TueSepTue2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

སྐད་ཆ་དེ་ཤོད་མཁན་དེ་བོད་མི་རིགས་ཀྱི་ཁྲག་རྒྱུན་ཆད་ཚར་བའི་མི་ཞིག་ཡིན་ཁོ་ཐག་རེད།

ངག་དབང་ནོར་བུ།

རྩོམ་རིག་མེ་ལོང་གི་ངོས་ནས་བོད་ཀྱི་སྐད་ཡིག་གི་རིན་ཐང་ངོས་འཛིན་གྱིས་མ་འོངས་རྒྱུན་འཁྱོངས་བྱ་ཐབས་དང༌། ལྷག་པར་དུ་བོད་ཀྱི་སྐད་ཡིག་གི་སྤུས་ཚད་གོང་མཐོར་དང་སྐད་ཡིག་གི་ཁོར་ཡུག་གཞི་ཁྱོན་ཇེ་ཆེར་ཡོང་ཐབས། དེ་བཞིན་མི་རབས་གསར་པ་རྣམས་ལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བདག་གཅེས་ཡོང་ཐབས་སོགས་ཀྱི་ཐོག་རྩོམ་པ་པོ་ངག་དབང་ནོར་བུ་ལགས་སུ་བཅར་འདྲི་ཞུས་པ་གཤམ་བཀོད་ཡོད་པས་གཟིགས་ཞིབ་གནང་འཚལ།

༡ ༽  ཁྱོད་རང་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།


ལན། ངའི་མིང་ལ་ངག་དབང་ནོར་བུ་ཟེར། རྒྱ་གར་ལྷོ་ཕྱོགས་ལྦེལ་ཀོབ་གཞིས་ཆགས་ནང་གནས་སྡོད་བྱེད་ཀྱི་ཡོད། ད་ལྟའི་ཆར་ཡིག་སྒྱུར་གྱི་ལས་ཀ་བྱེད་མུས་ཡིན།

༢ ༽ ད་ལྟའི་བོད་སྐད་ཡིག་གི་ཁྱབ་ཚད་སྔོན་ཆད་དང་བསྡུར་ན་ཅི་ལྟ་བུ་ཞིག་ཏུ་མཐོང་གི་ཡོད།

ལན། ད་ལྟའི་བོད་སྐད་ཡིག་གི་ཁྱབ་ཚད་ནི་སྔོན་ཆད་དང་བསྡུར་ན་ཧ་ཅང་གི་ཁྱབ་རྒྱ་ཆེན་པོ་རེད། དེ་ཡང་སྐད་ཡིག་རིན་པོ་ཆེའི་བདག་པོ་བོད་མི་རང་ཉིད་དང་ཕྱི་མི་གཉིས་ཀྱི་ཐོག་ནས་བཤད་ན། སྔོན་མ་བོད་སྐད་ཡིག་ནི། ཐ་ན་བོད་མི་རང་གི་བླ་སྲོག་ཡིན་རུང་།དེ་ལ་དོ་སྣང་དང་ཞིབ་ཚགས་ཀྱིས་སློབ་གཉེར་གནང་མཁན་བོད་མིའི་མི་འབོར་དང་བསྡུར་ན་ཧ་ཅང་གི་ཉུང་ཉུང་ཡིན་པར་མ་ཟད། ད་དུང་མང་ཆེ་ཤོས་ནི་ཡིག་རྨོངས་མི་སེལ་བར་ལྷགས་བསྡད་པ་རེད། ཡིན་ནའང་།ད་ལྟའི་ཆར་ལ་བརྡ་འཕྲིན་དུས་རབས་དང་སྤྱི་ཚོགས་ལ་འཕོ་འགྱུར་སོང་བའི་ཤུགས་རྐྱེན་གྱིས་རང་སྐད་ཡིག་ལ་རྦད་དེ་རྨོངས་ནས་ལྷགས་ཡོད་པའི་བོད་མི་ཧ་ལམ་ཉུང་ཤས་རེད་ལ། ལྷག་ཏུ་རྩོམ་ཡིག་འབྲི་མཁན་ཚད་དང་ལྡན་པ་ཞིག་ཡིན་མིན་ལ་མ་ལྟོས་པར་གང་ལྟར་རྩོམ་འབྲི་མཁན་གྱི་སྡེ་དེ་སྔོན་ཆད་ལས་འབོར་ཆེ་བ་རེད།ཕྱི་མིར་ཆ་མཚོན་ནའང་།སྔོན་མ་ཡིན་ན་བོད་སྐད་ཡིག་ལ་སྦྱངས་པ་བྱེད་མཁན་ཉིན་དགུང་གི་སྐར་མ་ལྟ་བུ་རེད།འོན་ཀྱང་དེང་སང་ཕུགས་ཀྱི་དམིགས་ཡུལ་ག་རེ་ཡིན་མིན་ལ་མ་ལྟོས་པར་ཕྱི་མི་བོད་ཀྱི་སྐད་དང་ཡི་གེར་སློབ་གཉེར་གནང་མཁན་ག་ཚོད་ཅིག་ཡོང་གི་འདུག་ང་ཚོ་ཚང་མས་ཤེས་གསལ་རེད།དེར་བརྟེན།ངས་བསམ་ན་ཕྱོགས་གང་ནས་བལྟས་ཀྱང་ད་ལྟའི་བོད་སྐད་ཡིག་འདི་སྔོན་ཆད་གང་ལས་ཀྱང་ཁྱབ་ཚད་ཆེ་བར་མཐོང་གི་འདུག །

༣ ༽ བོད་རང་གི་ཡུལ་སྲོལ་གོམས་གཤིས་མངོན་ཐུབ་པའི་བོད་སྐད་ཡིག་འདི་མ་འོངས་པར་སྤུས་ཚད་ཇི་འདྲ་ཞིག་ཏུ་འགྱུར་གྱི་རེད།

ལན། འབྱུང་འགྱུར་ག་འདྲ་ཞིག་ཆགས་མིན་ང་ལྟ་བུ་ཞིག་གིས་ཏག་ཏག་ཅིག་བཤད་ཐུབ་རྒྱུ་ཁག་པོ་རེད། འོན་ཀྱང་ང་རང་བོད་མི་རིགས་དང་དེའི་རིག་གཞུང་ལ་དུངས་བ་ཡོད་མཁན་ཞིག་ཡིན་པའི་ཆ་ནས། ངས་སེམས་ཐོག་ལ་བཞག་ནས་ཚོད་བགམ་ཞིག་བྱས་ན།བོད་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་རིག་གཞུང་གི་རྩ་བར་གྱུར་བའི་བོད་སྐད་ཡིག་འདི་སྔོན་གྱི་བོད་མཁས་པ་དག་གི་དྲིན་ལས།གང་ཡོད་པ་དེ་སྤུས་ཚད་དང་ལྡན་པ་མི་རིགས་གཞན་གྱི་སྐད་ཡིག་ལ་རེ་མི་དགོས་པའི་སྐད་ཡིག་སྤུས་དག་ཅིག་རེད་མོད།འོན་ཀྱང་དེ་རིང་ཁ་སང་དེའི་སྤུས་ཚད་དེ་བརྒྱ་ཆར་དཔག་ན་བརྒྱ་ཆ་སུམ་བཅུ་བཞི་བཅུའི་ཉམས་རྒུད་དུ་སོང་བ་འདྲ་བོ་འདུག ལྟོས་དང་ལོ་རབས་བདུན་བཅུ་ཡན་མན་གོང་དང་དེའི་རྗེས་ཀྱི་རྩོམ་ཡིག་བར་ཆ་འཇོག་བྱ་སའི་རྩོམ་ཡིག་བརྗོད་བྱ་གཅིག་པ་ཡིན་པ་རེ་རེ་ཁྱེར་ནས་དེ་གཉིས་ཀྱི་མཛེས་པ་དང་ཚིག་གི་ཉམས་དང་འགྲོས། སྡེབ་སྦྱོར་དང་ཚིག་གནད་ལ་འབེབ་སྟངས། ཚིག་ཉོག་མང་ཉུང་སོགས་ནས་བསྡུར་དང་ཧེ་བག་ག་ཚོད་ཅིག་འདུག ངས་བྱས་ན་ཧེ་བག་ཆེན་པོ་འདུག སྤུས་ཚད་ཞན་དུ་སོང་བའི་རྟགས་མཚན་མངོན་གསལ་དོད་པོ་འདུག དེའི་ཕྱིར། ད་ལྟའི་རང་མི་རིགས་ཀྱི་རང་སྐད་ཡིག་ལ་འགན་འཁྱེར་སྟངས་དང་ད་ལྟའི་བོད་སྐད་ཡིག་གི་སྤུས་ཚད་ལ་གཞིགས་ན། མ་འོངས་པར་བོད་སྐད་ཡིག་འདི་གསོན་ཡོད་པ་གང་ཞིག་ལ་དེ་ཙམ་གཏིང་ཟབ་པོ་མེད་པར་སྐད་ཡིག་ལྡེམ་ལྡེམ་ཞིག་ཏུ་འགྱུར་ཉེན་འདུགསྐབས་ཐོག་དེར་རང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་རིག་གཞུང་ཞིབ་ཚགས་ཀྱིས་འགྲེལ་ཐུབ་མཁན་གྱི་བོད་མི་ཞིག་དང་བོད་སྐད་ཡིག་ཅིག་འཛམ་གླིང་འདིར་མེད་པ་ཆགས་ཀྱི་རེད།


༤ ༽ ད་ལྟའི་བོད་ཀྱི་མཐོ་རིམ་སློབ་གྲྭ་རྣམས་ཀྱིས་རིག་གནས་སྣ་མང་སྦྱང་ཆེད་གཞན་སྐད་སྟེང་ཆེད་ལས་སྦྱང་བ་མང་རུ་འགྲོ་བཞིན་པའི་དུས་སུ་བོད་སྐད་ཡིག་གི་ཆུ་ཚད་ཀྱིས་མ་འོངས་པར་ས་ཆ་ག་ཚོད་ཅིག་ཟིན་གྱི་རེད།

ལན།ཕྱོགས་གཅིག་ནས་གཞན་སྐད་སྟེང་ཆེད་ལས་སྦྱོང་བ་མང་དུ་འགྲོ་བཞིན་པ་དེར་དེང་རབས་ཀྱི་དགོས་མཁོ་དང་ཡར་ཐོན་ལ་གཞིགས་ན་དེ་ཙམ་ཁག་མེད་པ་ཞིག་རེད། གང་ལྟར་སྣ་ཚོགས་སྟེང་ལ་ཆེད་ལས་དགོས་ཀྱི་ཡོད་རེད། གཙོ་བོ་ང་ཚོ་བོད་པ་དེང་རབས་ཀྱི་རིག་གནས་ཐོག་ལ་གོམ་པ་མདུན་སྤོས་བྱེད་ཐུབ་མེད་ཙང་། དེང་རབས་རིག་གནས་མང་པོ་ཞིག་རང་སྐད་ཡིག་ནང་མེད་པའི་རྒྱུ་མཚན་གྱིས། གཞན་སྐད་སྟེང་སྦྱང་དགོས་པ་རང་བཞིན་གྱིས་ཆགས་བསྡད་ཡོད་རེད། ད་དུང་མགྱོགས་མྱུར་ང་ཚོ་བོད་པའི་ངོས་ནས་སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་ནང་ཆོས་ནང་འདྲེན་བྱས་པ་ལྟར་དེང་རབས་ཀྱི་རིག་གནས་བོད་སྐད་དུ་བསྒྱུར་ཏེ་བོད་ཀྱི་མཐོ་རིམ་སློབ་གྲྭའི་བསླབ་གཞིར་བཀོད་མ་ཐུབ་ན། སྐད་ཡིག་གང་གི་ནང་དུ་ཆེད་སྦྱོང་བྱས་པ་དེ་སྐད་ཡིག་དེའི་ཐོག་ནས་འགྲེལ་བཤད་བདེ་བར་སྣང་བ་ལྟར་དེ་ལྟར་བྱ་ཡི་རེད། དེ་ལྟར་ན། མ་འོངས་པར་བོད་སྐད་ཡིག་འདི་དེ་ཙམ་བེད་སྤྱོད་མེད་པར་གྱུར་གྱི་རེད། དེ་ཙམ་བེད་སྤྱོད་མེད་ན་དེའི་ཚོད་ཀྱིས་ས་ཆ་དེ་ཙམ་འཛིན་ཐུབ་ཀྱི་མ་རེད།

༥ ༽ དེང་དུས་བོད་མི་འགའ་ཤས་ནས་ཡུལ་གྲུ་གཞན་གྱི་སྐད་ཡིག་ཤེས་ན་བོད་ཀྱི་སྐད་ཡིག་ཤེས་མི་དགོས་ཚུལ་ཤོད་མཁན་ལ་དགོངས་ཚུལ་གང་ཡོད།

ལན། སྐད་ཆ་དེ་ཤོད་མཁན་དེ་བོད་མི་རིགས་ཀྱི་ཁྲག་རྒྱུན་ཆད་ཚར་བའི་མི་ཞིག་ཡིན་ཁོ་ཐག་རེད། བོད་མི་རིགས་ཀྱི་ཁྲག་རྒྱུན་ཡོད་མཁན་ཞིག་ཡིན་ན་གཞན་གྱི་སྐད་ཡིག་ལ་ག་ཚོད་ཅིག་གིས་བྱང་ཆུབ་ཀྱང་ཟུར་རྒྱན་དུ་བཞག་ནས་རང་མི་རིགས་ཀྱི་སྐད་ཡིག་དེ་སྒེར་གྱི་བླ་སྲོག་ལྟར་སྒོམ་བཞིན། སྤོབས་པ་དང་དགའ་སྣང་གིས་དོ་སྣང་བྱེད་ངེས་རེད། རྒྱུ་མཚན་ནི་རང་མི་རིགས་ཀྱི་སྐད་ཡིག་འདི་ནི་ང་ཚོའི་ཕ་མེས་ཡང་མེས་ནས་བཞག་པའི་ཤུལ་བཞག་རེད། དེ་བོད་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་རིག་གཞུང་གི་རྐང་དུ་གྱུར་ནས་ཡོད། དེ་ནི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་དེ་རེད།དེ་སྟོང་ན་བོད་མི་རིགས་ཞེས་པའི་ངོམ་ཆོག་ཆོག་གི་མི་རིགས་འདི་རང་བཞིན་གྱིས་འཇིག་པ་རེད།དེ་འདྲ་སོང་ཙང་།གཞན་སྐད་ཡིག་ཤེས་ན་རང་སྐད་ཡིག་མི་དགོས་ཚུལ་ཤོད་མཁན་གྱི་མི་དེ་ནི། རང་མི་རིགས་ཀྱི་སྐད་ཡིག་ལ་འགན་འཁྱེར་མེད་པ་དང་རང་མི་རིགས་ལ་ཤ་ཞེན་མེད་པའི་རྟགས་མཚན་རེད། ཁོང་ལྟ་བུར་ང་བོད་པ་ཡིན་ང་གངས་ཅན་པ་ཡིན་ཟེར་བའི་འོས་འབབ་མེད་པ་རེད།

༦ ༽  མ་འོངས་པའི་བོད་ཀྱི་མི་རབས་གསར་བ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་ཆེ་མཐོང་ག་ཚོད་ཅིག་སྤྲོད་ཀྱི་རེད་བསམ།

ལན།ད་ལྟའི་འབབ་ལ་བལྟས་ན་དེ་ཙམ་གནས་སྟངས་སྡུག་པོ་མ་རེད།མ་འོངས་པའི་སོན་རྩར་འགྱུར་བའི་མི་རབས་གསར་བ་རྣམས་ཀྱིས་བོད་སྐད་ཡིག་ལ་ཆེ་མཐོང་མི་དམན་པ་ཞིག་སྤྲོད་ངེས་རེད། གཙོ་བོ་ད་ལྟ་ཡོད་བཞིན་པའི་ང་ཚོའི་མི་རབས་འདིར་རག་ལས་ཡོད།

༧ ༽ བོད་ཀྱི་སྐད་དང་ཡི་གེ་གཞི་རྒྱ་ཆེ་རུ་གཏོང་དགོས་པ་ཡིན་ན་ཁྱོད་ལ་ཐབས་ལམ་ཅི་ཞིག་ཡོད།

ལན།བོད་ཀྱི་སྐད་དང་ཡི་གེ་གཞི་རྒྱ་ཆེ་རུ་གཏོང་དགོས་ན།རང་སྐད་ཡིག་ནང་ལ་ཡོད་པའི་རིག་གཞུང་གང་ཡོད་འདི་ལ་འཐམ་ནས་གཞན་སྐད་ཐོག་ནས་གཞན་གྱི་རིག་གནས་དང་ལྷག་ཏུ་དེང་རབས་རིག་གནས་སྦྱོང་བར་མགོ་གཡེང་ནས་མ་བཞུགས་པར། དེ་རྣམས་རང་སྐད་ཡིག་ནང་དུ་ཕབ་ནས་རང་མི་རིགས་ཀྱིས་གང་འདོད་དུ་སྦྱོང་རྒྱུ་ཡོད་པ་ཞིག་བཟོ་དགོས་པ་རེད། དེ་ནི་བོད་སྐད་ཡིག་གཞི་རྒྱ་ཆེ་རུ་གཏོང་ཐུབ་པའི་ཐབས་ལམ་ཡག་པོ་ཞིག་རེད་དྲན་གྱི་ཡོད།

རྩོམ་སྒྲིག་པ།  སྒྲེ་བོ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།