ThuAprThu2019

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

བོད་ཀྱི་གདོད་མའི་ལོ་རྒྱུས།

བོད་ཅེས་འབོད་པའི་མིང་དེ་ཇི་ལྟར་བྱུང་བའམ་དེའི་གོ་དོན་གང་ཡིན་པའི་སྐོར།

བོད་ཅེས་བྱ་བའི་མིང་བྱུང་ཚུལ།

ཐོག་མར་རང་རེའི་ཡུལ་འདི་ལ་བོད་ཅེས་འབོད་པའི་མིང་དེ་ཇི་ལྟར་བྱུང་བའམ།   དེའི་གོ་དོན་གང་ཡིན་པའི་སྐོར་ལ།  བོད་ཀྱི་ལོ་རྒྱུས་རྒྱལ་རབས་དང་ཆོས་འབྱུང་སོགས་ཀྱི་ནང་མིང་ཚིག་དེའི་འགྲེལ་བཤད་འཁོད་པ་ཞིག་མ་མཐོང་ཞིང་། ཉེ་རབས་ཀྱི་ལོ་རྒྱུས་སྨྲ་བའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་དེབ་ཐར་དཀར་པའི་ནང་ཐ་སྙད་འདི་ལ་ཐོག་མའི་དཔྱད་པ་ཞིག་གནང་མྱོང་བ་ལྟར་ཞིབ་པ་ཡིག་ཆ་དངོས་ལ་གསལ་དོན་དེའི་ནང་དུ་བསྟན་པར།  “བོད་ཅེས་བྱ་བའི་ཚིག་དེའི་དོན་གང་ཟེར་ན།  རྣམ་པ་གཅིག་ཏུ་ན་དོན་ཅི་ཡང་བཤད་དུ་མེད་པའི་འདོད་རྒྱལ་ཙམ་ཡིན་པའང་སྲིད་” (༡)ཅེས་ གསུངས་ཤིང་།  དེའི་མུ་མཐུད་ནམ་ཡང་ན་རྒྱལ་པོའི་མཚན་ཡུལ་ལ་ཐོགས་པའམ།     གཡུང་དྲུང་བོན་གྱི་འདོད་ཚུལ་ལྟར་ན།  “ཐོག་མར་བོན་གྱི་ཡུལ་ཞེས་གྲགས་པ་ལ་རྗེས་སུ་བོད་ཀྱི་ཡུལ་ཞེས་ཟུར་ཆག་པ་ཡིན་”ཟེར་བ་སོགས་དཔྱད་གཞིར་འདོན་གནང་འཛད་པ་ལས།   ཚིག་ཐག་ད་དུང་བཅད་གནང་མེད་པ་ནི་དོན་གྱི་མཁས་པའི་དགོངས་གཞི་ཡི་རངས་སྐྱེ་འོས་པ་ཞིག་ཏུ་མངོན།   འོན་ཀྱང་ཁོང་གིས་ཐོག་མ་ཁོ་ནར་བོད་ཅེས་པའི་མིང་དེ་རྒྱ་གར་དང་།  རྒྱ་ནག   ཁ་ཆེ།  སོག་པོ།   ཐ་ན་དབྱིན་སྐད་སོགས་ཕྱི་རྒྱལ་གཞན་གྱི་འབོད་ཚུལ་ཡིན་ལ་རེ་རེ་བཞིན་སྒྲ་རིག་པའི་གཏན་ཚིགས་ཀྱི་ཐོག་ནས་དབྱེ་ཞིབ་ཚན་རིག་དང་མཐུན་པ་ཞིག་གནང་སྟེ།   མདོར་ན་བོད་ཅེས་པ་ནི་བོད་མིས་རང་གི་ཡུལ་ལ་བཏགས་པ་མིང་དེ་ག་རང་ཡུལ་གཞན་གྱི་སྐད་ལ་ཕར་ཟུར་ཆག་པ་འབའ་ཞིག་ལས།  ཡུལ་གཞན་གྱི་མིས་ཚུར་བཏགས་པ་ཞིག་མ་ཡིན་པ་རིགས་པས་ཁུངས་སྐྱེལ་གནང་བ་དེ་ནི།   རང་རེར་གནད་དོན་འདིའི་ཐད་ལ་བསམ་གཞིགས་དང་ཞིབ་འཇུག་བྱ་རྒྱུའི་རྩ་བའི་གཞི་འཛིན་ས་གསེར་གྱི་ས་གཞི་ལྟ་བུ་ཞིག་ཡིན་ནོ།

རང་ཅག་གི་ཡུལ་འདིའི་མིང་ལ་བོད་ཅེས་བྱ་བ་དེ་དུས་ནམ་ཞིག་ལ་བྱུང་བའི་ཐད་དེབ་ཐར་དཀར་པོའི་ནང་།  “དེ་ཡང་རང་རེའི་ཡུལ་འདི་ལ་ཆེས་སྔ་མོ་ཞིག་ནས།   རང་སྐད་དུ་བོད་ཀྱི་ཡུལ་ཞེས་བྱ་བར་གྲགས་” (༢)ཞེས་གསུངས་པ་བཞིན་བོད་ཅེས་པའི་ཐ་སྙད་དེ་ནི་གདོད་མའི་དུས་ནས་བྱུང་བར་མངོན།   དཔེར་ན་བོན་གྱི་ལོ་རྒྱུས་སམ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གིས་མཛད་པའི་ལོ་རྒྱུས་ཆེ་མོ་སོགས་བོད་གནའ་རབས་ཀྱི་ངག་རྒྱུན་འཁོད་པའི་ཡིག་རིགས་དག་ལས།   གདོད་མའི་དུས་སུ་ཡུལ་འདིར་གནོད་སྦྱིན་ལ་སོགས་མི་མ་ཡིན་གྱི་དབང་མཛད་བཅུ་སོགས་བྱུང་བའི་བརྒྱུད་རིམ་བཤད་ཡོད།   ང་ཚོས་མི་མ་ཡིན་ཞེས་ཐོས་མ་ཐག་དེ་ནི་དངོས་མེད་ལྷ་སྒྲུང་ཡིན་ཟེར་ནས་རྣ་བ་མི་བཟེད་པ་གཏན་ནས་བྱ་མི་རུང་།   མི་མ་ཡིན་གྱི་དབང་མཛད་བཅུ་བྱུང་ཞེས་པ་ནི་ས་མཐོའི་སྤྲ་མི་རྣམས་ད་དུང་གནའ་མི་མཚན་ཉིད་པ་ཞིག་ཏུ་མ་གྱུར་པའི་གོང་རོལ་གྱི་དོན་ཞིག་ཡིན་པ་གོ་དགོས།  དེ་དག་གི་བརྒྱུད་རིམ་བཤད་པའི་ནང་།  “བདུན་པ་མང་སངས་རུས་དགུས་དབང་བྱས་ཏེ།  ཡུལ་གྱི་མིང་ནི་བོད་ཀ་ཉ་དྲུག་ཟེར་” (༣)ཞེས་གསལ་བས་བོད་ཅེས་པའི་ཡུལ་མིང་ནི་ཐོག་མ་དེ་དུས་ནས་ཡོད་པ་མཐོང་ཐུབ།   དེ་ནས་ད་ཕན་ལོ་གྲངས་ཇི་ཙམ་སོང་བ་ནི་བརྗོད་ཀྱིས་མི་ལང་བ་སྨོས་ཅི་དགོས།  རྒྱུ་མཚན་དེ་དག་ལ་བསམ་དུས་བོད་བྱ་བ་ནི་བོད་རང་གི་མིས་བཏགས་པ་དེ་བས་ཀྱང་ཚད་མར་གྲུབ་ཅིང་།  དེ་ཡང་འདོད་རྒྱལ་གྱི་མིང་ཙམ་ཡིན་ཤས་ཆེ་ལ།  གོ་དོན་ལྡན་པའི་དབང་དུ་བཏང་ནའང་དཔྱད་གཞི་གང་མང་བསགས་ནས་བརྟག་དཔྱད་ཞིབ་འཇུག་མུ་མཐུད་དེ་བྱ་དགོས་པ་ལས། ཕྱོགས་རེ་བའི་སྒོ་ནས་ཁ་ཚོན་གཅོད་མི་འོས་པ་གསལ་པོར་རྟོགས་ཐུབ།  འོན་ཀྱང་བོད་ཀྱི་ལོ་རྒྱུས་ཤེས་བྱར་དོ་སྣང་བྱེད་དགོས་ན་བོད་ཅེས་པའི་ཐ་སྙད་དེ་ཇི་ལྟར་བྱས་ནས་བྱུང་བ་དང་།  དེའི་གོ་དོན་གང་ཡིན་ལ་བསམ་ཞིབ་བྱ་རྒྱུ་ནི་གལ་འགངས་ཆེ་བ་ཞིག་ལོས་ཡིན།   དེར་མིན་གྱི་དཔྱད་གཞི་གཞན་དག་ཀྱང་བརྩད་འཚོལ་བྱ་རྒྱུ་དེ་དགོས་ངེས་ཤིག་ཏུ་མཐོང་།

བོད་ཅེས་པའི་ཡུལ་མིང་འདིའི་གོ་དོན་སྐོར་ལ་དམངས་ཁྲོད་དུ་མི་རབས་ནས་མི་རབས་བརྒྱུད་པའི་བཤད་ཚུལ་ཡང་འགའ་ཞིག་ཐོས།  དཔེར་ན་ལ་ལས་ཟེར་ན།  གནའ་སྔ་མོ་ཡུལ་འདིར་ཞིང་ལས་ཐོན་སྐྱེད་མ་དར་བའི་གོང་ལ་མི་རྣམས་རི་དྭགས་རྔོན་པ་དང་།   དེ་ནས་རིམ་བཞིན་ཕྱུགས་རིགས་གསོ་སྐྱོང་ལ་བརྟེན་ནས་འཚོ་ཐབས་བྱེད།  སྐབས་དེར་ཕྱུགས་རིག་རྣམས་འཕེལ་བ་དང་བསྟུན་ནས་རྩྭ་བཟའ་འདང་ངེས་ཤིག་ཡོང་བའི་དོན་དུ་འབྲོག་པ་ཚོ་རུབ་སྡོད་བྱ་ཐབས་མེད་པར་ཁ་ཐོར་ནས་རི་ཀླུང་རྩྭ་ཆུ་གང་བཟང་དུ་གནས་ངེས་མེད་ཀྱི་སྐྱ་སྤོ་བྱེད་དགོས་པ་ཆགས། རྒྱང་ཐག་རིང་པོར་ཁ་གྲམ་ནས་སྡོད་པའི་འབྲོག་པ་དེ་རྣམས་ལ་རང་བྱུང་ཁམས་ལས་བྱུང་བའི་ཆག་སྒོ་དང་།  ཇག་རྐུན་ནམ།   གཅན་གཟན་གྱི་གནོད་འཚེ་འཕྲད་པ་སོགས་ཕན་ཚུན་འབྲེལ་བ་བྱེད་དགོས་སྟབས།  སྐད་རིང་གི་བརྡ་སྦྱོར་ཐུབ་པའི་རྒྱང་ཚད་དུ་གནས་བཅའ་བ་དང་།  གནས་ཚུལ་བྱུང་སྐབས་རི་མཐོ་ས་སྒང་ནས་སྐད་ཆེན་པོས་ཀ་ཡེའམ།  ཝ་ཡེ་ཞེས་གདངས་རིང་གིས་བརྡ་སྤྲོད་བྱེད་པ་དེ་ལ་“འབོད་པ་”ཞེས་ཟེར།   དེ་ལྟར་ཡང་ཡང་བོད་པའི་སྒྲ་སྒྲོག་པས་ཡུལ་དེའི་མིང་ལའང་“བོད་”ཅེས་ཐོགས་པ་ཡིན་ཟེར་རོ།།

དེ་མིན་རྒན་རབས་ཀྱི་བཤད་སྲོལ་གཞན་ཞིག་ནི།  རང་ཅག་གི་ཡུལ་འདིའི་རང་བྱུང་གི་ཆགས་བབ་ནི་ནུབ་དང་བྱང་ཕྱོགས་མཐོ་ཞིང་།  ཤར་དང་ལྷོ་གཉིས་ཁད་ཀྱིས་དམའ་བ་ཡོད་པ་ལས་གདོད་མའི་དུས་ནས་སྤྱི་ཚོགས་ཀྱི་ཐོན་སྐྱེད་རིམ་བཞིན་འཕེལ་རྒྱས་འགྲོ་བའི་བྱ་རིམ་ནང་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་དང་བསྟུན་པའི་གཙོ་བོའི་ཐོན་སྐྱེད་ལས་རིགས་གསུམ་དུ་དབྱེ་བ་སྟེ།   མཐོ་སར་ཕྱུགས་རིགས་གཉེར་སྐྱོང་ཁོ་ན་བྱེད་པའི་ས་ལ་འབྲོག་ཅེས་དང་།   དམའ་སར་ནགས་ལས་གཙོ་གཉེར་བྱེད་པའི་ས་ལ་རོང་ཞེས་གྲགས་ཤིང་།  དེ་གཉིས་ཀྱི་བར་དུ་དྲོ་གྲང་སྙོམས་སར་ཞིང་ལས་གཙོ་བོར་གཉེར་བའི་ས་ལ་བོད་ཅེས་མིང་ཆགས་པ་ཡིན།

ལོ་རྒྱུས་ཐོག་སྤུ་རྒྱལ་བཙན་པོའི་གདུང་རབས་དེ་ཡར་ལུང་དུ་བྱུང་ཞིང་།  ས་ཁུལ་དེ་ནི་སྐབས་དེའི་ས་མཐོའི་ཞིང་ལས་གཙོ་བོར་གཉེར་བའི་ལྟེ་བ་ལྟ་བུ་ཡིན་སྟབས་བོད་ཡུལ་ཞེས་འབོད་པ་དང་།  སྤུ་རྒྱལ་བཙན་པོའི་གདུང་རྒྱུད་ལའང་ཡུལ་གྱི་མིང་རྗེ་ལ་ཐོགས་ནས་བོད་ཀྱི་བཙན་པོ་ཞེས་གྲགས།  རྗེས་སུ་བོད་ཀྱི་བཙན་པོའི་གདུང་རབས་ཀྱིས་ཡར་ལུང་གི་མཐའ་འཁོར་དང་།  དེ་ནས་རིམ་བཞིན་དབུས་གཙང་དུ་མངའ་འབངས་རྒྱ་བཀྱེད་ཅིང་།  ལྷག་པར་བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་དུས་ནས་དེ་བས་ཀྱང་ཕྱོགས་བཞི་མཚམས་བརྒྱད་མངའ་འོག་ཏུ་བསྡུས་ཤིང་།  རྒྱལ་ཁམས་ཆེས་ཆེར་བཀྱེད་པ་བཅས་བརྒྱུད་རྗེའི་མཚན་ཡུལ་ལ་ཆགས་ཏེ་བོད་ཀྱི་བཙན་པོའི་མངའ་ཁོངས་རྣལ་མར་གཏོགས་པ་མཐའ་དག་ལ་བོད་ཅེས་མིང་ཐོགས་པ་ཡིན་ཟེར་རོ།

སྤྱིར་ན་མིའི་རིགས་ཀྱི་ལོ་རྒྱུས་དང་ཤེས་རིག་མཐའ་དག་ཐོན་སྐྱེད་འཕེལ་རྒྱས་འགྲོ་བ་དང་ཁ་འབྲལ་ཐབས་མེད་ལ།  ཁྱད་པར་གདོད་མའི་དུས་ནས་བྱུང་ཞིང་ཆགས་པའི་མིང་ཚིག་ནི་དེ་བས་ཀྱང་དེ་ལྟར་ཡིན་སྲིད་པར་བརྟེན་གོང་དུ་དྲངས་པའི་བཤད་རྒྱུན་དེ་རིགས་ཕྱི་ཡུལ་རང་བྱུང་ཁམས་ཀྱི་ ཆགས་བབ་དང་།  གནའ་བོའི་སྤྱི་ཚོགས་ཀྱི་ཐོན་སྐྱེད་བྱ་གཞག་དང་འབྲེལ་བ་ཡོད་སྟབས་འདིར་ཡང་དཔྱད་གཞིའི་ཁ་སྣོན་ཙམ་དུ་བཀོད་པ་ལགས་ཤིང་།  བཤད་སྲོལ་ཕྱི་མ་འདིའི་ཐད་ཐོག་མ་ཞིང་ལས་ས་ཁུལ་ལ་བོད་ཅེས་པའི་ཐ་སྙད་ཐོགས་པ་ཡིན་ན།  བོད་རྗེ་སྲོང་བཙན་སྒམ་པོའི་སྔ་རོལ་དུ་ཡར་ལུང་ཁུལ་དུ་མ་གཏོགས་ཞིང་ལས་དར་ སྲོལ་མེད་དམ་ཞེ་ན། དེ་ནི་ཐོག་མའི་མིང་གི་འབྱུང་ཁུངས་ཙམ་བཤད་པ་ལས་ངེས་པ་མེད་ཅིང་།  ད་དུང་ཏུན་ཧོང་གི་ཡིག་རྙིང་ལས་འབྱུང་བ་ལྟར་ན་བཙན་པོ་གནམ་རི་སྲོང་བཙན་གྱི་ལོ་རྒྱུས་ནང་།   “རྒྱལ་པོ་འདིའི་རིང་ལ་།   ཁྱུང་པོ་སྤུང་སད་ཀྱིས་རྩང་བོད་ཀྱི་རྗེ་བོ་མར་མུན་མགོ་བཆད་བཅད་དེ།    ཁྱུང་པོ་སྤུང་སད་ཀྱིས་རྩང་བོད་ཀྱི་རྗེ་བོ་མར་མུན་མགོ་བཆད་བཅད་དེ།     རྩང་བོད་ཁྱིམ་ཉི་གྲི་ཉིས་ཁྲི་བཙན་པོའི་ཕྱག་ཏུ་པུལ་ཕུལ་ཏེ།    ཟུ་ཙེམགློ་བ་ཉེ་བ་འི་བྱ་དགར་སྩལ་ཏོ” (༤)ཞེས་གསལ་བ་ལྟར་དུས་དེ་ཤེད་དུ་གཙང་ཁུལ་ཡར་ལུང་གཙང་པོའི་ལྷོ་བྱང་བརྒྱུད་ཀྱི་ས་གནས་དེ་དག་བཙན་པོའི་མངའ་འོག་ཏུ་མ་ཚུད་གོང་ནས་ཞིང་ལས་གཙོ་བོར་གཉེར་ཁུལ་ཡིན་སྲིད་ཅིང་།

དེར་བརྟེན་རྩང་བོད་ཅེས་བོད་ཀྱི་ཐ་སྙད་ཀྱང་ཐོགས་ཟིན་པ་མཚོན་པས་དེས་ན་བོད་ཅེས་པ་ཞིང་ལས་ས་ཁུལ་ལ་ཐོགས་པ་ཡིན་ཟེར་བར་སྒྲུབ་བྱེད་དུ་འགྱུར་བ་མ་གཏོཊ་གནོད་པ་མེད་དོ།   གཞན་ཡང་སྔར་གྱི་བླ་མའི་རྣམ་ཐར་སོགས་ལོ་རྒྱུས་ཀྱི་་ཡིག་རིཊ་དང་དེ་སྔའི་བོད་ས་གནས་སྲིད་གཞུང་གི་ཡིག་ཆ་མང་པོའི་ནང་།   “བོད་འབྲོག་མི་སེར་”དང་“བོས་འབྲོག་བརྗེ་ཚོང་”“རོང་བོད་ས་མཚམས་”དང་“རོང་བོད་སྐྱེལ་མཚམས་”ཞེས་པ་སོགས་མཐོང་རྒྱུ་ཡོད་པ་མ་ཟད།   དམངས་ཁྲོད་དུའང་བོད་འབྲོག་ཟེར་བ་དང་རོང་བོད་ཅེས་པའི་ཤོད་སྲེལ་ད་ལྟའང་མཆིས་པ་དེ་དག་གི་བོད་ཟེར་བའི་གོ་དོན་ཡང་ཞིང་ལས་ཐོན་སྐྱེད་གཙོ་བོར་གཉེར་བའི་ས་ཆ་ལ་ངོས་འཛིན་བྱེད་ཚུལ་མཚོན་པ་བཅས་འབོད་སྲོལ་འདི་རྣམས་ཀྱང་གནའ་བོའི་ཤུལ་རྒྱུན་དང་འབྲེལ་བ་ངེས་ཅན་ཞིག་ཡོད་སྙམ་པ་དཔྱད་གཞིའི་ཚུལ་དུ་འཕྲོས་པ་ལགས།    ཡང་ཁམས་བོས་ཅེས་པའི་གོ་དོན་གང་ཡིན་སྙམ་ན་ཁམས་ནི་མཐའ་ཁུལ་ལ་ཟེར་ཏེ་དཔེར་ན་མཐའི་རྒྱལ་ཕྲན་ལ་ཁམས་ཀྱི་རྒྱལ་ཕྲན་ཞེས་གྲགས་པ་ལྟར་བོད་དབུས་ན་མཐའི་རྒྱལ་ཕྲན་ལ་ཁམས་ཀྱི་རྒྱལ་ཕྲན་ཞེས་གྲགས་པ་ལྟར་བོད་དབུས་ནས་རྩིས་ན་ཤར་ཕྱོགས་ཀྱི་མཐའ་ཁུལ་ལ་ཁམས་ཞེས་མིང་ཆགས་པས་ཁམས་བོད་ནི་མཐའ་དབུས་ཀྱི་དོན་ཡིན་པ་བཅས་བོད་ཅེས་བའི་མིང་བྱུང་ཚུལ་གྱི་དཔྱད་གཞི་མདོ་ཙམ་བརྗོད་པའོ།

ཡོང་ཁུངས། ཐའེ་ཝན་བོད་བརྒྱུད་ནང་བསྟན་ཐོས་བསམ་ཆོས་གླིང་།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།