WedJanWed2018

སྤེལ་དུས་མཐའ་མ།08:20:03 AM GMT

རྩོམ་གསར།:

ཐོག་མར་ང་ཚོའི་བོད་ཀྱི་སྐད་ཡིག་ཐོག་ཆེད་ལས་ཐོན་ཟིན་པ་དག་ལ་ཆེ་མཐོང་སྤྲོད་དགོས།

རྩོམ་རིག་མེ་ལོང་གི་ངོས་ནས་བོད་ཀྱི་སྐད་ཡིག་གི་རིན་ཐང་ངོས་འཛིན་གྱིས་མ་འོངས་རྒྱུན་འཁྱོངས་བྱ་ཐབས་དང༌། ལྷག་པར་དུ་བོད་ཀྱི་སྐད་ཡིག་གི་སྤུས་ཚད་གོང་མཐོར་དང་སྐད་ཡིག་གི་ཁོར་ཡུག་གཞི་ཁྱོན་ཇེ་ཆེར་ཡོང་ཐབས། དེ་བཞིན་མི་རབས་གསར་པ་རྣམས་ལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བདག་གཅེས་ཡོང་ཐབས་སོགས་ཀྱི་ཐོག་རྩོམ་པ་པོ་ལོ་ཡག་བཀྲ་ཤིས་སམ་གངས་སྲས་ལགས་་སུ་བཅར་འདྲི་ཞུས་པ་གཤམ་བཀོད་ཡོད་པས་གཟིགས་ཞིབ་གནང་འཚལ།

༡ ༽ ཁྱོད་རང་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

ལན།ཚང་མ་ལ་བཀྲིས་བདེ་ལེགས་དང་རང་ཉིད་ཀྱི་སྨྲ་བསམ་བརྗོད་སའི་གོ་སྐབས་ཤིག་གནང་བ་དེ་ལ་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག་གུས་པའི་དངོས་མིང་ལ་ལོ་ཡག་བཀྲ་ཤིས་དང་སྨྱུག་མིང་ལ་གངས་སྲས་ཟེར་ཞིང་།སྤྱི་ལོ་༢༠༠༩ལོར་བཙན་བྱོལ་དུ་འབྱོར་ནས་སུ་ཇཱ་བོད་ཁྱིམ་སློབ་གྲྭ་རུ་གོ་སྐབས་འཛིན་གྲྭ་ནས་འཛིན་རིམ་བཅུ་པ་བར་སློབ་སྦྱོང་བྱས།སྤྱི་ལོ་༢༠༡༥ལོར་རང་ཉིད་ཀྱི་འདོད་མོས་དང་མ་འོངས་པའི་ཕུགས་བསམ་ལ་དམིགས་ནས་ཚུད་རྒྱུག་གི་ལམ་ནས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་ཚུད་ནས་ད་ལྟ་བོད་ཀྱི་སྐད་ཡིག་ཆེད་སྦྱོང་རིག་གནས་རབ་བྱམས་པ་ལོ་རིམ་གསུམ་པ་བྱེད་བཞིན་པ་ཡིན།ང་རང་བོད་ཀྱི་སྐད་ཡིག་གི་ཤེས་ཚད་དང་གོ་རྟོགས་དམན་རུང་བོད་ཀྱི་སྐད་ཡིག་ལ་དུང་བ་ཤིན་ཏུ་ཆེ།  

༢ ༽ ད་ལྟའི་བོད་སྐད་ཡིག་གི་ཁྱབ་ཚད་སྔོན་ཆད་དང་བསྡུར་ན་ཅི་ལྟ་བུ་ཞིག་ཏུ་མཐོང་གི་ཡོད།

ལན། སྤྱིར་འཛམ་བུ་གླིང་འདིའི་སྒང་ལ་ང་ཚོ་བོད་ཀྱི་སྐད་ཡིག་དེ་སྔར་དང་བསྡུར་ན་ཁྱབ་ཚད་ཆེ་རུ་འགྲོ་ཡོད་རེད་བསམ་གྱི་ཡོད། རྒྱུ་མཚན་ནི།ང་ཚོའི་ཐུན་མོང་མ་ཡིན་པའི་རིག་གཞུང་ནང་བསྟན་ཆོས་ལུགས་འདི་སྐུ་མདུན་གྱི་ཐུགས་རྗེའི་བཀའ་དྲིན་ལ་བརྟན་ནས་དེང་སང་སྔར་ལས་དར་ཁྱབ་ཆེ་རུ་འགྲོ་ཡོད་པ་རེད་ལ་དེ་ལ་གཏིང་ཟབ་པོ་ཞིག་སྦྱང་པའམ་ཉམས་ལེན་ཡང་དག་བྱེད་དགོས་ན་དེ་བོད་སྐད་ཡིག་ནང་མ་གཏོགས་སྐད་ཡིག་གཞན་གྱི་ནང་དུ་མེད་དུས། ཕྱི་རྒྱལ་ཁབ་ཀྱི་མི་གང་མང་ཞིག་གི་བོད་ཀྱི་སྐད་ཡིག་ལ་སྦྱང་པ་དང་དོ་སྣང་ཆེ་རུ་འགྲོ་ཡི་ཡོད་པ་དེ་གསལ་པོ་རེད། འོན་ཀྱང་། ང་ཚོ་བོད་པའི་སྤྱི་ཚོགས་ནང་བོད་ཀྱི་སྐད་ཡིག་སྔར་དང་བསྡུར་ན་ཉམས་རྒུད་འགྲོ་ཡོད་པ་དེ་ཡང་ང་ཚོས་ཤེས་དགོས་པ་རེད། དེང་སང་བོད་ཀྱི་སྐད་དང་ཡི་གེ་ལ་ཤ་ཞེན་ཆེ་ཞིང་དུང་བ་ཟབ་པའི་མི་བུ་གང་མང་ཞིག་གི་བོད་ཀྱི་སྐད་མ་ཉམས་གོངས་འཕེལ་དང་ཉམས་པ་སླར་གསོ་བྱེད་དགོས་པ་དང་བོད་ཀྱི་སྐད་ཡིག་སྦྱང་དགོས་པའི་འབོད་སྒྲ་ཡང་ཡང་སྒྲོག་གི་ཡོད་པ་དེས་ང་ཚོས་སྐད་ཡིག་ཉམས་འགྲོ་བཞིན་ཡོད་པ་དེ་གསལ་པོ་མཚོན་ཐུབ།ད་དུང་དེང་སང་ང་ཚོའི་སྤྱི་ཚོགས་ནང་རང་སྐད་རྒྱབ་ཏུ་བསྐྱུར།གཞན་སྐད་དང་དུ་ལེན་ནས་རང་སྐད་ལ་མཐོང་ཆུང་དང་གཞན་སྐད་ལ་མཐོང་ཆེན་བྱེད་མཁན་མང་ལ།དེ་བཞིན་རྒྱུན་སྤྱོད་ཡིག་རིགས་ཁག་དང་ཐ་ན་རང་ཉིད་ཀྱི་མིང་ཡིན་རུང་བོད་ཡིག་ལས་དབྱིན་ཡིག་འབྲི་མཁན་མང་།

༣༽ བོད་རང་གི་ཡུལ་སྲོལ་གོམས་གཤིས་མངོན་ཐུབ་པའི་བོད་སྐད་ཡིག་འདི་མ་འོངས་པར་སྤུས་ཚད་ཇི་འདྲ་ཞིག་ཏུ་འགྱུར་གྱི་རེད།

ལན།ང་ཚོའི་འདི་ལྟར་རང་སྐད་ལས་གཞན་སྐད་ལ་མཐོང་ཆེ་བ་དང་སྐད་ཡིག་གང་ཞིག་རྒྱབ་པ་དེ་གཙང་མ་མེད་པར་བོད་སྐད་དང་སྐད་ཡིག་གཞན་ཞིག་བསྲེས་ནས་ར་མ་ལུག་གི་སྐད་རྒྱག་མཁན་ང་ཚོའི་སྤྱི་ཚོགས་ནང་རྒྱུན་དུ་ཡོད་བཞིན་པ་དང་སྐད་བསྲེས་བརྒྱབ་པ་ནི་མ་ཚོར་བར་བོད་སྐད་ཡིན་བསམ་ནས་རྒྱང་མཁན་ཧ་ཅང་མང་པོ་རེད།དཔེན་ན།ཁྱོད་ཀྱིས་ཞོགས་ཟས་ཟས་ཚར་ཡིན་ནམ་ཟེར་རྒྱུའི་ཚབ་ལ་ཁྱོད་ཀྱི་ breakfast ཟས་ཚར་ཡིན་ནམ་ཟེར་བ་དང་ཆུ་འམ་ཇ་དེ་ཚུར་བཏང་ཟེར་རྒྱུའི་ཚབ་ལ་ཆུ་འམ་ཇ་དེ་ pass བཏང་ལྟ་བུ་སྐད་ཡིག་གཉིས་མཉམ་དུ་བསྲེས་ནས་རྒྱག་གིན་ཡོད་རེད།དེས་མ་འོངས་པར་བོད་སྐད་ཡིག་དེ་སུ་གང་གིས་གོ་མི་ཐུབ་པར་ཞིག་ཆགས་རྒྱུའི་ཉེན་ཁ་ཆེན་པོ་འདུག།

༤༽ད་ལྟའི་བོད་ཀྱི་མཐོ་རིམ་སློབ་གྲྭ་རྣམས་ཀྱིས་རིག་གནས་སྣ་མང་སྦྱང་གཆེད་གཞན་སྐད་སྟེང་ཆེད་ལས་སྦྱང་བ་མང་རུ་འགྲོ་བཞིན་པའི་དུས་སུ་བོད་སྐད་ཡིག་གི་ཆུ་ཚད་ཀྱིས་མ་འོངས་པར་ས་ཆ་ག་ཚོད་ཅིག་ཟིན་གྱི་རེད།

ལན།  རེད།ད་ལྟའི་བོད་ཀྱི་མཐོ་རིམ་སློབ་མ་རྣམས་ཀྱིས་རིག་གནས་སྣ་མང་སྦྱང་ཆེད་གཞན་སྐད་སྟེང་ཆེད་ལས་སྦྱང་བ་མང་རུ་འགྲོ་བཞིན་པ་དེ་བདེན་པ་རེད། དེ་བས་རང་སྐད་ལ་དོ་སྣང་བྱེད་མཁན་ཉུང་རུ་འགྲོ་བཞིན་པ་འདི་དངོས་ཡོད་རེད། དེ་བཞིན་རང་མི་རིགས་ཀྱི་སྐད་ཡིག་ཆེད་སྦྱོང་བྱེད་སའི་མཐོ་སློབ་ཁག་ཏུ་སློབ་སྦྱོང་བྱེད་མཁན་གྱི་སློབ་ཕྲུག་ལོ་རེ་ནས་ལོ་རེ་ཉུང་དུ་འགྲོ་བཞིན་པ་དང་།ང་ཚོ་བོད་པའི་མཐོ་སློབ་ནང་དུང་འབྱུང་རིག་དང་ཚོང་རིག གློག་ཀླད་སྡེ་ཚན་སོགས་བོད་ཡིག་སྦྱང་བའི་གོ་སྐབས་ཞིག་ཡོད་རུང་། དེ་དག་ཁྲལ་ནང་བཞིན་བྱས་ནས་སྦྱང་པ་མ་གཏོགས་གལ་ཆེན་ཡིན་བསམས་ནས་སྦྱང་མཁན་ཧ་ཅང་དཀོན། འདི་ལྟ་གོ་སྐབས་ཡོད་མཁན་དག་གི་གང་འདོད་བྱས་ནས་མ་སྦྱང་བ་དང་གོ་སྐབས་མེད་པ་དག་གིས་སྣང་མེད་བྱས་ནས་བསྡད་པ་ཡིན་ན་མ་འོངས་པར་བོད་ཡིག་ཅེས་མཛུབ་མོ་བཙུགས་ས་མེད་པ་ཞིག་ཆགས་ངེས་རེད། དེ་འདྲ་ཡིན་དུས་མཐོ་རིམ་སློབ་མ་སུ་ཞིག་ཡིན་རུང་རང་ཉིད་ཀྱི་ཆེད་ལས་སློབ་སྦྱོང་གང་ཡིན་ལ་མ་གཏོས་པར་མཐོ་རིམ་སློབ་མའི་འགན་འཁྲི་འམ་བོད་མིའི་འགན་འཁྲི་ཞིག་འཁྱེར་ནས་བོད་མི་རིགས་ཀྱི་སྐད་ཡིག་འདི་བདག་ཉར་དང་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱེད་རྒྱུ་དེ་གལ་ཆེན་རེད་འདོད།

༥ ༽ དེང་དུས་བོད་མི་འགའ་ཤས་ནས་ཡུལ་གྲུ་གཞན་གྱི་སྐད་ཡིག་ཤེས་ན་བོད་ཀྱི་སྐད་ཡིག་ཤེས་མི་དགོས་ཚུལ་ཤོད་མཁན་ལ་དགོངས་ཚུལ་གང་ཡོད།

ལན།ངས་མི་དག་ལ་ཕུགས་རྒྱང་རིང་པོའི་བསམ་བློ་བཏང་མ་ཐུབ་མཁན་དང་བོད་ཀྱི་སྐད་ཡིག་གི་རིན་ཐང་མ་ཤེས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།དེང་སང་མི་མང་པོ་ཞིག་གི་རང་ཉིད་ཀྱི་བོད་ཡིག་མ་ཤེས་པ་དང་སྐད་ཡིག་གི་ཆུ་ཚད་སྐྱོ་དྲགས་པས་དབང་གི་བོད་ཀྱི་སྐད་ཡིག་མ་སྦྱང་བ་འམ་མ་ཤེས་ན་འགྲིག་གི་རེད་མདོག་མདོག་བྱེད་མཁན་དག་ངོ་མ་ཐབས་སྐྱོ་བོ་རེད་བསམ་གྱི་ཡོད། རང་ཉིད་བོད་པ་ཞིག་ཡིན་ཕྱིར་བོད་ཀྱི་སྐད་ཡིག་ཐོག་རྒྱུན་སྤྱོད་ཡིག་རིགས་ཁག་ཚད་དང་ལྡན་པ་ཞིག་འབྲི་ཐུབ་པ་དང་སྐད་ཆ་གང་ཞིག་བཤད་པ་དག་བོད་སྐད་ཐོག་ཆུ་རྒྱུག་རྒྱུག་ཅིག་ཡོད་དགོས་པ་དེ་གལ་ཆེད་ཡིན། དེའི་ཐོག་ལ་སྐད་ཡིག་གཞན་ག་ཚོད་ཤེས་པ་དེ་རྒྱན་ཆ་ལྟ་བུ་རེད།གལ་སྲིད་རང་མི་རིག་ཀྱི་སྐད་ཡིག་མ་ཤེས་པར་གཞན་སྐད་ཡིག་ཅི་ཙམ་ཤེས་རུང་གཟིགས་སྤག་གཡོག་པའི་བོང་བུ་དང་གཅིག་མཚུངས་རེད་འདོད།

༦ ༽  མ་འོངས་པའི་བོད་ཀྱི་མི་རབས་གསར་བ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་ཆེ་མཐོང་ག་ཚོད་ཅིག་སྤྲོད་ཀྱི་རེད་བསམ།

ལན།མ་འོངས་བོད་ཀྱི་མི་རབས་གསར་པ་དག་གིས་བོད་ཀྱི་སྐད་ཡིག་ལ་ཆེ་མཐོང་དང་རིན་ཐང་ཇི་ཙམ་བརྩི་མ་བརྩེས་དེ་ད་ལྟའི་མི་རབས་སམ་ཕ་མའི་སློབ་གསོ་དང་སྤྱི་ཚོགས་ཀྱི་སློབ་གསོ་ལ་རག་ལས་ཡོད་པ་རེད།ཕ་མའི་སློབ་གསོ་དང་སྤྱི་ཚོགས་སློབ་གསོ་སོགས་ཀྱི་མི་རིགས་ཤིག་ལ་ཆ་མཚོན་ན་གལ་ཆེ་ཤོས་ནི་མི་རིགས་དེའི་སྐད་དང་ཡི་གེ་ཡིན་པའི་སྐུལ་ལྕགས་དང་སློབ་གསོ་རེ་བཏང་ཐུབ་ན་མ་འོངས་མི་རབས་གསར་པ་དག་གིས་བོད་ཀྱི་སྐད་ཡིག་ལ་མཐོང་ཆེན་བྱེད་ངེས་རེད།

༧ ༽ བོད་ཀྱི་སྐད་དང་ཡི་གེ་གཞི་རྒྱ་ཆེ་རུ་གཏོང་དགོས་པ་ཡིན་ན་ཁྱོད་ལ་ཐབས་ལམ་ཅི་ཞིག་ཡོད།

ལན། ཐོག་མར་ང་ཚོའི་བོད་ཀྱི་སྐད་ཡིག་ཐོག་ཆེད་ལས་ཐོན་ཟིན་པ་དག་ལ་ཆེ་མཐོང་སྤྲོད་དགོས་པ་དང་། ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་པའི་སློབ་གྲྭ་དག་དཔེ་སྟོན་སློབ་གྲྭ་བཞིན་བཟོ་ཐུབ་ན་བོད་ཀྱི་སྐད་ཡིག་དེ་ཡར་རྒྱས་དང་ཁྱབ་ཆ་རེ་རུ་གཏོང་ཐུབ་ཀྱི་རེད་འདོད་དོ།།

རྩོམ་སྒྲིག་པ།  སྒྲེ་བོ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།