TueMayTue2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

སྐད་ཡིག་ཟེར་བའི་ངོ་བོ་དང་རིན་ཐང་ཅི་ཡང་མ་ཤེས་པར་བཤད་ཀྱི་ཡོད་རྒྱུ་རེད།

རྩོམ་རིག་མེ་ལོང་གི་ངོས་ནས་བོད་ཀྱི་སྐད་ཡིག་གི་རིན་ཐང་ངོས་འཛིན་གྱིས་མ་འོངས་རྒྱུན་འཁྱོངས་བྱ་ཐབས་དང༌། ལྷག་པར་དུ་བོད་ཀྱི་སྐད་ཡིག་གི་སྤུས་ཚད་གོང་མཐོར་དང་སྐད་ཡིག་གི་ཁོར་ཡུག་གཞི་ཁྱོན་ཇེ་ཆེར་ཡོང་ཐབས། དེ་བཞིན་མི་རབས་གསར་པ་རྣམས་ལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བདག་གཅེས་ཡོང་ཐབས་སོགས་ཀྱི་ཐོག་རྩོམ་པ་པོ་གཡག་རྫི་ལགས་སུ་བཅར་འདྲི་ཞུས་པ་གཤམ་བཀོད་ཡོད་པས་གཟིགས་ཞིབ་གནང་འཚལ།

 

༡ ༽  ཁྱོད་རང་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

ངའི་དངོས་མིང་ལ་ཀུན་འདུས་དང་། དྲ་མིང་ལ་གཡག་རྫི་ཟེར། ཁམས་ལི་ཐང་གི་འབྲོག་ས་ཞིག་ཏུ་དུས་རབས་གོང་མའི་ལོ་རབས་བདུན་ཅུ་པའི་ནང་སྐྱེས་པ་རེད། ཆུང་དུས་ནས་དགོན་པའི་ཆོས་སྒོར་ཞུགས་ནས་གྲྭ་བ་བྱས་པ་ཡིན།  རྗེས་སུ་རྒྱ་གར་ལ་ཡོང་ནས་བོད་ཀྱི་ཆོས་གཞུང་ཁག་ལ་སློབ་སྦྱོང་ས་བཅད་མ་སྟོངས་ཙམ་ཞིག་བྱས་པ་ཡིན། ད་ལྟ་སྨོན་ལམ་ཚིག་མཛོད་ཀྱི་ལས་ཀ་གཉེར་གྱིན་ཡོད།

༢ ༽ ད་ལྟའི་བོད་སྐད་ཡིག་གི་ཁྱབ་ཚད་སྔོན་ཆད་དང་བསྡུར་ན་ཅི་ལྟ་བུ་ཞིག་ཏུ་མཐོང་གི་ཡོད།

སྔོན་ཆད་ཟེར་བ་དེ་གང་ནས་མགོ་འཛིན་དགོས་གསལ་བོ་ཞིག་ཤེས་མ་སོང་མོད། དུས་རབས་གོང་མའི་ལོ་རབས་དགུ་བཅུ་པའི་ནང་དང་བསྡུར་ན་ད་ལྟའི་ཆར་བོད་ཀྱི་སྐད་ཡིག་གཉིས་ཀ་ཅུང་ཙམ་ཁྱབ་ཆེ་རུ་སོང་ཡོད་ངེས་རེད་སྙམ། མ་གཞི་ནས་དེང་སང་བོད་མིའི་གྲངས་ཀ་ཡང་སྔོན་ཆད་དང་བསྡུར་ན་མང་དུ་སོང་ཡོད་པ་དང་། ཡི་གེ་བཀོལ་སྤྱོད་ཀྱི་ཆ་ནས་བཤད་པ་ཡིན་ན་སྔོན་མ་ལས་ཧ་ཅང་ཁྱབ་རུ་སོང་ཡོད་པ་རེད་འདོད། རྒྱུ་མཚན་ནི་སྔོན་ཆད་ཡིན་ན་བོད་ཀྱི་ས་ཁུལ་མང་པོར་ཡི་གེ་ཟེར་བ་དེ་དགོན་པའི་ནང་ནས་སྡོད་མཁན་བླ་མ་གྲྭ་བ་ཙམ་མ་གཏོགས་མང་ཚོགས་ཕལ་ཆེ་བ་ལ་བེད་མེད་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཡི་གེ་བསླབ་སའི་སློབ་གྲྭ་ཟེར་ན་དགོན་པ་མ་གཏོགས་མེད་པ་རེད་ལ། ཡི་གེ་བེད་སྤྱད་སའི་ཁོར་ཡུག་ཟེར་བ་ཞིག་མེད་པ་རེད། དེ་བས་སྔོན་ཆད་ཡིན་ན་མང་ཚོགས་ཕལ་ཆེ་བ་ཞིག་གིས་ཡི་གེ་མི་ཤེས་ལ་ཤེས་ཀྱང་དོན་དག་དེ་ཙམ་མེད་རེད། དེང་སང་ཡིན་ན་དེ་འདྲ་མ་ཡིན་པར་ཡི་གེ་བསླབ་སའི་སློབ་གྲྭ་ཡང་དགོན་པ་ལས་ལོགས་སུ་མང་པོ་ཡོད་རེད་ལ། ཡིག་རྨོངས་པའི་གྲངས་ཀ་ཡང་སྤུས་དག་ཞན་ལ་མ་ལྟོས་པར་ཇེ་ཉུང་ནས་ཇེ་ཉུང་རེད། ཡི་གེ་བེད་སྤྱད་སའི་ཁོར་ཡུག་ཟེར་ན་འདྲ་ཡི་གེ་འབྲི་ས་མང་པོ་ཡོད་པ་རེད། དཔེར་ན་དེང་དུས་མི་རེའི་ལག་ན་ཁ་པར་རེ་མེད་པ་ཉུང་ཉུང་རེད་ལ་ཁ་པར་མང་ཆེ་བའི་ནང་དུ་བོད་ཡིག་འབྲི་ཆོག་པ་རེད། དེ་བཞིན་དུ་བོད་ཡིག་གི་དཔེ་དེབ་དང་དུས་དེབ། ཚགས་པར་དྲྭ་ཚིགས་སོགས་ལྟོས་འཇོག་གིས་བཤད་ན་ཅུང་ཙམ་མང་པོ་རེད། དེ་ཚོ་ཚང་མ་བོད་ཡིག་འབྲི་བའི་ཆ་རྐྱེན་རེད་འདོད། ཡི་གེའི་ངོས་ནས་བཤད་ན་དེ་འདྲ་ཞིག་རེད། སྐད་ཆའི་ཐད་ནས་མི་འབོར་ལ་ལྟོས་ན་སྤུས་ཀ་གྲངས་ཀ་གཉིས་ཀའི་ཆ་ནས་སྔོན་ཆད་ལས་ཅུང་སྐྱོ་རུ་ཕྱིན་ཡོད་པའི་ཉེན་ཁ་རེད། རྒྱུ་མཚན་ནི་སྔོན་ཆད་ཡིན་ན་བོད་ཀྱི་ས་ཁུལ་སོ་སོར་བོད་སྐད་མ་གཏོགས་སྐད་རིགས་གཞན་པ་ཤེས་མཁན་ཉུང་ཉུང་ཡིན་ལ། རི་ཆུ་ནགས་གསུམ་གྱིས་མཚོན་པའི་སྐྱེས་དངོས་དང་ཅ་ལག་ཡོད་དོ་ཅོག་ལ་བོད་རང་གི་ཐ་སྙད་ཀྱིས་འདང་གིས་ཡོད་ལ། བོད་རང་གི་སྐད་ཀྱི་ནང་མིང་ཚིག་དེ་དག་མ་གཏོགས་སྐད་རིགས་གཞན་པ་བསྲེས་ལྷད་བྱས་པ་ཧ་ཅང་ཉུང་ཉུང་ཡིན་པ་རེད། དེང་སྐབས་བོད་སྐད་རང་གི་ཐོག་ནས་བོད་མི་ཕན་ཚུན་བར་བརྡ་མི་འཕྲོད་པའི་གནས་སྟངས་ཤིག་ཆགས་ཡོང་གི་ཡོད་པ་རེད། དེའི་རྒྱུ་མཚན་ནི་གཅིག་ནས་སྔོན་མ་དང་མི་འདྲ་བར་བོད་པ་ཚོ་མི་རིགས་གཞན་པ་དང་འགྲོགས་འདྲིས་བྱ་རྒྱུ་མང་བ་དང་། སྐད་རིགས་གཞན་པའི་ཤུགས་རྐྱེན་གྱི་འོག་ནས་བོད་རང་གི་ཐ་སྙད་མང་པོ་ཞིག་བེད་མེད་དུ་གྱུར་དང་འགྱུར་བཞིན་ཡོད། དེ་ནི་ཕྱི་གླིང་དང་རྒྱ་ཡུལ་སོགས་འགྲིམ་བཞིན་པའི་བོད་མི་མང་པོ་ཞིག་གིས་གཞན་སྐད་ལས་རང་སྐད་ཀྱི་ལམ་ནས་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་མིང་ཚིག་གང་མང་ཞིག་བེད་སྤྱོད་ཀྱི་མེད་པས་རེད་འདོད། གཉིས་ནས་དེང་དུས་འཕྲུལ་ཆས་སོགས་ཅ་དངོས་མང་པོ་ཞིག་གསར་དུ་ཐོན་གྱི་ཡོད་པ་རེད་ལ་དེ་དག་རེ་རེ་ལ་མིང་རེ་ཡོད་པ་རེད། དེ་ཚོ་སྤྱི་ཚོགས་ནང་བེད་སྤྱོད་མང་པོ་ཡོད་པ་ཤ་སྟག་རེད། དེ་ཚོ་ལ་བོད་སྐད་ཀྱི་མིང་དང་ཐ་སྙད་དེ་འདྲ་མེད་པ་ཡིན་དུས་དེ་ཚོའི་མིང་བོད་སྐད་ནང་གསར་བཟོ་བྱས་ན་ཡང་སྟབས་བདེའི་དབང་གིས་གཞན་སྐད་ཀྱི་ལམ་ནས་འབོད་པ་མང་བས་དེ་ཚོའི་ཤུགས་རྐྱེན་ལ་བརྟེན་ནས་བོད་སྐད་ནང་ཡོད་པའི་ཐ་སྙད་རྙིང་པ་དེ་ཚོ་ཡང་བརླག་ཤོར་གྱིན་ཡོད་པའི་ཚོར་སྣང་ཡོང་གི་འདུག །

༣ ༽ བོད་རང་གི་ཡུལ་སྲོལ་གོམས་གཤིས་མངོན་ཐུབ་པའི་བོད་སྐད་ཡིག་འདི་མ་འོངས་པར་སྤུས་ཚད་ཇི་འདྲ་ཞིག་ཏུ་འགྱུར་གྱི་རེད།

མ་འོངས་པ་ནི་ལྐོག་གྱུར་ཡིན་པས་ངས་ད་ལྟ་ནས་འདི་དང་འདི་རེད་ཅེས་གསལ་བོ་ཞིག་བཤད་དགོས་ན་ཧ་ཅང་ཁག་པོ་ཞིག་རེད། འོན་ཀྱང་ང་ཚོས་རྒྱུ་འབྲས་ཀྱི་རྣམ་གཞག་དང་རྟེན་འབྲེལ་གྱི་རིགས་པ་ཁས་ལེན་གྱིན་ཡོད་པས་ད་ལྟའི་རྒྱུ་ལ་བརྟེན་ནས་འབྱུང་འགྱུར་གྱི་འབྲས་བུ་རྣམས་འབྱུང་གི་ཡོད་པས་རྒྱུའི་སྤུས་ཚད་དང་འབྲས་བུའི་བཟང་ངན་བར་ན་ཁ་བྲལ་ཐབས་མེད་པའི་འབྲེལ་བ་ཞིག་ངེས་པར་དུ་ཡོད་པ་རེད་འདོད། དེས་ན་མ་འོངས་པའི་བོད་སྐད་ཡིག་གི་སྤུས་ཚད་ཟེར་ན་འདྲ་ལས་དབང་གི་ཁ་ཕྱོགས་གང་འདྲ་ཞིག་ལ་འགྱུར་མིན་དེ་ད་ལྟའི་ང་ཚོའི་མི་རབས་འདིའི་སྡུག་རུས། སྙིང་སྟོབས། རྣམ་དཔྱོད། ལྷག་བསམ་སོགས་ལ་རག་ལས་ཀྱི་རེད་བསམ་གྱི་ཡོད།

༤ ༽ ད་ལྟའི་བོད་ཀྱི་མཐོ་རིམ་སློབ་གྲྭ་རྣམས་ཀྱིས་རིག་གནས་སྣ་མང་སྦྱང་ཆེད་གཞན་སྐད་སྟེང་ཆེད་ལས་སྦྱང་བ་མང་རུ་འགྲོ་བཞིན་པའི་དུས་སུ་བོད་སྐད་ཡིག་གི་ཆུ་ཚད་ཀྱིས་མ་འོངས་པར་ས་ཆ་ག་ཚོད་ཅིག་ཟིན་གྱི་རེད།

བོད་ཀྱི་མཐོ་རིམ་སློབ་མ་ཟེར་ན་རེད་བོད་ཀྱི་གཞོན་སྐྱེས་མང་པོ་ཞིག་གིས་དེང་སྐབས་རིག་གནས་སྣ་མང་ཞིག་ཆེད་ལས་བྱས་ནས་སྦྱོང་གི་ཡོད་ན་དེ་དགེ་མཚན་ཆེན་པོ་ཞིག་རེད། ད་ལྟ་ཡིན་ན་ཁོང་ཚོས་གཞན་སྐད་སྟེང་མ་སྦྱང་ན་བོད་སྐད་ཡིག་སྟེང་དེང་དུས་ཀྱི་རིག་གནས་མང་པོ་ཞིག་སྦྱང་རྒྱུ་མེད་ཡིན་ས་རེད། འོན་ཀྱང་མ་འོངས་པར་བོད་སྐད་ཡིག་གིས་ཆུ་ཚད་ཀྱིས་ས་ཆ་ཡག་པོ་ཞིག་ཟིན་དགོས་ན་ད་ལྟ་ནས་ཡིག་རིགས་གཞན་པའི་སྟེང་ན་ཡོད་པའི་རིག་གནས་སྣ་མང་དེ་ཚོ་སྐད་གཉིས་སྐད་གསུམ་མཁྱེན་པའི་ལོ་ཙཱ་བའི་དཔུང་སྡེ་ཞིག་གསོ་སྐྱོང་བྱས་ཏེ། གཞན་གྱི་སྐད་ཡིག་ནས་བོད་སྐད་ཡིག་གི་སྟེང་དུ་ཚུར་བསྒྱུར་རྒྱུ་ལ་འབད་བརྩོན་གནང་ནས། བོད་ཀྱི་སྐད་ཡིག་འདི་ཉིད་ཀྱི་སྟེང་ནས་རིག་གནས་སྣ་མང་ཞིག་སྦྱང་ཐུབ་པའི་ཆ་རྐྱེན་བསྐྲུན་ཐུབ་ན་མ་འོངས་པར་ས་ཆ་ངེས་ཅན་ཞིག་ཟིན་རྒྱུ་རེད་འདོད།

༥ ༽ དེང་དུས་བོད་མི་འགའ་ཤས་ནས་ཡུལ་གྲུ་གཞན་གྱི་སྐད་ཡིག་ཤེས་ན་བོད་ཀྱི་སྐད་ཡིག་ཤེས་མི་དགོས་ཚུལ་ཤོད་མཁན་ལ་དགོངས་ཚུལ་གང་ཡོད།

དེ་འདྲ་ཤོད་མཁན་ཉུང་ཉུང་ཡིན་རྒྱུ་རེད་མོད། དེ་འདྲ་ཤོད་མཁན་ལ་ཡང་སོ་སོའི་ངོས་ནས་གནས་ལུགས་དང་རྒྱུ་མཚན་རེ་བགྲང་རྒྱུ་ཡོད་ངེས་རེད། ད་ལྟ་དེ་འདྲ་ཤོད་མཁན་ཉུང་ཉུང་མ་གཏོགས་ཡོད་རྒྱུ་མ་རེད། ཡིན་ན་ཡང་ཉུང་ཉུང་དེའི་ཤུགས་རྐྱེན་གྱིས་མང་པོར་ཁྱབ་བརྡལ་མི་འགྲོ་བའི་ཐབས་ལམ་ལ་འབད་པ་བྱེད་དགོས་ངེས་རེད། ཁོ་ཚོས་དེ་འདྲ་བཤད་པ་ལ་རྒྱུ་མཚན་དུ་མ་ཞིག་ཡོད་རྒྱུ་རེད། ལ་ལས་འཚོ་བའི་དགོས་མཁོ་དང་། ལ་ལས་སོ་སོའི་ལས་ཀའི་མདུན་ལམ་དང་། ཡང་ལ་ལས་སྐད་ཡིག་ཟེར་བའི་ངོ་བོ་དང་རིན་ཐང་ཅི་ཡང་མ་ཤེས་པར་བཤད་ཀྱི་ཡོད་རྒྱུ་རེད། དེ་ཚོ་ལ་ཞིབ་འཇུག་བྱས་ནས་དེ་ལ་དེ་མཚུངས་ཀྱི་ལས་ཀ་བྱས་ཏེ་སྐད་ཆ་དེ་རིགས་མི་ཡོང་བའི་སྔོན་འགོག་བྱེད་དགོས་པ་རེད་སྙམ། ངས་དེ་ལས་གཞན་པའི་བསམ་ཚུལ་ཟེར་བ་ཅང་བརྗོད་ཤེས་མ་སོང་།

༦ ༽  མ་འོངས་པའི་བོད་ཀྱི་མི་རབས་གསར་བ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་ཆེ་མཐོང་ག་ཚོད་ཅིག་སྤྲོད་ཀྱི་རེད་བསམ།

མི་རབས་གསར་པས་མ་འོངས་པར་བོད་ཀྱི་སྐད་ཡིག་ལ་ཆེ་མཐོང་ཅི་ཙམ་སྤྲོད་མིན་དེ་ད་ལྟའི་སློབ་གསོའི་ཁ་ཕྱོགས་དང་། ཁོར་ཡུག་གི་གནས་སྟངས་འདུ་ཤེས་ཀྱི་འཛིན་ཚུལ་སོགས་ལ་ལྟོས་དགོས་པར་འདོད། ད་ལྟའི་བོད་ཀྱི་བྱིས་པ་ཚོ་ནི་མ་འོངས་པའི་མི་རབས་གསར་པ་ཡིན་ལ་མི་རབས་གསར་པ་ལེགས་པོ་ཞིག་བསྐྱེད་བསྲིང་རྒྱག་དགོས་ན་དེའི་ཁྱིམ་ཚང་སློབ་གསོ་དང་།སྤྱི་ཚོགས་ཁོར་ཡུག་སོགས་རྒྱུ་རྐྱེན་མང་པོ་ཞིག་འཛོམས་དགོས་པ་རེད་དྲན་གྱི་འདུག།མི་རབས་གསར་པའི་སེམས་ངོར་མི་རིགས་ཀྱི་འདུ་ཤེས།རིག་གནས་ཀྱི་རིན་ཐང་།སྐད་ཡིག་གི་དགོས་མཁོ་སོགས་ལ་རིན་ཐང་བལྟ་ཚུལ་ཅི་ཞིག་འཛིན་མིན་ལ་རག་ལས་ཀྱི་རེད། དེ་དག་གི་རྩ་བ་ཡང་བྱིས་པ་ཚོའི་སེམས་ངོར་ཆུང་དུས་ནས་བག་ཆགས་ཅི་འདྲ་ཞིག་འཇོག་ཐུབ་མིན་ལ་ཐུག་གི་རེད་སྙམ།

༧ ༽ བོད་ཀྱི་སྐད་དང་ཡི་གེ་གཞི་རྒྱ་ཆེ་རུ་གཏོང་དགོས་པ་ཡིན་ན་ཁྱོད་ལ་ཐབས་ལམ་ཅི་ཞིག་ཡོད།

བོད་ཀྱི་སྐད་ཡིག་གཞི་རྒྱུ་ཆེ་རུ་གཏང་ཟེར་ན་འདྲ་མི་ཉམས་རྒྱུན་འཛིན་ཟེར་ན་རེད་སྐད་ཡིག་འདི་ཉིད་བོད་ཀྱི་སྤྱི་ཚོགས་ནང་དུ་བེད་སྤྱོད་པ་ཡོད་པ་ཞིག་དང་། བེད་སྤྱོད་ཡོད་པ་ཙམ་མ་ཟད་སྤྱོད་སྒོ་ཆེ་རུ་གཏང་ཐབས་ལ་འབད་དགོས་པ་རེད་འདོད། དེ་ཡང་སྤྱི་ཚོགས་ནང་རྒྱུགས་ཆེ་བའི་ཅ་ལག་མཐའ་དག་གི་སྟེང་དུ་བོད་ཡིག་འབྲི་བ་དང་། སྲང་ལམ་གྱི་སྦྱར་ཡིག་དང་ཚོང་ཁང་སོགས་ཀྱི་སྒོ་བྱང་ལ་བོད་ཡིག་བཀོལ་བ། སྤྱི་ཚོགས་འབྲེལ་མཐུད་དྲ་བའི་བརྒྱུད་ལམ་ཁག་ཏུ་བོད་ཡིག་བཀོལ་སྤྱོད་འཐུས་ཚང་དུ་གཏང་བ། དེ་སོགས་ཐབས་ལམ་མང་པོ་ཡོད་རྒྱུ་རེད་བསམ་གྱི་ཡོད།

རྩོམ་སྒྲིག་པ།   སྒྲེ་བོ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།