཅེས་ཁས་བླངས།

དེ་ནས་ཐོན་མིས། རྒྱལ་པོའི་བཀའ་ཡིག་དང༌། གསེར་མང་པོ་དང༌། ཚ་བར་ཕན་པའི་སྨན་དང༌། ཟས་གོས་མཐུན་རྐྱེན་དུ་མ་དང་བཅས་འཁོར་བློ་ལྡན་གཞོན་ནུ་བཅུ་ལྷག་ཅིག་ཁྲིད་དེ་ལམ་ལ་ཆས། ལམ་བར་ཚ་གྲང་གི་དཀའ་ངལ་མ་བཟོད་པར་ལ་ལ་ཕྱིར་ལོག་པ་དང་ལ་ལ་ཚེ་ལས་འདས། མཐར་ཐོན་མི་གཅིག་པུས་དཀའ་བ་སྤྱད་དེ་རྒྱ་གར་དུ་སླེབས།

ཐོན་མིར་རྒྱལ་པོའི་བཀའ་ཡིག་ཡོད་པས་རྒྱ་གར་རྒྱལ་བློན་ཚོས་ཀྱང་དགའ་བསུ་སྣེ་ལེན་དང་མཐུན་འགྱུར་གང་ལེགས་མཛད་ཀྱང༌། ལྷག་པར་ཡིག་རིགས་ཀུན་ལ་མཁས་པ་བྲམ་ཟེ་ལི་བྱིན་དང༌། ལྷ་རིག་པའི་སེང་གེ་གཉིས་ཐོན་མིའི་དགེ་རྒན་དུ་བསྐོས།

ཐོན་མིས་དགེ་རྒན་གཉིས་ལ་གསེར་མང་པོ་སློབ་ཡོན་དུ་ཕུལ་ནས། ཚུལ་བཞིན་བསྟེན་ཅིང་ལོ་དྲུག་རིང་དཀའ་ངལ་ཁྱད་དུ་བསད་དེ། སྒྲ་རིག་པའི་བསྟན་བཅོས་དུ་མས་གཙོས་རིག་པའི་གནས་བཅུ་དག་ལ་སྦྱང་བརྩོན་མཐར་ཕྱིན་པ་མཛད་དེ་ཡོངས་སུ་ལེགས་པར་ཁོང་དུ་ཆུད་པས། ཚང་མས། ཨ་ལ་ལ། འདི་འདྲའི་བོད་བཟང་པོ་ཞེས་བསྔགས་པས། ཐོན་མི་སམ་བྷོཊ་ཞེས་སྙན་པར་གྲགས་སོ།

ཐོན་མིས་རིག་གནས་གཞན་དག་ཀྱང་སྦྱོང་ཞོར་དུ། ལཻགས་སྦྱར་གྱི་ཡི་གེ་ཉིད་གྲངས་ཉུང་ལ་སྦྱོར་ཀློག་གི་འཇུག་ཚུལ་སྟབས་བདེ་ཞིང་གཏིང་ཟབ་པ། བོད་རང་གི་སྐད་གདངས་དང་མཐུན་ཆ་མང་བས་དཔེར་བྱས་ནས། ཡི་གེའི་གཟུགས་མི་འདྲ་བར་བསྒྱུར་ཅིང༌། སྣོན་འཕྲི་དང་བཅས་དབྱངས་བཞི་གསལ་བྱེད་སུམ་ཅུའི་བདག་ཉིད་ཅན་གྱི་བརྡ་སྤྲོད་གཞུང་ལུགས་དག་ཀྱང་རིམ་པར་མཛད།


བོད་རྒྱའི་ཐོག་མའི་འབྲེལ་བ་སོགས།


སྤྱི་ལོ་༦༣༤ལོའི་ཉིན་ཞིག བཙན་པོའི་ཐུགས་ལ། བདག་གིས་བོད་ཁམས་ཆེན་པོ་གཅིག་གྱུར་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་མཉམ་འབྲེལ་ཐོག་རྒྱལ་ཁབ་སྐྱོང་བ་ལ། རྒྱལ་ས་དང་གཙུག་ལག་ཁང་བཞེངས་ས་ལེགས་པོ་ཞིག་དགོས་སྙམ་ནས་བློན་ཆེན་རྣམས་དང་བགྲོས་ནས་ལྗོངས་རྒྱུར་ཕེབས།

ཤོད་རྒྱུན་ལ། དབུས་ཀྱི་དམར་པོ་རི་ནི་ཐོག་མར་འཕགས་པ་སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་པའི་སྤྲེའུ་དམ་པའི་སྒོམ་གནས་ཡིན་ཟེར་ལ། དེའི་སྒང་ལ་མཁར་བཞེངས་ན་ཕྱོགས་ཀུན་ལག་མཐིལ་ལ་བླངས་པ་ལྟ་བུ་ཡིན་ཞིང༌། སྤྱིར་ས་བབ་དང་གནམ་གཤིས་སོགས་ཕྱོགས་གང་ནས་དགེ་མཚན་ཆེ་ཤོས་སུ་གཟིགས་ནས། རྒྱལ་ས་དེར་སྤོས།

ཡང་ལོ་དེར་རྒྱལ་པོའི་དགོངས་པར། ད་རྒྱ་ནག་རྒྱལ་པོ་དང་གཉེན་སྒྲིག་པ་ལ། ཐོག་མར་འབྲེལ་བ་ཞིག་གནང་དགོས་ལ། འ་ཞ་སོགས་ཀྱང་དབང་དུ་བསྡུས་ནས་བོད་ཁམས་ཡོངས་སུ་གཅིག་ཏུ་བསྒྲིལ་དགོས་པས་རང་གིས་དངོས་སུ་དམག་དཔུང་ཁྲིད་དེ་འགྲོ་རྒྱུར་ཐག་བཅད་ནས། གཅུང་གུང་རི་གུང་བཙན་རྒྱལ་སར་བསྐོས།


ཐོར་མར་འཚམས་འདྲིའི་འཕྲིན་ཡིག་དང་རིན་པོ་ཆེའི་རྫོང་དང་བཅས་བློན་པོ་མགར་སོགས་ཕོ་ཉ་མངགས། མགར་གྱིས་རྒྱ་རྒྱལ་ཐང་ཐེ་ཙུང་ལ་འཚམས་འདྲི་གུས་འདུད་དང་བཅས། བོད་རྒྱལ་ཁབ་ཆེན་པོའི་ལོ་རྒྱུས་དང་གནས་བབ་གསལ་བཤད་དང་འབྲེལ་རྒྱ་བོད་མཐུན་འབྲེལ་གྱིས་ཕན་ཚུན་རོགས་འདེགས་ཀྱིས་རྒྱལ་ཁབ་དར་རྒྱས་ཡོང་བ་བྱ་རྒྱུའི་གླེང་མོལ་ཞིབ་པར་གནང༌།

རྒྱ་རྒྱལ་ཡང་དགའ་མོས་བྱུང་ནས། མྱུར་དུ་བློན་ཧཕང་རྡ་ཞཱ་གཙོས་འཚམས་འདྲི་ཚོགས་ཆུང་ཞིག་ལ་འཕྲིན་དང་ལེགས་སྐྱེས་མང་པོ་དང་བཅས། བོད་ཀྱི་ཕོ་ཉ་ཕྱིར་སྐྱོད་པ་དང་ལྷན་དུ་བཏང། སྲོང་བཙན་སྒམ་པོས་དགའ་བསུ་དང་སྣེ་ལེན་གང་ལེགས་གནང་ནས་ལོ་རྒྱུས་ཐོག་བོད་རྒྱའི་གཞུང་འབྲེལ་མཛའ་མཐུན་གྱི་འབྲེལ་བ་ཐོག་མ་བྱུང༌།

སྤྱི་ལོ་༦༣༥ལོར། ཁྲི་བཙུན་གྱིས་བལ་ཡུལ་ནས་མཁར་ལས་བྱེད་མཁན་ལག་རྩལ་མ་མང་པོ་དྲངས་ཏེ་དམར་པོ་རིར་རྒྱལ་པོའི་ཕོ་གསར་བཞེངས་ཀྱི་རྨང་བཏིང་ནས། ལོ་ཤས་རིང་ལ་རྒྱལ་མཁར་བང་རིམ་མང་ལ་བཙན་ཞིང་བརྗིད་པ་ཞིག་བཞེངས་ཤིང༌། དེ་དང་མཉམ་དུ་ལྷ་ཁང་ཞིག་ཀྱང་བརྩིགས་མོད་མི་མ་ཡིན་གྱི་གནོད་པས་མ་གྲུབ།


༦༣༦ལོར། སྲོང་བཙན་སྒམ་པོའི་བཀའ་བཞིན། བློན་ཆེན་མགར་སྟོང་བཙན་གྱིས་རིན་པོ་ཆེའི་ལེགས་སྐྱེས་མང་པོ་ཁྱེར་ནས་རྟ་པ་བརྒྱ་དང་བཅས་རྒྱ་ནག་གོང་མ་ཐང་ཐེ་ཙུང་གི་སྲས་མོ་ཞིག་བོད་རྒྱལ་པོའི་བཙུན་མོར་སློང་དུ་རྒྱ་ནག་གི་རྒྱལ་ས་ཁྲང་ཨན་དུ་ཕྱིན།

མགར་གྱིས་གུས་ཕྱག་དང་བཅས། རིན་ཆེན་དབང་སྔོན་གྱི་ཁྲབ་ལ་པད་མ་རཱ་གའི་ཕྲས་བརྒྱན་པ་ཞིག་རྒྱལ་པོར་ཞུ་རྟེན་དུ་ཕུལ་ནས་འཚམས་ཞུ་དང་བཅས། གོང་མ་རིན་པོ་ཆེ། ནད་ཡམས་དང༌། དམག་འཁྲུག ས་ཡོམ་དང་ཆུ་ལོག་སོགས་གནོད་འཚེ་གང་ཞིག་འབྱུང་སྐབས་རྒྱལ་པོས་ཁྲབ་འདི་གོན་ནས་ཕོ་བྲང་གི་ཡང་ཐོག་ནས་དཀོན་མཆོག་ལ་གསོལ་བ་བཏབ་ན་གནོད་པ་ཐམས་ཅད་བཟློག་ཐུབ། ཅེས་ཞུས།

གོང་མས་ཡིད་ཆེས་ལ་མ་ཆེས་ཀྱི་ངང་ནས། ཁྲབ་དེར་ལེགས་པར་གཟིགས་བཞིན། ཡོན་ཏན་དེ་འདྲའི་ངོ་མཚར་ཅན་ཞིག་གོ་ཡང་མ་མྱོང༌། བོད་ཀྱི་རྒྱལ་པོས་ང་ལ་ལེགས་སྐྱེས་འདི་འདྲའི་རྩ་ཆེན་ཞིག་བསྐུར་དོན་ཅི་ཡིན་ནམ། ཞེས་བཀའ་འདྲི་གནང༌།

མགར་གྱིས། ང་ཚོས་བཙན་པོ་འདིས་ཁྱིམ་མཚེས་རྒྱལ་ཁབ་ཚང་མར་མཐུན་ལམ་ཡག་པོ་ཞིག་གི་ཐོག་ནས་ཕན་ཚུན་ཡར་རྒྱས་གཏོང་འདུན་ཤིན་ཏུ་ཆེ། དེ་བས་བལ་ཡུལ་དང་ཞང་ཞུང་སོགས་ལའང་གཉེན་འབྲེལ་བསྒྲིགས་ཡོད། ད་བོད་རྒྱ་གཉིས་ལའང་གཉེན་འབྲེལ་ཞིག་བྱུང་ན་དགོངས་ཀྱི་འདུག དེ་བས་ཕྲན་གོང་མའི་སྲས་མོ་ཞིག་བཙུན་མོར་སློང་དུ་འོང་བ་ཡིན། ཞེས་ཞུ་བཞིན་རྒྱལ་པོའི་བཀའ་ཡག་ཅིག་གོང་མར་ཕུལ།

གོང་མས་ཡི་གེའི་ཁ་ཕྱེ་པ་ན། མཁྱེན་བརྩེ་མཁའ་ལྟར་ཡངས་པའི་ཟླ་མེད་གོང་མ་མཆོག་ལ་འཚམས་ཞུ། ངེད་གཉིས་རིང་ལ་བོད་རྒྱ་མཛའ་འབྲེལ་བྱུང་བ་འདི་ལེགས་སྐྱོང་དང་བདག་གིས་དམ་པའི་ཆོས་སྤེལ་ནས་གནམ་འོག་ཞི་བདེ་ཡོང་ཕྱིར་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ལྷག་པར་རྒྱ་ནག་གོང་མ་མཆོག་དང་གཉེན་ཞིག་སྒྲིག་འདོད་ཆེ་བས་མོས་མཐུན་གནང་རྒྱུའི་རེ་བ་ཆེ། ཞེས་རྒྱ་ཡིག་གིས་འཁོད་པ་གཟིགས།

གོང་མས། བོད་ཀྱི་རྒྱལ་པོ་སྐུ་ན་གཞོན་ཡང༌། ཐུགས་དགོངས་ཟབ་མོ་འདུག ཐབས་ལ་མཁས་པའི་རྒྱལ་སྲིད་སྐྱོང་སྟངས་འདིར་ངོ་མ་ཡིད་སྨོན་པ་ཞིག་རེད། འོན་ཀྱང་ཡིད་ཕངས་པ་ཞིག་ལ་བདག་ལ་སྲས་མོ་མེད་པས་ཁྱེད་ཅག་གི་རེ་བ་སྐོང་མི་ཐུབ། ཅེས་གསུངས།

མགར་ཅུང་མ་དགའ་བར། གོང་མ་མཆོག་ལ་བཙུན་མོ་ཧ་ཅང་མང༌། སྲས་མོ་གཅིག་མེད་ཟེར་ན་སུ་ཡིད་ཆེས། ང་ཚོའི་རྒྱལ་པོས་དོན་ཆེན་སྒྲུབ་པར་མོས་མཐུན་མེད་པ་མིན་ནམ། གལ་ཏེ་ད་དུང་སྒྲུབ་དགོས་པའི་ཆ་རྐྱེན་གཞན་དག་ཡོད་ན་གོང་མས་ཞལ་གསལ་གནང་རོགས། ཞེས་ཞུས།

གོང་མས། བདག་གིས་རྫུན་བཤད་ནས་མགོ་སྐོར་དགོས་དོན་མེད། བློན་ཆེན་ཁྱེད་ཡིད་མ་ཆེས་ན་ང་ལ་ཡང་ཐབས་ཤེས་མི་འདུག གཅིག་བྱས་ན་མདང་སྐྱེས་ཀྱི་བུ་མོ་དམར་འབྱར་རེ་ཡོད་སྲིད་མོད། དེ་འདྲ་ཞིག་མནའ་མནར་ལེན་མཁན་ཡོད་ཀྱང་སྟེར་མཁན་ཨེ་ཡོད། ཅེས་ཀུ་རེ་དང་བཅས་སྨྲས་པས་སྐུ་འཁོར་བློན་ཆེན་ཚོ་གད་མོ་ཤོར།

མགར་ཁྲོས་ཏེ། ཡར་ལངས་ནས། ང་འདིར་རྩེ་མོ་རྩེ་རུ་འོང་བ་མིན་ལ་ཞུ་བ་འཐེན་དུ་འོང་བ་ཡང་མིན། གལ་ཏེ་ཞི་བདེ་མཉམ་གནས་མི་འདོད་ན་ཐ་མར་མཇུག་འབྲས་གང་ཞིག་བྱུང་བའི་འགན་ཚང་མ་གོང་མ་ཁྱེད་ཀྱིས་འཁུར་དགོས། ཅེས་སླར་ཡང་འཕྲིན་ཡིག་ཅིག་གོང་མའི་མདུན་ཅོག་ཐོག་ལ་གཡུགས་ཏེ་གཅུ་སྐོར་ཅིག་བརྒྱབ་ནས་ཕྱིར་འཁོར་ནས་འགྲོ་རྩིས་བྱས་པས། སྲུང་དམག་འགས་བཀག

ཡི་གེ་དེར། གོང་མ་ཁྱེད་ལ་ཆོས་བསོད་ཆེ་ཞིང་དབང་ཐང་དར་བས་བདག་ཅག་གིས་གཉེན་ཟླ་འོང་རྒྱུ་དཀའ་ཡང༌། མི་རིང་བར་བོད་ཡིག་གསར་བཟོས་ཀྱིས་དམ་པའི་ཆོས་སྒྱུར་ཅིང་གཙུག་ལང་ཁང་ཡང་བཞེངས་རྒྱུ་དང༌། བོད་ཁམས་གཅིག་ཏུ་བསྡུས་ནས་མངའ་ཐང་ལོངས་སྤྱོད་ཀྱང་རྒྱས་བར་གཏོང་རྒྱུ། གལ་ཏེ་བོད་ལ་མཐོང་ཆུང་གིས་གཉེན་འབྲེལ་མི་འོང་ཟེར་ན། བདག་གིས་དྲག་པོས་དམག་དྲངས་ཏེ་ཐང་རྒྱལ་རབས་རྩ་མེད་བཟོས་ན་དེ་དུས་འགྱོད་པ་མ་སྐྱེ། ཞེས་བྲིས་ཡོད།

གོང་མ་ཅུང་ངོ་མཚར་དང་ཁོང་ཁྲོ་སྡེབ་ཀྱིན། ཁྱེད་ཀྱི་རྒྱལ་པོ་ཁ་ཕོ་ཅན་དེ་ལ། བདག་ལ་སྲས་མོ་མེད་པ་བདེན་པ་ཡིན་པས། རྒྱ་བོད་གཉེན་འབྲེལ་གྱི་སྐལ་བ་མི་འདུག ད་སྔ་རྒྱ་བོད་གཉིས་མཛའ་འབྲེལ་ཡིན། གལ་ཏེ་ཁྱོད་ཀྱིས་དགྲ་ཟླར་བྱེད་བསམ་ན་རང་གི་འདོད་པ་ལྟར་གྱིས་ཤོག ཅེས་ཤོད་ཅིག ཅེས་བཤད་པ་དང་ལྷན་དུ་རང་གི་བློན་ཆེན་ཚོར། ཁོང་ཚོར་སྣེ་ལེན་དང་སྐྱེལ་མ་ཡག་པོ་གྱིས་ཤིག་ཅེས་བཀའ་ཕབ།

མགར་བོད་དུ་ཕྱིར་ཕེབས་ནས། རྒྱལ་པོར་དེ་བཞིན་ཞུས་པས། རྒྱལ་པོ་ཁྲོས་ནས། དེ་ནི་ང་ལ་མཐོང་ཆུང་བྱས་པ་མ་ཟད། དོན་དངོས་ཐོག་བོད་རྒྱལ་ཁབ་དང་མཛའ་འབྲེལ་བྱེད་འདུན་མེད་པའི་རྟགས་རེད། ཅེས་གསུངས་པ་དང༌། བློན་པོ་ཚོར་ཡང་བློ་ཕམ་དང་ཁོང་ཁྲོ་དུས་གཅིག་ཏུ་བྱུང༌།

བློན་ཆེན་ཟུ་ཙེས་ངར་ངར་གྱིས། བཙན་པོས་བཀའ་ཕོབ། ཐང་རྒྱལ་རབས་རྩ་མེད་གཏོང་དུ་འགྲོ ཞེས་ཞུས་པའི་རྗེས་སུ། མགར་གྱིས་ཀྱང༌། རྒྱ་རྒྱལ་དེ་སྟོབས་ཀྱང་ཆེན་པོ་འདུག་ལ་ང་རྒྱལ་ཡང་རི་ལས་མཐོ་བ་འདུག་པས། བཙན་པོའི་ཟིལ་ཤུགས་འདི་གཅིག་མཐོང་གི་བཅུག་ན་ལེགས། ཞུས།

སྲོང་བཙན་གྱིས། ངའི་དམིགས་ཡུལ་ནི་བོད་འདི་ཆོས་སྲིད་ཟུང་འབྲེལ་གྱི་ཞི་བདེའི་རྒྱལ་ཁམས་ཤིག་བཟོས་ནས་མཐའི་རྒྱལ་ཁབ་ཚང་མ་མཛའ་འབྲེལ་ངང་གནམ་འོག་བདེ་སྐྱིད་ཡོང་རྒྱུ་དེ་ཡིན་ན། གལ་ཏེ་དམག་དྲངས་ནས་ཐང་རྒྱལ་རབས་རྩ་མེད་གཏོང་ཐུབ་ན་ཡང༌། དེ་ལ་སྙིང་བོ་མེད། འོན་ཀྱང་གངས་སེང་གི་གཡུ་རལ་གསིགས་ནས་མཆེ་སྡེར་ཅིག་མ་བགྲད་ན་ཡང་མི་འགྲིགས། ཞེས་གསུངས།

མགར་གྱིས། རྒྱལ་པོའི་དགོངས་པ་བདག་གིས་ཤེས། ང་ཚོས་ཐོག་མར་གྲུ་གུ་དང༌། དེ་ནས་གོམ་པས་སྤོ། ད་དུང་མོས་མཐུན་མི་བྱེད་ན་དམག་ཤུགས་མང་དུ་བཏང་ནས་ཁྲང་ཨན་ལ་འཇིགས་ཟིལ་ངོམ་ཆོག ཅེས་ཞུས་པས། བཙན་པོས་ཀྱང་དབུ་ལྡེམ་གྱིན་མོས་མཐུན་གནང༌།

བོད་དམག་གིས་གྲུ་གུར་ཕར་རྒོལ་བྱས། དམག་མང་ཙམ་བསད་ཅིང་བཟུང༌། མི་སེར་མང་པོ་ཞིག་མཚོ་སྔོན་བྱང་ཕྱོགས་སུ་བྲོས། དེ་ནས། སུ་དངསུང༌། བ་ཡི་ལང༌། འཇང་རིགས་བཅས་ཀྱང་དབང་དུ་བསྡུས།


སྤྱི་ལོ་༦༣༨ལོར་བཙན་པོས་ཁྲི་དམག་ཉི་ཤུ་དྲངས་ཏེ་འ་ཞ་ལ་དམག་ཆེན་པོ་རྒྱག་མ་དགོས་པར་དབང་དུ་བསྡུས། འ་ཞ་རྒྱལ་པོས་བཙན་པོར་ཕྱག་འཚལ་ནས་དཔྱ་ཁྲལ་ཕུལ་ཞིང་བོད་ཀྱི་ཆབ་འབངས་བྱེད་རྒྱུར་ཁས་བླངས།

ལོ་དེར། གཅུང་གུང་རི་གུང་བཙན་གློ་བུར་ནད་ཀྱིས་གྲོངས་པའི་གཏམ་ངན་ཐོས་པས། བློན་ཆེན་མགར་དམག་སྤྱི་ཆེན་མོར་བསྐོས་ཏེ། སྲོང་བཙན་སྒམ་པོ་སླར་ཡང་ལྷ་སར་ཕེབས་ནས་རྒྱལ་ཁྲིར་བཞུགས་དགོས་བྱུང༌།


ཐོན་མིས་བོད་དུ་རིག་གནས་སྤེལ་བ།


སྤྱི་ལོ་༦༣༩ལོར། ཐོན་མིས། དགེ་རྒན་གཉིས་ལ། མཁས་གྲུབ་ཁྱེད་གཉིས་བཀའ་དྲིན་ལས། ཡོན་ཏན་མ་ལུས་ཁོང་དུ་ཆུད། ད་ནི་བོད་ཡུལ་དབུས་སུ་འགྲོ རྒྱལ་པོ་བློན་འབངས་མཐའ་དག་ལ། སྒྲ་ཚད་ཡི་གེ་ཀུན་སྤེལ་ནས། རྒྱལ་སྲིད་ཆོས་བཞིན་སྐྱོང་བར་བྱེད། ཅེས་མགུར་བླངས་ཏེ་ཐོན་ཕྱག་ཕུལ།

ཐོན་མིས་ཐེག་པ་ཆེན་པོའི་ཆོས་དཔེ་དུ་མ་གདན་དྲངས་ནས་ཕྱིར་ཕེབས་པས། རྒྱལ་པོ་དང༌། བློན་པོ། བོད་འབངས་ཀུན་གྱིས་བསུ་བ་དང་དགའ་སྟོན་བསམ་གྱིས་མི་ཁྱབ་པ་གནང༌།

དེར་ཐོན་མིས། རྒྱལ་པོ་ལ་ཡིག་ཕུད་དུ། རྒྱ་གར་བའི་བྱ་དཀའ་བའི་ཚིགས་བཅད་རྩོམ་ཚུལ་གྱིས། སྐུ་གསུང་ཐུགས་ཀྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་ལ་བསྟོད་ཕྱག་ཅིག་བརྩམས་ནས་ཕུལ་ནས། འགྲེལ་བཤད་དང་བཅས་བོད་ཡིག་ཇི་ལྟར་བཟོས་ཚུལ་དང༌། ཡོན་ཏན་རྣམས་ཞུས།

རི་མོའི་ཐོག་ལ་ཚིགས་བཅད་དག་ཐོན་ན་ལེགས

རྒྱལ་པོ་ཐུགས་ཤིན་ཏུ་དགྱེས་ཏེ། ལེགས་སོ་ལེགས་སོ་ཤིན་ཏུ་ལེགས། མཁས་མཛངས་ཕྱག་རྗེས་ངོ་མཚར་ཆེ། འཇམ་དབྱངས་རྣམ་སྤྲུལ་ཐོན་མི་མཆོག བདག་ཅག་ཀུན་གྱིསློབ་དཔོན་ལགས། ཞེས་བསྔགས་ཤིང་བཀུར་ཏེ། སང་ཉིན་ནས་བཟུང་བློན་འབངས་ཚང་མས་ཡི་གེ་སྦྱོང་དགོས། ཞེས་བཀའ་ཡང་གནང།

ཐོན་མིས་ཐོག་མར་རྒྱལ་པོས་གཙོས་བློན་པོ་འགའ་དང༌། དེ་ནས་དཔོན་རིགས་དག་གི་སྲས་སྲས་མོ་རྣམས་ལ་རིམ་བཞིན་ཡི་གེའི་ཀློག་སློབ་ནས་བཟུང་བརྡ་སྤྲོད་གཞུང་ལུགས་རྒྱས་པར་བསླབས། རྒྱལ་པོས་ཕ་བོང་ཁ་མ་རུར་མཚམས་ལ་བཞུགས་ནས་སྦྱང་བ་མཛད་པས་ཀུན་ལས་མཁས་པར་གྱུར།

དེར་རྒྱལ་པོས། ཐོན་མི་ལ་རྒྱ་གར་ནས་གདན་དྲངས་པའི་ཆོས་དཔེ་ཚང་མ་བོད་ཡིག་ཏུ་སྒྱུར་དགོས་པའི་བཀའ་གནང་བས། ཐོན་མིས། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་ཚང་མ་རིམ་བཞིན་སྒྱུར་རྒྱུའི་དབུ་བརྩམས། ཞོར་དུ་རྒྱལ་བློན་ཚོར་ཆོས་ཀྱི་སློབ་ཁྲིད་ཀྱང་གནང༌།

རྒྱལ་པོ་ཐུགས་ཤིན་ཏུ་དགྱེས་ཏེ། ཆོས་ཞུ་དུས་གུས་བཀུར་ཆེན་པོ་གནང་བས། བློན་པོ་འགའ་ཞིག་མ་དགའ་ཞིང་ཕྲག་དོག་གིས། ཚང་མ་འཚོགས་ནས་ཐོན་མི་ལ། རྗེ་ཡིས་འབངས་ལ་འདི་འདྲའི་བཀུར་སྟི་མི་འོས་པས། ཁྱོད་ཚད་ལས་བརྒལ་གྱིན་འདུག ཁྱོད་ང་རྒྱལ་ཆེན་པོ་འདུག སོགས་སྐྱོན་བརྗོད་བྱས།

ཐོན་མིས། ལམ་བགྲོད་པར་དཀའ་བའི་རྒྱ་གར་དུ། ལུས་ཚ་གྲང་ཆེ་ཡང་དཀའ་བ་སྤྱད། འཕྲལ་ཡོན་ཏན་ཐམས་ཅད་ཁོང་དུ་ཆུད། ཡུལ་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་འདིར། མི་མཁས་པ་སླེབས་པའི་སྔ་མ་ཡིན། ང་མུན་པ་སེལ་བའི་སྒྲོན་མེ་ཡིན། དུས་ད་ལྟ་དགའ་ལ་ཕྱི་མ་སྐྱིད། ང་ཐོན་མི་བཀའ་དྲིན་མི་ཆེ་འམ། ཞེས་མགུར་གསུངས་པས། ཚང་མས་བདེན་སྙམ་ནས་འགྲན་སེམས་དང་ཕྲག་དོག་ཀྱང་ཞི་བར་གྱུར་ནས། བོད་བློན་མཛངས་མི་བཞི་བར་བསྔགས་སོ།།


མགར་གྱིས་འུན་ཤིང་ཀོང་ཇོ་བོད་དུ་བསུས།


རྒྱ་ནག་གོང་མ་ཐང་ཐས་ཙུང་དང་བློན་ཆེན་མང་པོ་གྲོས་ལ་ཚོགས་ནས། བོད་རྒྱ་གཉེན་འབྲེལ་སྐོར་ལ་བགྲོ་གླེང་བྱས།

གོང་མས། བོད་ཀྱི་རྒྱལ་བློན་རྣམས་མཁྱེན་རྒྱ་དང་སྙིང་སྟོབས་ཆེ་བ་ཞིག་འདུག་པའི་ཐོག བོད་དམག་དེ་ཡང་དཔའ་རྩལ་ཆེ་བ་ཞིག་འདུག་པས། མུ་མཐུད་དམག་འཁྲུག་བྱས་ན་རྒྱལ་ཁབ་གཉིས་ལ་ཕམ་ཉེས་ཚད་མེད་འབྱུང་རྒྱུ་ཡིན་པས། བློན་ཆེན་རྣམ་པར་དགོངས་ཚུལ་ཅི་ཡོད། ཅེས་གསུངས།

དམག་སྤྱི་ཞིག་གིས། གནམ་འོག་འདིར། གོང་མ་མཆོག་ལ་འགྲན་ཟླ་ཐུབ་མཁན་ཞིག་ག་ལ་ཡོད། ང་ཚོས་དམག་དཔུང་མང་ཙམ་དྲངས་ཏེ་འཐབ་འཁྲུག་ཡག་པོ་ཞིག་བརྒྱབ་ན་འགྲིགས། གང་ལྟར་རྒྱལ་ཁ་ང་ཚོར་ཐོབ་ངེས་ཡིན། གོང་མ་མཆོག་ཐུགས་ཁྲལ་མ་གནང༌། ཞེས་བཤད།

བློན་རྒན་ཞིག་གིས། གོང་མ་མཆོག བདག་ལ་ཐབས་ཇུས་གཞན་ཞིག་ཤིག་ཡོད་མོད། འོན་ཀྱང་ཕྲན་གྱིས་ཞུ་མི་ཕོད་ལགས།

གོང་མས། ནོར་འཁྲུལ་བྱུང་བར་བློན་ཆེན་ལ་ཉེས་པ་མེད། ཐབས་ག་རེ་ཡོད་ཤོད་དང༌།

བོད་རྒྱལ་པོས། རྒྱ་བོད་གཉེན་འབྲེལ་བྱེད་འདུན་འདོན་གྱིན་ཡོད། མདོར་ན་གནད་དོན་དེ་མཛེས་མ་གཅིག་གིས་ཐག་གཅོད་ཐུབ་པ་ཞིག་མ་རེད། བློན་རྒན་གྱིས་དེ་ལྟར་ཞུས།

བློན་པོ་གཞན་ཞིག་གིས། བོད་རྒྱལ་པོར་དགོས་པ་དེ་གོང་མའི་སྲས་མོ་ཞིག་རེད། སྤྱིར་བཏང་མཛེས་མ་ཞིག་གིས་ག་ལ་འོང༌། མ་གཞི་སྤྱིར་བཏང་བུད་མེད་ཅིག་ལ་གོང་མའི་སྲས་མོའི་མཚན་སྙན་གསོལ་ན་དེ་ཐད་ཀར་གོང་མའི་མཚན་སྙན་ལ་གནོད་པ་ཞིག་མ་རེད་དམ།

བློན་པོ་གཞན་ཞིག་གིས། ཐབས་ལ་མཁས་པ་ཉེས་པ་མིན། ང་ཚོའི་རྒྱལ་ཁབ་ལ་གོང་མའི་སྲས་མོའི་མཚན་གསོལ་འོས་པའི་མཛངས་མ་ཞིག་ཡོད་ཀྱང་སྲིད། འོན་ཀྱང་བོད་ཀྱིས་མགོ་སྐོར་བ་ཤེས་ཚེ། རྒྱ་བོད་འབྲེལ་བ་དེ་ལས་སྡུག་ཏུ་འགྱུར་བའིཉེན་ཁ་ཆེ།

གོང་མས་དབུ་ལྡེམ་ཙམ་ངང༌། ཡག་པོ་གསུང་སོང༌། དེ་ངོ་མ་ཐབས་ཤེས་ཡག་པོ་ཞིག་རེད། བདག་གི་བློན་ཆེན་རྣམ་པ་དང༌། ལྷག་པར་བདག་གི་གཉེན་འབྲེལ་ནང་ན་མཛེས་མཛངས་ཉིས་ལྡན་གྱི་གཞོན་ནུ་མ་ཞིག་ཡོད་ངེས། ཞེས་བློན་ཆེན་ཚོར་གཟིགས་པས། ཁོ་ཚོས་གཅིག་གཅིག་གི་གདོང་པར་ལྟ་བ་ཙམ་ལས་ལན་སྨྲ་མ་ནུས།

ཅུང་ཞིག་ནས། གོང་མའི་སྤུན་མཆེད་བློན་ཆེན་ཞིག་གིས། གོང་མ་མཆོག བདག་ལ་སྲས་མོ་ཡག་པོ་གཉིས་ཡོད། གཅིག་བྱས་ན་དེ་ལས་ལེགས་པའང་ཡོད་སྲིད་པས། བློན་ཆེན་ཚོའི་བུ་མོ་ཚང་མ་བསྡུས་ཏེ་གོང་མས་དངོས་སུ་གཟིགས་གནང་ན་ལེགས། ཞེས་ཞུས།

ཕྱི་ཉིན། བློན་ཆེན་དང་གོང་མའི་སྐུ་མཆེན་དག་གི་བུ་མོ་བརྒྱ་ལྷག་བསྡུས་ཏེ། ཐེ་ཙུང་གིས་དངོས་སུ་གཟིགས་ཞིབ་གནང༌། ཕྱི་གཟུགས་བྱད་དང་བཟང་སྤྱོད། ནང་རྣམ་རིག་དང་ཡོན་ཏན་སོགས་ལ་ལེགས་པར་བརྟགས་ནས། གོང་མའི་སྐུ་མཆེད་བློན་པོའི་བུ་མོ་ཆུང་བ་དེ་ཐུགས་ལ་བབ།

གོང་མས་སྲོང་བཙན་སྒམ་པོར་ཕྱག་ཡིག་གནང་ནས། རྒྱ་བོད་གཉེན་འབྲེལ་བྱེད་རྒྱུར་མོས་མཐུན་བྱས་པས། བོད་ཀྱི་དམག་དཔུང་ཕྱིར་འཐེན་གྱིས་དམག་འཁྲུག་མཚམས་བཞག

བློན་ཆེན་མགར་དང༌། ཐོན་མི་སོགས་རྟ་དམག་བརྒྱ་ཐམ་པ་གོང་མའི་ཕོ་བྲང་དུ་བཙུན་མོ་བསུ་རུ་སོང༌། གོང་མའི་དམག་གིས་ཀྱང་རུ་བསྒྲིགས་ཏེ་དགའ་བསུ་དང་སྣེ་ལེན་བྱས།

བློན་ཆེན་ཐོན་མིས་གོང་མར་གུས་འདུད་འཚམས་ཞུ་དང་བཅས་བོད་རྒྱ་ཡི་གེ་ཤན་སྦྱར་གྱི་རྒྱལ་པོའི་ཕྱག་ཡིག་ཅིག་གོང་མར་ཕུལ་བས། གོང་མས་ཕྱག་ཡིག་གཟིགས་རྗེས་ཡ་མཚར་དང་བཅས། ཡི་གེ་འདི་ཅི་ཞིག་རེད། ཅེས་བཀའ་འདྲི་གནང༌།

ཐོན་མིས། འདི་ནི་གུས་པས་གསར་དུ་བཟོས་པའི་བོད་ཡིག་ཡིན། གསལ་བྱེད་ཡི་གེ་སུམ་ཅུ་དང་དབྱངས་ཡིག་བཞི་ལས་མེད་པའི་སྦྱོར་ཀློག་གི་ཡི་གེ་ཡིན། འབྲི་བདེ་ལ་ཀློག་བདེ་བ། སྦྱོར་ཚུལ་གྱི་འཇུག་ཡུལ་རྒྱ་ཆེ། ཞེས་ཡི་གེ་ཇི་ལྟར་བཟོས་ཚུལ་གྱི་ལོ་རྒྱུས་དང་བཅས་པ་ཞིབ་པར་བཤད།

གོང་མས། ངོ་མཚར་ཆེ། བོད་ཀྱི་རྒྱལ་བློན་ཚང་མ་སྤྱིར་བཏང་བ་ཞིག་མ་རེད། མ་འོངས་པར་བོད་རྒྱལ་ཁབ་ཀྱི་མཚནསྙན་འཛམ་གླིང་ལ་ཁྱབ་ངེས་རེད། ཅེས་སྨྲས།

མགར་གྱིས། གོང་མས་ཆེ་བསྟོད་གནང་བ་ཐུགས་རྗེ་ཆེ། ཞེས་ཞུས་པ་དང༌། ཀུ་རེའུ་ཚུལ་དུ། གོང་མ་མཆོག་ལ་གློ་བུར་དུ་མནའ་མར་སྟེར་རྒྱུའི་སྲས་མོ་ཞིག་གང་ནས་བྱུང་སོང་ངམ། ང་ཚོའི་རྒྱལ་པོར་མདང་སྐྱེས་ཀྱི་བུ་མོ་ཞིག་གནང་རྩིས་ཡོད་པ་ཨེ་ཡིན།

གོང་མ་ཅུང་ངོ་ཚའི་ངང༌། བདག་གིས་བོད་ཀྱི་རྒྱལ་པོའི་ཁ་ཕོ་དེ་དོན་ལ་གནས་མིན་ཉམས་ཚོད་ཙམ་བླངས་པ་ཡིན། ངོ་མ་བཤད་ན་གནམ་འོག་ཞི་བདེ་ཡོང་རྒྱུ་འདི་བདག་གི་ཡབ་མེས་རྣམ་པ་ནས་བཟུང་བའི་རླབས་ཆེན་གྱི་བྱ་གཞག་ཅིག་ཡིན། དོན་ཆེན་འདི་འདྲ་ཞིག་ལ་ཐང་རྒྱལ་རབས་ཀྱིས་དམིགས་བསལ་འགན་འཁུར་འོས་པ་ཞིག་རེད། ཅེས་སྨྲས།

མགར་གྱིས། དེ་འདྲ་ཡིན་ན་གོང་མ་མཆོག་དགོངས་པ་རླབས་ཆེན་རེད། ང་ཚོའི་རྒྱལ་པོའི་ཐུགས་འདུན་ཚང་མསྐོང་རྒྱུའི་ཞལ་བཞེས་གནང་བ་ཡིན་ནམ། ཞེས་དྲིས་པར།

གོང་མས། ཕྱག་ཡིག་ནང་ན་དགོས་འདུན་གཞན་ཞིག་བཏོན་འདུག དེ་ངོ་མ་བློས་གཏོང་དཀའ། གལ་ཏེ་མ་བྱིན་ན་ཡང་ང་ལ་དམག་རྒྱག་རྒྱུ་མི་ཟེར་རམ། ངོ་མ་འཇིགས་སྣང་སྐྱེ་བ་ཞིག་རེད། ཅེས་ཀུ་རེའི་ཚུལ་དུ་བསད།

མགར་གྱིས། ངོ་མ་བཤད་ན་ཤཱཀྱ་མུ་ནེའི་སྐུ་གདན་འདྲེན་ཞུ་རྒྱུ་དེ་ང་ཚོའི་རྒྱལ་པོའི་རེ་བ་ཆེ་ཤོས་ཤིག་ཡིན་ལ། ཐང་རྒྱལ་པོས་གནམ་འོག་ཞི་བདེར་སྨོན་པའི་བཀྲ་ཤིས་པའི་དོན་ཆེན་ཞིག་ཀྱང་ཡིན་པས། གོང་མའི་སྲས་མོའི་བག་སྐལ་དུའང་དེ་ལས་རྩ་ཆེན་ཞིག་ཅི་ཡོད། གལ་ཏེ་གོང་མས་གནང་འདོད་མེད་ན་ཀོང་ཇོ་གཅིག་པུ་འཁྲིད་ནས་ང་ཕྱིར་ལོག་པར་རེ་བ་མ་གནང་རོགས། ཞེས་ཞུས།


ཡང་གོང་མས། བློན་ཆེན་མགར་གྱི་བློ་རིག་དང༌། དཔའ་རྩལ། བློ་དཀར་གཞུངས་དྲང་གི་ཡོན་ཏན་དག་གིས་སྔ་ས་ནས་བདག་གི་ཡིད་དབང་འཕྲོག་ཡོད། བློན་ཆེན་གྱི་ཐུགས་ལ་འབབ་ན་ངས་ཁྱེད་ལའང་མཛངས་མ་ཞིག་འབུལ་འདོད་ཡོད།

མགར་གྱིས། གོང་མས་བདག་ལ་གཟིགས་སྐྱོང་གནང་བ་ཐུགས་རྗེ་ཆེ། ཡིན་ཡང་ད་ལྟ་བདག་ལ་ཐང་བོད་ཞི་མཐུན་གྱི་དོན་ཆེན་ཁོ་ན་སྒྲུབ་རྒྱུ་ལས་བྱ་བ་གཞན་གང་ཡང་མེད། ཐང་བོད་རྒྱལ་པོ་གཉིས་ཀྱིས་ཆོས་སྲིད་ཉི་ཟླས་གནམ་འོག་ཞི་བདེར་འགོད་རྒྱུར་བདག་གིས་ཡིད་ཆེས་སྨོན་ལམ་འདེབས།

དེ་ནས་བལ་བོའི་རྒྱལ་པོ་ཡུ་སྣ་ཀུག་ཏི་བྱ་བ་བཀུམས་ཏེ་ན་རི་བ་རྒྱལ་པོར་བཅུག་ནས་སྲིད་དབང་བོད་ལ་གཏོགས་པར་བྱས།

༦༤༤ལོར་ཞང་ཞུང་རྒྱལ་པོ་ལིག་སྣ་ཤུར་བྱ་བ་བསད་དེ་ཞང་ཞུང་དབང་དུ་བསྡུས།

དེ་ནས་མུ་མཐུད་བྱང་དུ་མངའ་ཐང་རྒྱ་བསྐྱེད་དེ་མྱང་མང་པོ་རྗེ་ཞང་སྣང་གིས་སུམ་པ་མཐའ་དག་གཡོ་སྒྱུའི་སྒོ་ནས་ཁྱིམ་གྲངས་མཤོར་བར་འབངས་སུ་བཀུག །

ཆབ་བྲག་ལྷ་མོ་སྐྱབས་ཀྱི་ཟིན་བྲིས་ལས་བཏུས།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།