WedDecWed2017

སྤེལ་དུས་མཐའ་མ།08:20:03 AM GMT

རྩོམ་གསར།:

བོད་ཀྱི་སྐད་དང་ཡི་གེ་སློབ་སྦྱོང་བྱ་རྒྱུ་ནི་ང་ཚོའི་འོས་འགན་ཡིན།

སྐད་དང་ཡེ་གེ་ནི་མི་རིགས་ཤིག་གི་དར་རྒུད་ལ་རག་ལས་ཡོད་པ་རེད།

ལར་འགྲོ་བ་མི་བྱུང་བ་ནས་ལོ་ངོ་ཁྲི་སྟོང་དུ་མའི་རིང་ལ་ཐོན་སྐྱེད་ངལ་རྩོལ་དང་ཐོན་སྐྱེད་བྱེད་སྟངས་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན།

མིའི་རིགས་ཀྱི་འཚོ་བ་ཡང་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་དར་ཞིང་རྒྱས་པར་གྱུར་ཏེ་ཕན་ཚུན་བར་འབྲེལ་འདྲིས་ཇེ་ཟབ་དང་འགྲན་རྩོད་ཇེ་མང་དུ་གྱུར་ནས་རང་རང་གི་ཁྱད་དུ་འཕགས་པའི་བློ་རྩེ་ལས་བསྐྲུན་པའི་རིག་གནས་དང་དེའི་གཟི་ཉམས་སོགས་གོ་ལ་ཟླུམ་པོ་འདིའི་དཔངས་སུ་མེ་ལྕེ་མཆེད་མཆེད་དང་གློག་འོད་འཁྱུག་འཁྱུག་བྱེད་བཞིན་ཡོད།

འདི་ལྟ་བུའི་མཚར་སྡུག་འོད་སྟོང་འབར་ཅིང་གྲགས་པའི་བ་དན་གཡོ་བའང་མི་རིགས་སོ་སོའི་རང་རང་གིས་འབད་པའི་ངལ་བ་ཁུར་དུ་བླངས་ཤིང་བདེན་པའི་ལམ་སྣེ་རིག་པས་ཟིན་པའི་དན་རྟགས་ཀྱང་རེད། དེ་ཡང་ཞིབ་ཏུ་བསམ་ན་མི་རིགས་སོ་སོའི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས་འཕེལ་རྒྱས་དང་དར་སྤེལ་ལ་འབྲེལ་བ་དམ་ཟབ་ཡོད་པ་རེད། ཡིན་ནའང་། དེ་རིང་བདག་གིས་འདིར་བརྗོད་འདོད་པ་ནི་འགྲོ་བ་མི་སྤྱི་དང་སྒོས་སུ་མི་རིགས་སོ་སོའི་སྲིད་འབྱོར་རིག་གསུམ་གང་ཡང་མ་ཡིན་པར། བོད་གངས་ཅན་ཏེ་སྲིད་པ་ཆགས་པའི་གཙུག་རྒྱན་དང་རིག་གཞུང་མཚོ་མོའི་འགོ་ཁུངས་སུ་གྱུར་བའི་གནས་མཆོག་ཁྱད་པར་ཅན་འདིའི་མི་རིགས་རྣམས་ཀྱིས་རང་གི་སྐད་དང་ཡི་གེ་བེད་སྤྱོད་ལེགས་པོ་བྱེད་དགོས་པའི་ཡང་སྙིང་དེ་ཡིན།

དེ་ཡང་མི་རིགས་ཤིག་ཆགས་པ་ནས་དར་བ་། གནས་པ་ནས་འཕེལ་བའི་དུས་རབས་རིང་མོའི་བརྒྱུད་རིམ་ཁྲོད་ས་གནས་ཕན་ཚུན་བར། གྲོང་སྡེ་ཡུལ་སྡེ་བར། ཐོན་སྐྱེད་ཚོང་ཟོང་བརྗེ་རེས་སོགས་འབྲེལ་འདྲིས་རྣམས་གྲངས་ཇེ་མང་དུ་ཕྱིན་པ་དང་བསྟུན་ནས་སྐད་ཆའི་ནུས་པ་དང་བྱེད་སྒོ་སོགས་འཐུས་ཇེ་ཚང་དུ་ཕྱིན་པར་མ་ཟད་དུས་ཡུན་རིང་བོར་བེད་སྤྱོད་གཏོང་ཐུབ་པའི་དགོས་མཁོ་སོགས་ཆེ་རུ་དམིགས་པའི་རྗེས་སུ་ད་གཟོད་མི་རིགས་བྱིངས་ཀྱིས་བཀོལ་བའི་ཡེ་གེ་བྱུང་བ་ཡིན་ཡང་མཐའ་གཅིག་ཏུ་མི་རིགས་དང་སྐད་གཉིས་བྱུང་ན་ཡེ་གེ་བྱུང་ཐུབ་པའི་ངེས་པ་མེད་པར་མངོན། གང་ཞེ་ན། ཀྲུང་གོ་ལྟ་བུར་མཚོན་ན་མི་རིགས་ལྔ་བཅུ་ང་དྲུག་ཡོད་ལ། དེ་དག་ལས་མི་རིགས་རང་ཉིད་ལ་ཡེ་གེ་ཡོད་པའང་རེ་འགའ་མ་གཏོགས་མེད། དེར་བརྟེན། སྐད་ཡོད་ན་ཡེ་གེ་ཡོད་པའི་ངེས་པ་མེད་ལ། ཡེ་གེ་ཡོད་ཀྱང་མེད་རུང་སྐད་དེ་ཡོད་པ་རེད། རང་རེའི་བོད་ལ་མཚོན་ནའང་རང་སྐད་ནི་མི་རིགས་གཞན་དག་དང་འདྲ་བར་མི་ཡི་གདོད་མ་བྱུང་བ་ནས་དར་བ་དང་། བྱིངས་ཀྱིས་བཀོལ་བའི་ཡེ་གེ་དེ་རྒྱལ་བོ་སྲོང་བཙན་སྒམ་པོའི་རིང་ལ་བྱུང་བ་རེད།

སྐད་དང་ཡེ་གེ་ནི་མི་རིགས་ཤིག་གི་བླ་སྲོག་དང་དན་རྟགས་རེད། དེ་ཡང་། མཁས་དབང་དོར་ཞིས “ཐོག་མར་བོད་སྐད་བོད་ཡིག་དེ་བོད་མི་རིགས་ལ་མཚོན་ན་མེད་དུ་མི་རུང་བའི་མི་རིགས་ཀྱི་རྟགས་མཚན་དང་རིག་གནས་ཀྱི་གཞི་རྩ་རེད་ལ། སྐད་ཡིག་རིག་གནས་འདི་མ་ཉམས་ན། བོད་མི་རིགས་ཀྱང་ཉམས་མི་སྲིད། སྐད་ཡིག་རིག་གནས་འདི་ཉམས་སོང་ན་མི་རིགས་ཀྱང་རྩ་བ་ནས་ཉམས་འགྲོ་བ་རྒྱབ་ཁབ་ཕྱི་ནང་གི་ལོ་རྒྱུས་ཉམས་མྱོང་དང་། རིག་གཞུང་སྟེང་ནས་ངེས་ཐུབ་པ་ཞིག་ཡིན” ཟེར་བ་དང་། དུང་དཀར་རིན་པོ་ཆེས་ཀྱང་། “ཡེ་གེ་ཡོད་པའི་མི་རིགས་རྣམས་རང་ཉིད་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གཞུང་བཅས་ཀྱི་འཕེལ་རྒྱས་ཀྱི་མགྱོགས་ཚད་མྱུར་བ་དང་། ཡེ་གེ་མེད་པའི་མི་རྣམས་དེ་ལས་ལྡོག་སྟེ་རྗེས་ལུས་ཐེབས་ཀྱིན་ཡོད།”  ཟེར་བ་ལས་ཀྱང་རྟོགས་ཐུབ་པ་སྟེ་སྐད་དང་ཡེ་གེ་ནི་མི་རིགས་ཤིག་གི་དར་རྒུད་ལ་རག་ལས་ཡོད་པ་རེད།

པཎ་ཆེན་རིན་པོ་ཆེ་ཡིས། “ཁྱོད་ཚོས་བོད་སྐད་བཤད་པར་ངོ་ཚ་ན་མ་བཤད་ན་ཆོག་ལ། བོད་ལྭ་གྱོན་པར་ངོ་ཚ་ན་དེ་ཡང་མ་གྱོན་ན་ཆོག་མོད། འོན་ཀྱང་ཁྱོད་ཚོའི་ཤ་དང་རུས་པ་ཇི་ལྟར་བྱེད།་” ཅེས་གསུངས་པ་ནང་བཞིན་ང་ཚོས་བསམ་བློ་བསྒྱུར་འདོད་ན་བསྒྱུར་ཐུབ་ལ། སྤྱོད་པ་ཡང་བསྒྱུར་འདོད་ན་བསྒྱུར་ཐུབ། འོན་ཀྱང་ང་ཚོ་བོད་རྒྱུད་ཡིན་པ་བསྒྱུར་ག་ལ་ཐུབ། ལོ་ཆུང་གཞོན་ནུ་རྣམས་ནི་མེས་རྒྱལ་དང་མི་རིགས་ཀྱི་མ་འོངས་པའི་བདག་པོ་ཡིན་པས་མི་རིགས་ཀྱི་སྲོལ་བཟང་རིག་གནས་རྒྱུད་འཛིན་དང་དར་སྤེལ་བྱེད་དགོས་པ་ནི་ང་ཚོའི་འོས་འགན་ཡིན་པས། ང་ཚོས་ཐོག་མར་སྐད་དང་ཡེ་གེ་ནས་འགོ་རྩོམ་དགོས། གལ་སྲིད་ང་ཚོའི་སྐད་དང་ཡེ་གེ་ལ་དོ་སྣང་མི་བྱེད་པར་ཉམས་པར་བཏང་ན་མཐར་མི་རིགས་རང་ཉིད་བོད་མིན་རྒྱ་མིན། ར་མིན་ལུག་མིན་གྱི་གནས་སུ་ལྷུང་ན་གཞན་གྱིས་འཕྱ་དམོད་བྱེད་པའི་ “རྒྱུ་ཆ” ་རུ་བཤམས་པ་མ་ཡིན་ནམ། མི་རིགས་གང་དང་གང་ཡིན་ཀྱང་སྐད་དང་ཡེ་གེ་ཡོད་པ་ནི་རང་གི་གཟི་བརྗིད་དང་། དེ་ལ་བརྟེན་ནས་བརྩམས་པའི་རིག་གཞུང་གླེགས་མཛོད་ནི་རྫོགས་མཐའ་མེད་པའི་ལོངས་སྤྱོད་ཡིན་པས། ང་ཚོས་རང་གི་གཟི་བརྗིད་དང་། ལོངས་སྤྱོད་བདེ་སྡུག་སོགས་ཀྱི་ཆེད་དུ་རྡོག་རྩ་གཅིག་སྒྲིལ་ངང་། འབད་པ་ལྷུར་ལེན་བྱས་ཏེ་རྒྱུད་འཛིན་དང་དར་སྤེལ་བྱེད་དགོས་ནི་རེད།

མི་རིགས་ཤིག་གཞི་ཚུགས་རྒྱུ་ནི་ཁ་ཚ་དགོས་གཏུགས་རེད། མི་རིགས་གཞི་ཚུགས་སོང་ན་ང་ཚོ་ཡང་ཞོར་གྱི་གཞི་ཚུགས་ཡོང་། དེ་ཡང་མི་རིགས་ཤིག་གཞི་ཚུགས་དགོས་ན་དཔལ་འབྱོར་ཆབ་སྲིད་སྟེང་གཞི་ཚུགས་རྒྱུ་ལས་གཞན་བསམ་བློའི་སྟེང་གཞི་ཚུགས་རྒྱུ་ནི་ཧ་ཅང་གལ་ཆེ་བར་སེམས། གང་ཞེ་ན། མི་ཡི་བསམ་བློ་སྟེང་གཅིག་གྱུར་མ་བྱུང་ན་སྤྱོད་ཚུལ་དང་དགའ་ཁ་འཁྱེར་ཕྱོགས། འདུ་ཤེས་འཛིན་སྟངས་སོགས་ཐ་དད་ནས་ཐ་དད་འགྲོ་བར་རྒྱུ་མཚན་གྱིས་བསམ་བློ་སྟེང་གཅིག་གྱུར་ཡོང་དགོས་པ་རེད། བསམ་བློ་སྟེང་གཞི་ཚུགས་དགོས་ན་ངེས་པར་དུ་བསམ་བློ་བརྒྱུད་སྒྲོག་དང་བརྒྱུད་སྒྲོག་བྱེད་པའི་ཐབས་ལམ་དང་ལག་ཆའི་སྟེང་ནས་གཞི་ཚུགས་རྒྱུ་དགོས་པ་རེད། དེས་ན་ཐབས་ལམ་དང་ལག་ཆ་གང་ཡིན་ཟེར་ན་སྐད་དང་ཡེ་གེ་རེད།

མདོར་བསྡུས་ན། སྐད་དང་ཡེ་གེ་གཞི་ཚུགས་རྒྱུ་ནི་མི་རིགས་གཞི་ཚུགས་རྒྱུ་དང་རང་ཉིད་གཞི་ཚུགས་རྒྱུའི་རྩ་བའི་ཆ་རྐྱེན་ནམ་སྔོན་འགྲོ་རེད། སྐད་དང་ཡེ་གེ་གཞི་ཚུགས་རྒྱུ་དང་དར་སྤེལ་བྱེད་དགོས་པ་ནི་ང་ཚོའི་མི་རིགས་འདིའི་རྒན་གཞོན་བར་མ། སེར་སྐྱ་ཕོ་མོ་དབྱེ་བ་མེད་པར་ཀུན་གྱིས་ཟློག་ཏུ་མེད་པའི་འོས་འགན་ཡིན་ལ། ལྷག་པར་དུ་མི་རིགས་ལས་དོན་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ན་ཆུང་གཞོན་ནུ་རྣམས་ཀྱི་ཕྲག་ཏུ་བབས་པའི་རླབས་ཆེན་གྱི་བྱ་གཞག་ཅིག་རེད།

དེ་བས། རང་མི་རིགས་ཀྱི་སྐད་དང་ཡེ་གེ་སློབ་སྦྱོང་བྱ་རྒྱུ་ནི་ང་ཚོའི་འོས་འགན་ཡིན་ལ།འདི་ནི་ལོ་རྒྱུས་ཀྱིས་ང་ཚོར་སྤྲད་པའི་འོས་འགན་ཡིན་ལ། འདི་ནི་མི་རིགས་འདིས་ང་ཚོར་གཏད་པའི་མིག་ཟུང་ཡིན།

ཡོང་ཁུངས། གངས་ཆབ་ཟེགས་མ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།