WedNovWed2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

བོད་ཀྱི་ཚེ་ཐར་གཏོང་སྲོལ་སྐོར་གླེང་བ།

ཚེ་ཐར་གཏོང་སྲོལ་འདི་ལ་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན།

བོད་གངས་ཅན་གྱི་ལྗོངས་འདི་ལ་མཚོན་ན། ཡུལ་སྲོལ་གོམས་གཤིས་མང་པོ་ཞིག་ནི་ཆོས་ལུགས་དང་འབྲེལ་འདུག་སྟེ། ཚེ་ཐར་གཏོང་སྲོལ་འདིའང་དེ་བཞིན་ནོ།

བོད་ཀྱི་ཚེ་ཐར་གཏོང་སྲོལ་འདི་ལ་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་ཞིང༌། རིན་ཐང་བྲལ་བའི་ཡུལ་སྲོལ་བཟང་བོ་འདིས་འདས་པའི་ལོ་ངོ་ཆིག་སྟོང་གི་རིང་ལ་བོད་ཀྱི་མི་དང་མིའི་བར་དང༌། མི་དང་སྲོག་ལྡན་གཞན་གྱི་བར། མི་དང་རང་བྱུང་ཁམས་ཀྱི་བར་བཅས་ལ་གཞན་ལ་མེད་པའི་འཆམ་མཐུན་མཛའ་གཅུགས་ཀྱི་འབྲེལ་བ་བཟང་བོ་ཞིག་བསྐྲུན་ཡོད་པ་རེད།

སྤྱིར་ཚེ་ཐར་ཞེས་པ་བོད་རྒྱ་ནང་དོན་རིག་པའི་ཚིག་མཛོད་ལས"གཞན་གྱིས་གསོད་རྒྱུའི་སེམས་ཅན་ར་ལུག་སོགས་སྲོག་བླུ་གཏོང་སྲོལ་ཞིག"ཅེས་འགྲེལ་ཡོད་ལ། དེ་ཡང་མིང་འདི་ལ་སྒྲ་ཡངས་དོག་གི་དབང་དུ་བྱས་པའི་བརྗོད་བྱ་གཉིས་ཡོད་པར་འདོད་ཅིང༌། སྒྲ་ཡངས་པའི་དབང་དུ་བྱས་ན་གཞན་སྲོག་འཚེ་བ་མི་བྱེད་པ་ཕན་ཆད་ལ་ཚེ་ཐར་བཏང་བ་ཞེས་བརྗོད་ཆོག་ཅིང༌། སྒྲ་དོག་པའི་དབང་དུ་བྱས་ན་གོང་སྨྲས་ཀྱི་སྲོག་བླུ་གཏོང་བ་ལ་གོ་དགོས། དེས་ན་གཤམ་དུ་ཚེ་ཐར་ཞེས་པའི་བོད་ཀྱི་དམངས་སྲོལ་རིག་གནས་འདི་བྱུང་རིམ་དང༌། ངོ་བོ། དགེ་མཚན་སོགས་ཀྱི་སྒོ་ནས་ཅུང་ཟད་གླེང་བར་བྱའོ།།

གཅིག བོད་ཀྱི་ཚེ་ཐར་གཏོང་སྲོལ་གྱི་བསམ་བློའི་རྒྱབ་ལྗོངས།

སངས་རྒྱས་ཆོས་ལུགས་བོད་དུ་དར་བ་ནས་བཟུང༌། བོད་ཀྱི་གདོད་མའི་རིན་ཐང་ལྟ་ཚུལ་དང་ཀུན་སྤྱོད་སོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་སྟེ་སངས་རྒྱས་ཆོས་ལུགས་ཀྱི་འཇིག་རྟེན་ལྟ་ཚུལ་དང་ཕལ་ཆེར་མཉམ་དུ་འདྲེས་ཤིང༌། བོད་ཀྱི་ཚེ་ཐར་སྐོར་གྱི་རིན་ཐང་ལྟ་ཚུལ་ཡང་སངས་རྒྱས་ཆོས་ལུགས་དང་ལྷན་དུ་བོད་དུ་དར་བ་ཡིན་ཕྱིན། བོད་ཀྱི་ཚེ་ཐར་གཏོང་སྲོལ་ཀྱི་བསམ་བློའི་དབུ་ཡང་བོད་ཀྱི་སྲོལ་རྒྱུན་རིག་གནས་སྤྱི་དང་འདྲ་བར་རྒྱ་གར་ནས་བརྙེས་པ་རེད། སྟོན་པ་ཤཱཀྱ་ཐུབ་པས་རྒྱ་གར་དུ་སྐྱབས་འགྲོའི་བསླབ་བྱའི་ནང་ཚན་ཆོས་ལ་སྐྱབས་སུ་སོང་བས་སྲོག་གཅོད་སྤོང་དགོས་པར་གདམས་པ་དང༌། མི་དགེ་བཅུའི་རྣམ་གཞག་མཛད་པའི་ནང་སྲོག་གཅོད་གཅོ་བོར་དགག་པ། སྦྱིན་པའི་ཕར་ཕྱིན་ལ་གསུམ་དུ་དབྱེ་བའི་ནང་ཚན་མི་འཇིགས་པའི་སྦྱིན་པ་ནི་གཞན་སྲོག་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་གཏན་ལ་ཕབ་པ་ཡིན།

གཞན་ཡང་མདོ་ལས། རྒྱལ་བོ་ཆེན་པོ་སྲོག་གཅོད་མ་མཛད་ཅིག །སྐྱེ་བོ་ཀུན་ལ་སྲོག་ནི་རབ་ཏུ་ཕངས། ། དེ་བས་ཡུན་དུ་ཚེ་བསྲིངས་སུ་འདོད་པས།། ཡིད་ཀྱི་དགུ་ལའང་སྲོག་གཅོད་མི་བསམ་མོ། ། ཞེས་སོགས་རྒྱ་ཆེར་བསྒྲགས་རྐྱེན་སངས་རྒྱས་ཆོས་ལུགས་ནང་ཁུལ་དུ་གྲུབ་མཐའ་ཁག་དུ་མར་གྱེས་ཀྱང་ཚེ་ཐར་གྱི་རིན་ཐང་ལྟ་བར་མི་མཐུན་པ་གང་ཡང་མ་བྱུང་ཞིང༌། ད་ལྟའི་བར་སངས་རྒྱས་ཆོས་ལུགས་ཀྱི་ཆོས་བརྒྱུད་གསུམ་གྱིས་ལག་ལེན་དུ་བསྟར་བཞིན་ཡོད་པ་རེད།

བོད་རང་ཡུལ་ནས་རྩ་བ་འབུས་ཤིང་རྩེ་མོ་རྒྱས་པའི་བརྡོལ་བོན་དང༌། མུ་སྟེགས་དབང་ཕྱུག་པའི་གྲུབ་མཐའ་འཁྱར་བ་དོན་དང་འདྲེས་པའི་འཁྱར་བོན་གཉིས་ཀྱི་དུས་སུ་རང་བྱུང་ཁམས་ཀྱི་ལྷ་ལ་མཆོད་འབུལ་བྱེད་ཆེད་དུད་འགྲོ་བསད་དེ་ཤས་རི་རབ་བརྩིག་པ་དང་ཁྲག་གིས་རྒྱ་མཚོ་བསྐྱིལ་བ་ལྟ་བུའི་སྲོལ་ཡོད་ཚོད་འདུག་མོད། སྲོང་བཙན་སྒམ་པོའི་དུས་སྐབས་སུ་སངས་རྒྱས་ཆོས་ལུགས་དར་བ་དང་མི་དགེ་བཅུ་སྤོང་གི་ཁྲིམས་གཏན་ལ་ཕབ་པ་སོགས་ཀྱི་ཤུགས་རྐྱེན་ཆེན་པོའི་འོག་ཕྱིས་བོན་གྱིས་ཀྱང་ནང་བའི་གྲུབ་མཐའ་རིམ་བྱོན་བཞིན་སྲོག་གཅོད་ཀྱི་ཉེས་དམིགས་དང་ཚེ་ཐར་གྱི་ཕན་ཡོན་ཤུགས་ཆེར་ཁྱབ་བསྒྲགས་བྱས་རྐྱེན་ད་ལྟའི་བར་བོད་ཁམས་ཡོངས་སུ་སྲོག་གཅོད་སྤོང་བ་དང་ཚེ་ཐར་གཏོང་བའི་སྐོར་ལ་སྤང་བླང་གི་འདུ་ཤེས་ཟབ་མོ་ཞིག་ཆགས་ཡོད་པ་རེད།

གཉིས། བོད་ཀྱི་ཚེ་ཐར་གཏོང་སྲོལ་གྱི་ཆོ་ག

བོད་ཀྱི་ཚེ་ཐར་གཏོང་སྲོལ་གྱི་ཆོ་གའི་སྐོར་རིགས་མི་འདྲ་བ་མང་པོ་ཡོད་ཅིང་དེ་དག་ཕལ་ཆེ་བ་ནི་ཆོས་ལུགས་ཀྱི་བསམ་བློ་དང་འདྲེས་ནས་བྱུང་བ་ཡིན། དེ་ལ་རང་གི་སྲོག་གཅོད་སྤོང་བ་དང༌། སྲོག་བླུ་བ། སྒོ་ཟོག་ཚེ་ཐར་དུ་གཏོང་བ། སྐྱེ་དངོས་རིགས་ཚེ་ཐར་དུ་གཏོང་བ། རི་རྒྱ་ཀླུང་རྒྱ་སྡོམ་པ་སོགས་དུ་མ་ཡོད་པ་ལས།

དང་པོ་སྲོག་གཅོད་སྤོང་ཚུལ་ལའང༌། མི་ཚེ་གཅིག་ལ་འགྲོ་བ་མིའི་སྲོག་མི་གཅོད་པར་དམ་བཅས་པ་ནི་དཔེར་ན་རབ་བྱུང་བ་དང་དགེ་བསྙེན་ལྟ་བུ་ཡིན། ཁྱིམ་པའི་གྲས་སུ་མི་ཚེ་གཅིག་ལ་གཏན་ནས་སྲོག་མི་གཅོད་པར་ཁས་བླངས་པ་དང༌། སྲོག་ལྡན་ཆེ་གྲས་ཀྱི་སྲོག་མི་གཅོད་པར་ཁས་བླངས། སྲོག་ཆགས་གང་རུང་གི་སྲོག་མི་གཅོད་པར་ཁས་བླངས་པ་དང༌། ལོ་ཁ་ཤས་སམ་ཟླ་ཁ་ཤས་ཐ་ན་ཉིན་ཁ་ཤས་ལ་སྲོག་མི་གཅོད་པར་ཁས་ལེན་པ་སོགས་ཡོད། ཁས་ལེན་ཚུལ་ལ་ཡང་བླ་མ་སོགས་ཀྱི་མདུན་དུ་ཁས་ལེན་པ། ལྷ་ཁང་གི་སྐུ་བརྙན་སོགས་ཀྱི་དྲུང་དུ་ཁས་ལེན་པ། བསང་ཕུལ་དེ་ཁས་ལེན་པ། རང་སེམས་ནས་དམ་བཅའ་བ་སོགས་ཡོད། གཞན་ཚེས་གཅིག་ཚེས་བརྒྱད། བཅོ་ལྔ་གནམ་གང་དང༌། ད་དུང་ཉི་འཛིན་ཟླ་འཛིན་སོགས་ཀྱི་སྐབས། རྒྱ་ལོའི་ཚེས་གཅིག བཞི་བའི་བཅོ་ལྔ། དྲུག་པའི་ཚེས་བཞི། བདུན་པའི་ཚེས་བཅུ། དགུ་བའི་ཉེར་གཉིས། བཅུ་བའི་ལྔ་མཆོད། ཉི་ལྡོག་སོགས་དུས་ཆེན་ཁྱད་པར་ཅན་གྱི་སྐབས་སུ་བོད་ཁམས་སྤྱི་ནས་སྲོག་གཅོད་ལ་ཤིན་ཏུ་འཛེམས་པ་རེད།

སྲོག་བླུ་བ་ནི་གཞན་གྱིས་གསོད་རྒྱུའི་སེམས་ཅན་ལ་རིན་བྱིན་ཏེ་ཚེ་ཐར་བཏང་བ་ལ་ཟེར། བོད་དུ་སྲོག་བླུའི་སྲོལ་རྒྱ་ཆེར་དར་ཡོད་པ་སྟེ། དཔེར་ན། རང་ཉིད་ཀྱི་བསོད་ནམས་བསོགས་ཆེད་དུ་ཚེ་ཐར་གཏོང་བ་དང༌། བླ་མ་དང་ཕ་མ་སོགས་ཀྱི་སྐུ་ཚེ་བརྟན་ཕྱིར་ཚེ་ཐར་གཏོང་བ། ནད་པ་ནད་ལས་གྲོལ་ཆེད་དང༌། གཤིན་པོའི་དགེ་རྩའི་ཆེད། སྦྲུམ་མ་བདེ་བར་བཙའ་ཆེད་དང༌། ཁྱིམ་གཞི་བདེ་བའི་ཆེད་སོགས་མང་པོ་ཡོད་ཅིང༌། བླུ་སྟངས་ཀྱང་ཚོང་ར་ནས་ཉ་དང་ཆུ་སྦྲུལ་སོགས་འབོར་ཆེན་ཉོས་ཏེ་ཕྱིར་ཆུར་གཏོང་བ། བཤས་ར་ནས་གསོད་ལ་ཉེ་བའི་སྲོག་ཆགས་ཉོས་ཏེ་ཚེ་ཐར་གཏོང་བ་སོགས་སྣ་ཚོགས་ཡོད།

སྒོ་ཟོག་ཚེ་ཐར་གཏོང་ཚུལ་ནི་སྒོ་ཟོག་ཁྲོད་ནས་རྟ་ནོར་ར་ལུག་སོགས་གང་རུང་དམིགས་སུ་བཟུང་ནས་དེ་ཕྱིན་ཆད་ཞོན་པ་དང༌། བཀོལ་སྤྱོད། གསོད་པ་སོགས་མི་བྱེད་པར་དམ་བཅས་པ་དེ་ལ་ཟེར། འདི་ལ་གོང་སྨྲོས་ཀྱི་དམིགས་ཡུལ་དེ་དག་ལས་གཞན་ད་དུང་ཆོས་སྐྱོང་ནོར་ལྷ་ཡུལ་ལྷ་སོགས་ཀྱི་རྟེན་དུ་འཛུགས་པ་དང་ཞོན་ཁལ་འོ་ཞོ་འཐུང་བ་སོགས་དྲིན་ཆེ་བའི་སྒོ་ཟོག་ལ་དྲིན་ལན་འཇལ་ཕྱིར་ཚེ་ཐར་གཏོང་བའང་ཡོད། སྒོ་ཟོག་ཚེ་ཐར་གཏོང་སྐབས་གང་གཏོང་རྒྱུའི་རྟ་ནོར་ལུག་སོགས་ལ་གཟུངས་སྔགས་སོགས་བཟླས་པའི་ཆུས་ཁྲུས་བྱེད་ཅིང་དེ་ནི་སེམས་ཅན་དེའི་ལུས་ངག་ཡིད་གསུམ་གྱི་མི་གཙང་བ་དང་སྡིག་སྒྲིབ་འདག་པར་བྱེད་པའི་མཚོན་བྱེད་རེད།

དེ་ནས་རྣ་ཆ་དང་དཔུང་དར་སྣ་ཚོགས་སོགས་རྒྱན་འདོགས། རྭ་དང་རྨིག་པར་སྣུམ་བྱུགས། ཤུག་པ་སོགས་ཀྱི་དུ་བས་བདུག སྣ་ཐག་དཀར་པོས་འདོགས། ལུས་ལ་མེ་ཏོག་དང་འབྲུ་རིགས་གཏོར་བ་དང༌། གཟུངས་སྔགས་བྱིན་ཅན་རྣ་བར་བསྒྲགས་པ་སོགས་བྱེད། ཆོས་ལུགས་མི་སྣ་ཡོད་ཚེ་ཆོས་ལུགས་ཀྱི་ཆོ་གའང་འདོན། གཞན་ཚེ་ཐར་ལ་མིང་བྱང་འདོགས་པའི་སྲོལ་ཡང་ཡོད་ཅིང་མིང་བྱང་བྱ་ཚུལ་ནི། ཤིང་བྱང་ཆུང་ངུ་ལ། དཔེར་ན། རྟ་ལ་དགྲ་འདུལ་རླུང་ཤུགས་ལྟ་བུ་དང༌། ཞོལ་ཕོ་ལ་སྟོབས་འཕྲོག་བརྗིད་ཞོལ། ཞོལ་མོ་ལ་བདུད་རྩི་ཁུར་ལྡན། ལུག་ལ་གཡང་མོ་འཁྱིལ། ར་ལ་ཚེ་ཚེ་འཕེལ་སོགས་བྲིས་ཏེ་འདོགས་པའོ། །གཞན་བྱ་ཕོ་ཚེ་ཐར་གཏོང་བའི་སྲོལ་ཡང་ཡོད་དེ། ཁྱིམ་མི་ལ་ནད་བྱུང་ཚེ་མོ་བ་ལ་མོ་བཏབ་སྟེ། བྱ་ཕོ་དུ་མ་ཚེ་ཐར་བཏང་ནས་དགོན་པར་བསྐྱལ་བ་རེད། དེར་བརྟེན་དགོན་པ་རྣམས་སུ་དུས་རྒྱུན་བྱ་ཕོ་མང་པོ་མཐོང་རྒྱུ་ཡོད།

སྐྱེ་དངོས་ཚེ་ཐར་དུ་གཏོང་སྲོལ་ནི། ལྷ་རི་མཐོན་པོ་སོགས་དང་གནས་བྱིན་ཅན་ཡོད། རང་ཉིད་ཀྱིས་བཙུགས་པའི་སྡོང་བོ་སོགས་སྐྱེ་དངོས་སྟེང་ལ་ཁ་བཏགས་དང་བལ་འདོགས་པ་དང་མར་བྱུག་པ་སོགས་བྱས་ཏེ་ཕྱིན་ཆད་གཅོད་པ་དང་ལོ་མ་དང་ཡལ་ག་བཏོག་པ། ཤུན་པ་བཤུ་བ་སོགས་གཏན་ནས་མི་བྱེད་པ་དེ་ཡིན།

རི་རྒྱ་ཀླུང་རྒྱ་སྡོམ་ཚུལ་ནི །ས་ཁུལ་གང་མང་ནས་རང་སྡེ་བའི་ཕྱོགས་བཞིའི་རི་ཆུ་སོགས་གང་རུང་ལ་ཆེད་དུ་ལྟ་སྐུལ་བྱེད་པའི་མི་བསྐོས་ཏེ། རི་ལྟ་བུ་ཡིན་ན་རི་རྒྱ་བསྡམས་ཚེ་མི་སུ་ཡིས་ཀྱང་རི་ངོས་ནས་རི་དྭགས་བདའ་བ་དང༌། ཕྱུགས་འཚོ་བ། ས་རྐོ་བ །རྩྭ་དང་ཤིང་གཅོད་པ་སོགས་བྱེད་མི་ཆོག ཆུ་ལྟ་བུ་ཡིན་ན་ཆུ་ནང་ནས་ཉ་འཛིན་པ་དང༌། མི་གཙང་བ་དང་གད་སྙིགས་འདོར་བ་སོགས་བྱེད་མི་ཆོག གལ་སྲིད་དེ་ལས་འགལ་ཚེ་མེ་མདའ་དང་ཉ་རྒྱ་སོགས་གཞུང་བཞེས་བྱེད་པ་མ་ཟད། སྡེ་བས་ཐག་གཅོད་ལྟར་གྱི་དཔལ་འབྱོར་གྱི་ཆད་པ་འཁུར་དགོས།

གསུམ། བོད་ཀྱི་ཚེ་ཐར་གཏོང་སྲོལ་གྱི་དགེ་མཚན།

བོད་གངས་ཅན་གྱི་སྣོད་བཅུད་ཀྱི་འཇིག་རྟེན་ལ་བདེ་ལེགས་ཀྱི་འོད་སྣང་འཛད་མེད་སྩོལ་བའི་བོད་ཀྱི་དམངས་སྲོལ་རིག་གནས་"ཚེ་ཐར"ཞེས་པ་འདི་ནི། རིན་ཐང་གཞལ་དུ་མེད་པའི་མུ་ཏིག་རྡོག་གཅིག་དང་མཚུངས་པར་དུས་རབས་ཉེར་གཅིག་པའི་དུས་འདིར་ཡང་དགེ་མཚན་གྱི་གཟི་འོད་འཕྲོ་བཞིན་མཆིས། དེས་ན་འདིའི་དགེ་མཚན་ནི་ཕྱོགས་གཉིས་ནས་གླེང་བར་བྱ་སྟེ། ཆོས་ལུགས་དང་སྤྱི་ཚོགས་སོ།།

༡ཆོས་ཕྱོགས་ཀྱི་དགེ་མཚན།

ནང་བའི་ཆོས་གཞུང་དག་ན་ཚེ་ཐར་གྱི་ཕན་ཡོན་ནི་ཤིན་ཏུ་རྒྱ་ཆེར་བསྔགས་ཡོད་མོད། དེ་དག་ཐམས་ཅད་བྲིར་མི་ལང་བས། འདིར་ས་བཅད་མ་སྟོང་ཙམ་བརྗོད་ན། སྐྱེ་བ་ཕྱི་མར་འཐོབ་པའི་ཕན་ཡོན་དང༌། སྐྱེ་བ་འདིར་འཐོབ་པའི་ཕན་ཡོན་གཉིས་ལས།

དང་པོ་ཡང་རྣམ་སྨིན་གྱི་འབྲས་བུ་དང་རྒྱུ་མཐུན་གྱི་འབྲས་བུ། བདག་པོའི་འབྲས་བུ་བཅས་འབྲས་བུ་འབྱིན་ཚུལ་གསུམ་གྱི་སྒོ་ནས་བརྗོད་ཡོད་དེ། རྣམ་སྨིན་གྱི་འབྲས་བུ་ནི། ཀུན་སློང་ཆུང་ངུའི་སྒོ་ནས་སྲོག་གཅོད་སྤངས་པས་སྐྱེ་བ་རྗེས་མར་མིར་སྐྱེ་བ་དང༌། ཀུན་སློང་འབྲིང་གིས་འདོད་ལྷ། ཀུན་སློང་ཆེན་པོས་ཁམས་གོང་མ་སོགས་སུ་སྐྱེ་བར་འགྱུར།

རྒྱུན་མཐུན་གྱི་འབྲས་བུ་ལ་གཉིས་ལས། སྲོག་གཅོད་སྤོང་བ་ལས་འབྱུང་བའི་མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ནི་སྐྱེ་བ་གཞན་དུ་ཚེ་རིང་བ་དང་ནད་མེད་པ་སོགས་སུ་འགྱུར་ཞིང༌། བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་ནི་སྐྱེ་བ་ཕྱི་མ་རྣམས་སུ་ཡང་སྲོག་གཅོད་སྤོང་བ་དང་ཚེ་ཐར་སྲོག་བླུ་ལ་དགའ་བ། དེ་དག་ལ་བརྟེན་ནས་འབྲས་བུ་བདེ་བ་བརྒྱུད་མར་འབྱུང་བའོ།།

བདག་པོའི་འབྲས་བུ་ནི། ཚེ་རབས་གཞན་དུ་ས་ཕྱོགས་ཉམས་དགའ་བའི་གནས་སུ་སྐྱེ་བ་དང༌། བཟའ་བཏུང་དང་སྨན་སོགས་མཐུ་ཆེ་བ་དང་འཇུ་སླ་བ། ནད་མི་སྐྱེད་པས་དུས་མིན་དུ་འཆི་བར་མི་འགྱུར་བ་སོགས་སོ།།

ཉིས་པ་ནི། སྲོག་གཅོད་སྤངས་ན་ཚེ་འདིར་ཡང་འབྲས་བུ་དེ་དག་འབྱུང་བར་གསུང་སྟེ། སའི་སྙིང་བོ་འཁོར་ལོ་བཅུ་བའི་མདོ་ལས། གལ་ཏེ་སྲོག་གཅོད་ཡོངས་སྤངས་ན། །ཀུན་གྱིས་བཀུར་ཞིང་བླ་མར་བྱེད། །རྟག་ཏུ་ནད་མེད་ཚེ་ཡང་རིང༌། །བདེ་ཞིང་སྐྱིད་ལ་གནོད་པ་མེད། །ཅེས་གསུངས་ཡོད་དོ།།

༢སྤྱི་ཚོགས་ཀྱི་དགེ་མཚན།

རང་རེ་གངས་ཅན་གྱི་ལྗོངས་འདི་ལ་མཚོན་ན་འཆམ་མཐུན་ཞེས་པའི་ཐ་སྙད་ངེས་ཅན་ཞིག་མེད་ནའང་དེའི་ཕྱོགས་ཀྱི་འདུ་ཤེས་ནི་གནའ་སྔ་མོ་ཞིག་ནས་ལྡན་ཏེ། བོད་པ་ཚོའི་འཇིག་རྟེན་ལྟ་ཚུལ་ལྟར་ན། འཇིག་རྟེན་འདི་ནི་འདིའི་ཐོག་ལ་ཡོད་པའི་སེམས་ཅན་ཀུན་གྱི་སྤྱི་མཐུན་གྱི་ལས་ལས་གྲུབ་པ་ཞིག་ཡིན་པར་འདོད། དེའི་ཕྱིར་སའི་གོ་ལ་འདིའི་ཐོག་ལ་གནས་པའི་སྲོག་ཆགས་འབུ་སྲིན་ཕྲ་རགས་ཚང་མ་ལ་རང་རང་གི་སྤྱི་མཐུན་གྱི་ལས་ལས་གྲུབ་པའི་ས་ཡི་གོ་ལ་འདི་ལ་བདག་དབང་བྱེད་པའི་ཐོབ་ཐང་ཞིག་ཡོད་པ་ཡིན་ཕྱིན། འདིའི་འབྱུང་ཡུལ་ཁོར་ཡུག་དེ་ལ་ཚང་མས་འདྲ་མཉམ་གྱིས་ལོངས་སྤྱོད་དགོས་པ་ཞིག་ཡིན་པ་མ་གཏོགས། མིའི་འགྲོ་བ་རྐྱང་རྐྱང་གིས་གང་འདོད་བྱས་ནས་བག་མེད་ལོངས་སྤྱོད་བྱེད་ཆོག་པ་ཞིག་མིན།

གལ་སྲིད་བག་མེད་ལོངས་སྤྱོད་བྱས་པ་ཡིན་ན།འདིའི་ཆ་ཤས་ལ་བདག་དབང་ཡོད་པའི་སེམས་ཅན་གཞན་པ་མང་པོ་ཞིག་གི་བདག་དབང་ལ་བརྡབ་གསིག་དང་ཁོ་ཚོ་ལ་བཤུ་གཞོག་བྱེད་པའི་གནས་སྟངས་ཤིག་ཏུ་འགྱུར་ངེས་ཡིན། ལྷག་པར་དུ་ནང་བའི་ཆོས་ཀྱི་ངོས་ནས་བཤད་ན་སེམས་ཅན་ཐམས་ཅད་ལ་འདྲ་མཉམ་གྱི་བསམ་ཚུལ་དང༌། དེ་ལས་ལྷག་པའི་བྱམས་པ་དང་སྙིང་རྗེས་སྒོམ་དགོས་པ་ཡིན་ཕྱིར། གངས་ཅན་པ་ཚང་མས་འཇིག་རྟེན་འདིའི་ཐོག་ལ་གནས་པའི་སེམས་ཅན་ཐམས་ཅད་ཀྱི་བདེ་སྡུག་ལ་བསམ་བློ་གཏོང་བ་དང་འཚེ་བ་མི་བྱེད་པར་མཐུན་པར་གནས་དགོས་པ་དེ་གཞི་རིམ་གྱི་ལྟ་ཚུལ་ཞིག་ཏུ་ཆགས་ཡོད་པ་རེད།

དེར་བརྟེན། བོད་མི་རིགས་ཀྱི་ལོ་རྒྱུས་སྟེང་སྐྱེ་ཁམས་སྲུང་སྐྱོང་གི་བཀའ་ཁྲིམས་དང་རྩ་ཚིག་སོགས་ཕྱོགས་སྡེབ་བྱས་པ་ཧ་ཅང་དཀོན་ན་ཡང༌། བོད་མི་རིགས་ཀྱིས་ལག་ལེན་དངོས་ཀྱི་ཁྲོད་ཡུལ་གཙང་ཞིང་བག་དྲོ་ལ། སྐྱེ་དངོས་སྣ་མང་ཀུན་འཛོམས་ཀྱི་མཐོ་རིས་ལྷའི་དགའ་ཚུལ་ལྟ་བུ་ཞིག་མིའི་རིགས་ལ་སྲུང་འཛིན་བྱས་ཡོད་པ་འདི་ནི་ཆོས་ལུགས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་སྲོག་མི་གཅོད་པ་དང་སྲོག་བླུ་གཏོང་བ་སོགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་མི་ཆོས་ཀུན་སྤྱོད་ལེགས་པོ་ཆགས་ཡོད་པའི་རྒྱུ་རྐྱེན་ལས་རང་རྟོགས་ཀྱིས་ཁོར་ཡུག་དང་སྲོག་ཆགས་སྲུང་སྐྱོབ་བྱས་པས། མི་དང་རང་བྱུང་ཁམས་བར་དང༌། མི་དང་མིའི་བར། མི་དང་སྲོག་ལྡན་གཞན་དག་བར་འཆམ་མཐུན་མཉམ་གནས་ཀྱི་ངང་ཚུལ་བཟང་བོ་འདི་བྱུང་བ་རེད།

གཞན་ཡང༌། མིག་སྔར་གཞན་གྱི་སྲོག་བཅད་དེ་ཤ་ཁྲག་ལོངས་སྤྱད་པ་ལ་བརྟེན་ནས་བྱུང་བའི་ནད་རིགས་སྣ་ཚོགས་སྟེ། དཔེར་ན། སྲོག་ཆགས་ཀྱི་ལུས་ལས་བྱུང་བའི་སྣུམ་ཟོས་ཏེ་ཁྲག་གར་བོར་གྱུར་ཏེ་ཁྲག་རྩ་འཚང་བ། ཁྲག་རྩའི་ནང་ལེགས་པར་མི་རྒྱུ་བའི་སྙིང་ནད་སྐྱེད་པ། ཤའི་སྟེང་དུ་བཏབ་ཡོད་པའི་རུལ་འགོག་རྫས་རིགས་དག་ལུས་ལ་ཁྱབ་པ། ཤའི་སྟེང་གི་སྲིན་འབུ་དག་ལུས་ལ་ཞུགས་ནས་ནད་སྣ་ཚོགས་སྐྱེད་པ། དེ་བཞིན་དུ་ད་ལྟའི་བྱ་ནད(ཁྀཕླཱྀངཽ)གློ་བའི་ཚ་ནད(སྩྭེ)།ཨེ་ཙི(ནཎྞཾབྱུ)། དེ་མིན་ཕྱི་ནད(ཊྱཁྑེ)སོགས་འཛམ་གླིང་ཡོངས་གྲགས་ཀྱི་རིམས་ནད་ཚབས་ཆེན་འདི་དག་ཀྱང་སྲོག་གཅོད་སྤོང་བའི་སྲོལ་བཟང་འདིས་ཤས་ཆེར་འགོག་ཐུབ།

དེ་མིན་སྐྱེ་འགྲོ་མཐའ་དག་གིས་སྡུག་བསྔལ་མི་འདོད་པར་བདེ་བ་འདོད་པ་གཅིག་མཚུངས་ཡིན་པ་ཤེས་ནས་སེམས་ཅན་གང་ཡང་མི་གསོད་པ་དང༌། དེ་དག་གི་སྲོག་བླུ་བ་དང་སྐྱོབ་པ། ཚེ་ཐར་དུ་གཏོང་བ་སོགས་གཞན་གྱི་སྡུག་བསྔལ་བསལ་བ་དང་ཕན་པ་སྒྲུབ་པའི་བྱ་བ་བྱས་ན་སྐྱེ་བོ་ཁྲི་སྟོང་མང་པོས་བསྟོད་བསྔགས་བྱེད་པ་མ་ཟད། མི་ཡ་རབས་ཕུལ་བྱུང་ཅན་ཞེས་སྙན་གྲགས་དང་བསོད་ནམས་འཕེལ་ཏེ་རང་གཞན་ཚང་མ་བདེ་བའི་གདན་ཁྲིའི་སྟེང་དུ་ལུས་སེམས་བདེ་ཞིང་ལྷོད་ཀྱིས་ཡུན་རིང་འཚོ་ཐུབ་པ་གདོན་མི་ཟ་ལ་འཛམ་གླིང་གི་ཞི་བདེ་ལའང་མཛད་རྗེས་རླབས་ཆེན་བསྐྲུན་ཐུབ་ངེས་ཡིན།

ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།