FriAprFri2017

སྤེལ་དུས་མཐའ་མ།06:49:09 AM GMT

རྩོམ་གསར།:

རེག་དུག་དང་བོད།

རེག་དུག་འགོས་ཁྱབ་ཀྱི་ནད་རྟགས།

དེང་སྐབས་འཛམ་གླིང་སྤྱིའི་ཤེས་རིག་གི་འཕེལ་ཕྱོགས་དང༌། ཀུན་སྤྱོད་ཁྲིམས་གཞི། དཔལ་འབྱོར་ཁྲོམ་ར་སོགས་ཕྱོགས་ཡོངས་ནས་གཅིག་གྱུར་གྱི་རྣམ་པ་ཅན་དུ་འཕེལ་འགྱུར་འགྲོ་བཞིན་ཡོད། ཐ་ན་མི་རིགས་དང་ཡུལ་ལུང་གང་ཞིག་གི་དར་རྒྱས་དང་ཉམས་ཆགས་མཐའ་དག་གིས་ཐད་ཀར་འཛམ་གླིང་ཧྲིལ་བོར་ཤུགས་རྐྱེན་ཐེབས་ནུས་པའི་ཚོར་ཤུགས་བསྐྱེན་པའི་དུས་རབས་ཤིག་ལ་སླེབས་ཡོད་པས།

འུ་ཚོས་ཀྱང་འཛམ་གླིང་གི་འཕེལ་འགྱུར་དང་བསྟུན་ནས་རང་ཉིད་ཀྱི་མི་རིགས་འཕེལ་རྒྱུས་སུ་གཏོང་དགོས་པར་མ་ཟད། ཚོར་བ་བསྐྱེད་པའི་སྒོ་ནས་རང་ཉིད་ཀྱི་སྤྱི་ཚོགས་ལ་འཕྲད་ཉེན་གྱི་འཇིགས་པ་དག་སྔོན་འགོག་བྱ་དགོས་རྒྱུ་ནི་གནད་དམ་པའོ། སྤྱིར་སྤྱི་ཚོགས་ཤིག་འཕེལ་རྒྱས་སུ་འགྲོ་བ་དེ་ཕྱོགས་མང་པོ་ཞིག་ལ་རག་ལས་ཡོད་པ་བཞིན། སྤྱི་ཚོགས་ཤིག་རྩ་འཐོར་དུ་འགྲོ་བ་དེ་འང་གནོད་འཚེ་རིགས་མང་པོ་ཞིག་དང་འབྲེལ་ནས་འབྱུང་གིན་ཡོད། དེས་བས། དེ་རིང་གི་རྒྱལ་སྤྱིའི་རེག་དུག་ཉིན་མོ་འདི་དང་བསྟུན་ནས། ང་རང་ཉིད་དུས་རྒྱུན་བློ་འཚབ་སྐྱེས་བཞིན་པའི་རེག་དུག་འགོས་ནད་ཀྱི་ཐད་ནས་བསམ་ཚུལ་འགའ་གླེང་མོལ་གྱི་ཚུལ་དུ་བརྗོད་འདུན་བྱུང༌། རེག་དུག་འགོས་ནད་ནི་འུ་ཚོས་སྣང་མེད་དུ་འཇོག་མི་རུང་བའི་ཉེན་ཚབས་རང་བཞིན་ཅན་གྱི་འགོག་བྱ་གལ་ཆེན་ཞིག་རེད་བསམ། རྒྱུ་མཚན་ནི། རེག་དུག་འགོས་ཁྱབ་རྒྱུ་ལམ་དང༌། རེག་དུག་འབྱུང་འཕེལ་གྱི་གནས་སྟངས། རེག་དུག་གིས་མིའི་སྤྱི་ཚོགས་ལ་སྤྲད་པའི་ཉེན་འཇིགས། དེ་བཞིན་བོད་སྤྱི་ཚོགས་ཀྱི་གོམས་གཤིས་དང༌། བོད་མིའི་བསམ་བློ་འཁྱེར་སྟངས། བོད་པའི་ཁོར་ཡུག་གི་གནས་བབས་བཅས་ཀྱི་ཆ་ནས་ནད་གཞི་འདི་ནི་འུ་ཚོར་མཚོན་ན་ཧ་ཅང་ཉེན་ཚབས་རང་བཞིན་ཅན་གྱི་འགོས་ནད་ཞིག་ཆགས་ཡོད།

གཅིག རེག་དུག་འགོས་ཁྱབ་རྒྱུ་ལམ་དང་བོད་སྤྱི་ཚོགས་ཀྱི་གོམས་གཤིས།

རེག་དུག་འགོས་ནད་ཀྱི་རྒྱུ་ལམ་གཙོ་བོ་ནི་ཕོ་མོའི་འཁྲིག་སྤྱོད་བརྒྱུད་འགོས་ཁྱབ་ཏུ་འགྲོ་བཞིན་ཡོད་པ་རེད། ཉམས་ཞིབ་པ་དག་གི་བསྡོམས་རྩིས་ལྟར་ན། རེག་འདུག་འགོས་ཁྱབ་སྤྱིའི་གྲངས་འབོར་གྱི་བརྒྱ་ཆའི་ ༥༠ ནས་ ༦༠ ནི་ཕོ་མོིའི་འཁྲུགས་སྤྱོད་བརྒྱུད་ཁྱབ་བརྡལ་དུ་འགྲོ་བཞིན་པར་བཤད། དེར་བརྟེན། བལྟས་ས་བལྟས་འཇོག་གི་སྒོ་ནས་བཤད་ན། བོད་པའི་གཞི་རིམ་སྤྱི་ཚོགས་ཁྲོད་ཀྱི་ཕོ་མོའི་བར་གྱི་འཁྲིག་སྤྱོད་ཀྱི་གནས་སྟངས་ནི་སྤྱི་ཚོགས་གཞན་དང་བསྡུར་ན་ཧ་ཅང་གུ་ཡངས་པོ་དང༌། དེ་བཞིན་ཞིང་འབྲོག་གཞི་རིམ་བོད་མི་རྣམས་ནི་འགོས་ནད་སྔོན་འགོག་གི་འདུ་ཤེས་ཧ་ཅང་དམན་ལ། བོད་ནི་དེང་རབས་ཀྱི་འཕྲོད་བསྟེན་མཐུན་རྐྱེན་ཞན་པའི་སྤྱི་ཚོགས་ཤིག་ཀྱང་ཆགས་ཡོད། གནས་སྟངས་འདིས་རེག་དུག་འགོས་ཁྱབ་འབྱུང་བར་བསམ་བཞིན་མ་ཡིན་པའི་ཉེན་ཚབས་རང་བཞིན་ཅན་གྱི་རེག་དུག་གི་ཞིང་ས་འཛོམས་པོ་ཞིག་བསྐྲུན་ནས་ཡོད། རེག་དུག་འགོས་ནད་ཁྱབ་བརྡལ་དུ་འགྲོ་སའི་གཞི་གཙོ་བོ་གཅིག་ནི་རྒྱུན་ལྡན་མ་ཡིན་པའི་འཁྲིག་སྤྱོད་རིགས་བྱེད་མཁན་དེ་སྨད་འཚོང་མ་དག་ཡིན། བོད་ཁུལ་དུ་བཅོས་བསྒྱུར་སྒོ་འབྱེད་ཀྱི་རླབས་དང་བསྟུན་ནས་རྒྱ་ནག་ནང་ལོགས་ནས་ཐོན་པའི་རྒྱ་མོ་སྨད་འཚོང་མ་མང་པོ་སླེབས་པ་དང༌། ད་སྐབས་ཕལ་ཆེར་བོད་ཁུལ་གྱི་རྫོང་རིམ་པའི་གྲོང་བརྡལ་ཁུལ་དུའང་རྒྱ་མོ་སྨད་འཚོང་མས་ཁེངས་བསྡད་ཡོད། དེ་མིན། བོད་པའི་གཞོན་སྐྱེས་མང་པོ་ཞིག་གིས་གཞང་འཚོང་ཁང་དུ་འཁྲིག་སྤྱོད་བྱེད་པར་འགྲོ་བ་དེ་ནི་རྩེད་མོའི་སྣང་བ་ཞིག་དང༌། དར་ལུགས་གསར་བ་ཞིག་གི་འདུ་ཤེས་འཛིན་བཞིན་ཡོད། འདིས་རེག་དུག་འགོས་ཁྱབ་འགྲོ་བར་བསམ་བཞིན་མིན་པའི་སྒོ་ནས་ནུས་པ་འདོན་བཞིན་ཡོད། ཕྱོགས་གཞན་ཞིག་ནས་དེང་སྐབས་གཞི་རིམ་གྲོལ་བརྡལ་འཛུགས་བསྐྲུན་ལ་དམིགས་སྟེ་འབྲོག་ཁུལ་དུ་ཕྱུགས་ཟོག་གི་ཁ་གྲངས་ཇེ་ཉུང་དང་ཕྱུགས་རྭ་གཏན་འཇགས་ཅན་དུ་སྒྱུར་བ་ལ་བརྟེན་ནས་ཕྱུགས་རྫི་གསར་བུ་མང་པོ་ཞིག་ལས་མེད་ལྟ་བུར་གྱུར་ཏེ་དུས་རྒྱུན་རྫོང་གྲོང་དུ་འཁྱམས་ཉུལ་བྱས་ཏེ་བསྡོད་པ་དང༌། ཡང་རིགས་འགའ་ཤས་ཀྱིས་དཔལ་འབྱོར་འཚོལ་བསྡུད་ཀྱི་ལམ་ཁ་གཞན་ཞིག་འཚོལ་ཆེན་རྫོང་གྲོང་དང་གྲོང་ཁྱེར་ཁུལ་སོགས་སུ་ཚོང་ལས་ཙག་ཙིག་གི་ཆེད་དུ་འགྲོ་བསྐྱོད་མང་པོ་བྱེད་བཞིན་ཡོད་ལ། ཁེ་སྤོགས་ཐོབ་པ་དང་དུས་ཁོམ་བྱུང་བར་བསྟུན་ནས་སྣང་བ་སྐྱིད་པོ་ཡོང་ཆེད་གཞང་འཚོང་སྤྲོ་ཁང་དུ་འགྲོ་བཞིན་ཡོད་པར་མ་ཟད། འཁྲིག་སྤྱོད་ཀྱི་སྐབས་སུའང་རང་ངོས་ནས་སྔོན་འགོག་འདུ་ཤེས་འཆིང་རྒྱུ་སྣང་མེད་དུ་འཇོག་གི་ཡོད། དུས་ཡུན་རིང་པོར་རྒྱ་གྲོང་དུ་རྒྱུན་ལྡན་མ་ཡིན་པའི་འཁྲིག་སྤྱོད་དེ་རིགས་ལ་ཞུགས་རྗེས་ཕྱིར་རང་ཡུལ་དུ་ལོག་གིན་ཡོད། དེ་བཞིན་བོད་ཞིང་འབྲོག་ཁུལ་དུ་འཁྲིག་སྤྱོད་ཐད་ཀྱི་འགོས་ནད་རིགས་ལ་དོ་སྣང་ཆེན་པོ་མེད་པ་དང༌། དེའི་ཐད་ཀྱི་འཕྲོད་བསྟེན་ཤེས་བྱ་དག་ནི་ངོ་ཚའི་གནས་ཤིག་ཏུ་བསམ་གྱིན་ཡོད་ལ། དུས་རྒྱུན་རང་ཉིད་ལ་འགོས་ནད་ཕོག་ཡོད་མེད་ལ་བརྟག་དཔྱད་བྱེད་པའི་གོམས་སྲོལ་རྩ་བ་ནས་མེད། དེར་བརྟེན། རྒྱུན་གྱི་གོམས་གཤིས་འདི་དག་གི་དབང་གིས་འུ་ཅག་གི་སྤྱི་ཚོགས་སུ་རེག་དུག་འགོས་ནད་འདི་མགྱོགས་མྱུར་འགོས་ཁྱབ་ཏུ་འགྲོ་བར་ཉེན་ཚབས་ཀྱི་རང་བཞིན་ཆེན་པོ་ལྡན་ཡོད། དེར་མ་ཟད། དེང་སྐབས་བོད་པའི་སྤྱི་ཚོགས་སྤྱིའི་འཚོ་གནས་ཀྱི་ངོ་བར་འགྱུར་ལྡོག་འབྱུང་བཞིན་པ་དང༌། བོད་རིགས་གཞོན་སྐྱེས་མང་པོ་ཞིག་ལས་མེད་དུ་གྱུར་བའི་རྐྱེན་གྱིས་བོད་རང་གི་ནང་དུའང༌། གཞོན་ནུ་མ་མང་པོ་ཞིག་གྲོང་ཁྱེར་ཁུལ་དུ་སོང་སྟེ་གཞང་འཚོང་བཞིན་པའི་སྣང་ཚུལ་མང་པོ་འབྱུང་གིན་འདུག དུས་རྒྱུན་ཟི་ལིང་གི་བོད་མིའི་ཁྲོམ་ར་ན་བོད་རིགས་སྨད་འཚོང་མ་མཐོང་རྒྱུ་ཡོད་ལ། ལྷག་པར་དུ་དབུས་ལྷ་ལྡན་གྲོང་ཁྱེར་དུ་མངོན་གསལ་དོད་པོའི་སྒོ་ནས་བོད་མི་རང་གིས་གཉེར་བཞིན་པའི་བོད་རིགས་བུད་མེད་ཀྱི་གཞང་འཚོང་ཁང་བགྲང་ལས་འདས་པ་ཞིག་ཡོད། གཞན་ཡང༌། རྫོང་གྲོང་ཁུལ་དུ་ལས་མེད་འཁྱམ་ཉུལ་གྱིས་བསྡོད་པའི་བོད་རིགས་གཞོན་སྐྱེས་མང་ཆེ་བ་ཞིག་ནི་འགོས་ནད་ཀྱི་རིགས་ལ་དོ་སྣང་དང་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ལ་འགན་ལེན་གྱི་འདུ་ཤེས་དམན་པ་དང༌། ཕྱོགས་གཞན་ཞིག་ནས་ཁོ་ཚོའི་ལོ་ཚོད་ཀྱི་ཆ་ནས་ཀྱང་དགའ་བོ་སྒྲིག་པ་དང་ལས་འབྲེལ་ཆགས་སྤྱོད་ཀྱི་རིགས་ལ་མགོ་འཁོར་ནས་བསྡོད་པའི་ན་ཚོད་ཅིག་ལའང་འཁེལ་བསྡད་ཡོད། དེ་བས་གཞོན་སྐྱེས་དེ་དག་ནི་བསམ་བཞིན་མ་ཡིན་པར་རེག་དུག་ཁྱབ་བརྡལ་དུ་གཏོང་མཁན་གྱི་བརྒྱུད་ལམ་ཆེན་པོ་ཞིག་ཏུ་གྱུར་ཡོད།

གཉིས། རེག་དུག་གི་ནད་རྟགས་དང་བོད་མིའི་བསམ་བློ་འཁྱེར་སྟངས།

རེག་དུག་འགོས་ནད་ནི་ཕྲ་ཕུང་རང་བཞིན་གྱི་ནད་དུག་ཅིག་ཡིན་པས། འགོས་ཁྱབ་སྐབས་རྒྱུན་ལྡན་གྱི་ནད་ཚ་གཞན་ལྟར་ན་ཟུག་གཟེར་གཏོང་བ་དང་གློ་བུར་དུ་ལུས་ཁམས་བདེ་མིན་གྱི་ཚོར་བ་བསྐྱེན་པོ་མི་འབྱུང་ལ། དུས་ཡུན་རིང་པོའི་ནང་ནད་རྟགས་ཀྱང་ཕྱི་རུ་མངོན་དཀའ་བ་དང༌། འགོས་ནད་འདི་བྱུང་རྗེས་འཆི་བར་ཁ་ཕྱོགས་རྒྱུ་ལས་བཅོས་ཐབས་གཞན་མེད་པ་རེད། སྔར་བོད་ཡུལ་ནི་སྤྱི་ཚོགས་གཞན་ལ་འབྲེལ་འདྲིས་ཆེན་པོ་མེད་པ་དང་གནམ་གཤིས་གྲང་བསིལ་ལྡན་པས་རྐྱེན་པས་འགོས་ནད་འདིའི་རིགས་མཐོང་རྒྱུ་མེད་པར་བརྟེན། བོད་མི་རྣམས་ཀྱིས་དུས་རྒྱུན་རང་ཉིད་ཀྱི་ལུས་པོའི་བདེ་ཐང་གི་ཐད་དོ་སྣང་ཆེན་པོ་བྱེད་ཀྱིན་མེད། དེང་སྐབས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་ཚ་དྲོད་རྒྱས་པ་དང་སྤྱི་ཚོགས་ཁོར་ཡུག་ཁྲོམ་ར་ཅན་དུ་ཁ་ཕྱོགས་ཟིན་ནའང༌། ད་དུང་གཞི་རིམ་ཞིང་འབྲོག་ཁུལ་དུ་འཕྲོད་བསྟེན་མཐུན་རྐྱེན་ཞན་པས་རྐྱེན་གྱིས་ནད་རྟགས་ཆུང་ཚེགས་བྱུང་རིགས་སྔར་བཞིན་སྣང་མེད་དུ་གཏོང་གིན་ཡོད་པ་དེ་ཡིས། རེག་དུག་འགོས་ནད་ཁྱབ་བརྡལ་དུ་འགྲོ་བར་རྐྱེན་ངན་འཇུག་བདེ་བའི་བར་གསེབ་ཆེན་པོ་ཞིག་ཀྱང་ཕྱེ་ནས་ཡོད། དཔེར་བརྗོད་ན། དེང་སྐབས་གྲོང་ཁྱེར་ཁུལ་དུ་འགོས་ནད་ཀྱི་རིགས་ཤིན་ཏུ་མང་བས་རྐྱེན་གྱིས། མང་ཚོགས་རང་ངོས་ནས་དེའི་སྐོར་ལ་དོ་སྣང་ཡང་ཤུགས་ཆེན་པོ་བྱེད་ཀྱིན་ཡོད། མི་གང་ཞིག་དང་ལུས་འབྲེལ་བྱུང་སྐབས་ཀྱང་རེག་དུག་དང་འགོས་ནད་རིགས་སྔོན་འགོག་ཀྱི་ལག་ཐབས་སྤྱོད་རྒྱུ་ནི་རྒན་གཞོན་དར་མ་སུ་ཡིན་ཡང་སྤྱིའི་གོམས་གཤིས་སུ་གྱུར་ཡོད། ཐ་ན་ལུས་པོ་བདེ་མིན་གྱི་ཚོར་སྣང་བྱུང་བ་ན་དེ་མ་ཐག་སྨན་ཁང་དུ་བརྟག་དཔྱད་བྱེད་དུ་འགྲོ་བཞིན་ཡོད། འགོས་ནད་ལ་དོགས་ཟོན་གྱི་ཚོར་བ་བསྐྱེན་པོ་ཡོད་པ་དེས་གཅིག་ནས་རང་ཉིད་ཀྱི་བདེ་ཐང་དང༌། གཉིས་ནས་སྤྱི་ཚོགས་ཧྲིལ་བོའི་བདེ་ཐང་ལ་ཕན་ནུས་ཆེན་པོ་ཐོན་བཞིན་ཡོད། ཡིན་ནའང༌། བོད་མི་རྣམས་ཀྱིས་རེག་དུག་གཙོས་པའི་འགོས་ནད་རིགས་ཀྱི་ཉེན་ཚབས་རང་བཞིན་དང་གོ་ལ་གཅིག་གྱུར་གྱི་རྣམ་པ་འདི་དང་བསྟུན་ནས་འགོས་ནད་རིགས་སྣ་ཚོགས་ཤིག་ཀྱང་བརྒྱུད་སྤེལ་འབྱུང་བཞིན་པར་ངེས་ཤེས་གསལ་པོ་ཞིག་མེད་པས་དབང་གིས། དུས་རྒྱུན་གྱི་འཚོ་བའི་ནང་རེག་དུག་གཙོས་འགོས་ནད་སྔོན་འགོག་གི་ཚོར་བ་བསྐྱེན་པོ་མེད། ཁོང་ཚོས་དུས་རྒྱུན་མི་ཕན་ཚུན་འབྲེལ་འདྲིས་སྐབས་སྔོན་འགོག་གི་ལག་ཐབས་སྤྱོད་རྒྱུ་དེ་ནི་དོགས་བདེ་བོ་མེད་པ་ཞིག་ཏུ་ཚོར་གྱིན་ཡོད་ལ། ལུས་པོ་བདེ་མིན་གྱི་ཚོར་བ་ཙག་ཙིག་བྱུང་བར་ཡ་མེད་སྣང་ཆུང་གཏོང་གི་ཡོད། བོད་མིའི་བསམ་བློ་འཁྱེར་སྟངས་འདིས་རེག་དུག་འགོས་ཁྱབ་ཏུ་འགྲོ་བར་བར་གསེབ་མང་པོ་ཞིག་བསྐྲུན་འདུག

གསུམ། རེག་ཏུག་གི་ཉེན་ཚབས་དང་བོད་ཀྱི་ཁོར་ཡུག

རེག་དུག་ནི་འཛམ་གླིང་འཁྲུགས་ཆེན་གཉིས་པའི་སྐབས་སུ་ཚན་རིག་པ་དག་ལ་དབང་སྒྱུར་བའི་སྨྱོ་ནད་ཕོགས་ཏེ་ས་ཆེན་འདི་འགོས་གཏོར་བྱས་པའི་བྱས་ཉེས་ཀྱི་དུག་རླངས་ལས་བསྐྱེད་པའམ། ཡང་ན་མིའི་ཀུན་སྤྱོད་འཁྱོལ་བའི་ལས་འབྲས་ལས་བྱུང་བ་གང་ཡིན་གསལ་རྟོག་དཀའ་ནའང༌། ལོ་རབས་བརྒྱད་བཅུ་བ་ནས་བཟུང་ས་སྒང་འདིའི་འགྲོ་བ་མི་ཡོངས་ཀྱིས་གདོང་ལེན་ཕར་བརྒོལ་བྱེད་དགོས་པའི་ཉེན་ཚབས་རང་བཞིན་ཅན་གྱི་འཇིགས་པ་ཆེན་པོ་ཞིག་ཏུ་གྱུར་ཡོད། དེང་སྐབས་ཨ་ཧྥུ་རི་ཁ་གླིང་དུ་འགོས་ནད་འདིས་རྐྱེན་པས་སྤྱི་ཚོགས་ཀྱི་དཔལ་འབྱོར་དང་ཤེས་རིག་དར་རྒྱས་བཅས་ཀྱི་ཕྱོགས་ལའང་འགོག་རྐྱེན་ཆེན་པོ་ཐེབས་ཏེ། གཞོན་སྐྱེས་ཕལ་ཆེ་བའི་རང་འཚོ་མ་ཐུབ་པ་དང་ཁྱིམ་གཞི་རྩ་སྟོང་དུ་འགྱུར་བཞིན་པ། དེ་བཞིན་སྤྱི་ཚོགས་ཧྲིལ་བའི་ངལ་རྩོལ་ཐོན་བསྐྱེད་མཚམས་ཆད་ལ་ཉེ་བའི་གནས་བབ་སུ་ལྷུང་ཡོད། ད་ལྟ་ས་སྒང་རིལ་མོ་འདིའི་སྟེང་དུས་ཡུན་ཆུ་ཚོད་ ༢༤ རིང་རེག་དུག་གིས་ཚེ་སྲོག་འཕྲོག་བཞིན་པའི་མི་གྲངས་ ༨༠༠༠ ་ལ་སླེབས་ཡོད་པ་དང༌། མི་གྲངས་ ༡༥༠༠༠ ལ་རེག་དུག་འགོས་ཁྱབ་འབྱུང་བཞིན་ཡོད་པར་བཤད། རེག་དུག་འགོས་ཁྱབ་ཀྱི་རྐྱེན་པས་ད་ལྟ་ཨ་ཧྥུ་རི་ཁའི་གླིང་དུ་ཆ་སྙོམས་ཀྱི་མིའི་ཚེ་ཚད་ནི་ལོ་ ༢༣ ནས་ ༣༢ བར་ཡིན་པ་རེད། འུ་ཅག་བོད་པའི་ཁོར་ཡུག་གི་གནས་སྟངས་དང་བོད་མིའི་བསམ་བློ་འཁྱེར་སྟངས་སོགས་ཕྱོགས་མང་པོ་ཞིག་ནས་ཨ་ཧྥུ་རི་ཁ་གླིང་གི་སྤྱི་ཚོགས་དང་འདྲ་ཤོས་ཆེ་བས། བོད་ཡུལ་ཀྱང་རེག་དུག་འགྱོག་མྱུར་འགོས་ཁྱབ་འགྲོ་སླ་བའི་སྤྱི་ཚོགས་ཤིག་ཏུ་གྱུར་ཡོད།

བཞི། འུ་ཚོས་ཀྱང་འགན་ལེན་གྱི་འདུ་ཤེས་འཁྱེར་དགོས།

རེག་དུག་ནི་རྒྱལ་ཁབ་དང་མི་རིགས་ཀྱི་དབྱེ་མཚམས་ལས་བརྒལ་ཏེ་འགྲོ་བ་མིའི་རིགས་སྤྱི་ལ་འཕྲད་ཀྱིན་པའི་ཉེན་ཚབས་ཅན་གྱི་འཇིགས་པ་ཞིག་ཡིན་པས་ན། འུ་ཚོས་ཀྱང་སྤྱི་མཚུངས་ལྟར་འགན་དེ་དང་ལེན་བྱེད་དགོས་པར་མ་ཟད། འུ་ཚོའི་སྤྱི་ཚོགས་ནི་དེང་རབས་འཕྲོད་བསྟེན་གྱི་མཐུན་རྐྱེན་ཞན་ལ། འགོས་ནད་སྔོན་འགོག་གི་འདུ་ཤེས་དམན་པའི་སྤྱི་ཚོགས་ཤིག་ཡིན་པའི་ཆ་ནས། འུ་ཅག་བོད་པའི་གཞོན་སྐྱེས་ཤེས་ལྡན་པ་དག་གིས་གཞན་ལས་ལྷག་པའི་འོས་འགན་ཞིག་འཁྱེར་དགོས་པར་སེམས། འོ་ན་ང་ཚོས་རེག་དུག་འགོས་ཁྱབ་བཀག་སྡོམ་ཐད་བྱ་གཞག་ཅི་ཞིག་སྒྲུབ་ཐུབ་བམ། ཡང་ན་བྱ་གཞག་གང་ཞིག་སྒྲུབ་ན་ཁ་ཚ་དགོས་གཏུགས་ཀྱི་ནུས་པ་ཐོན་ཐུབ་བམ། འདིའི་ཐད་འུ་ཅག་བོད་རིགས་གཞོན་སྐྱེས་ཤེས་ལྡན་པ་དག་གིས་རང་གི་རྣམ་དཔྱོད་སྤྱད་དེ་ལྟ་ཚུལ་ཅི་རིགས་ཤིག་འདོན་ཐུབ་རྒྱུ་དང༌། དེ་བཞིན་བསམ་ཚུལ་ཁོ་ན་ཙམ་མ་ཡིན་པར་འུ་ཚོ་གཞོན་ནུ་རྣམས་མཉམ་རོབ་ཀྱིས་རང་ཉིད་ཀྱི་ནུས་པའི་དཔོག་ཚོད་ཀྱི་སྒོ་ནས་ལག་ལེན་ལ་གཞོལ་གང་ཐུབ་བྱ་རྒྱུ་ནི་ཕྲན་གྱི་རེ་བའི་དམིགས་སྒོ་ཉག་གཅིག་ཀྱང་ཡིན།

སྤྱིར་སྨད་འཚོང་མ་དང་དུ་ནག ནང་རུལ་གསང་མྱུལ་བ། ཇག་རྐུན་ནག་ཚོགས་བཅས་ནི་དབང་བསྒྱུར་མཁན་དག་གི་ལག་ཆ་གལ་ཆེན་ཞིག་ཡིན་ལ། དེ་སྔོན་འཇར་ཕན་གྱིས་ཀྲུང་གོར་བཙན་འཛུལ་བྱེད་སྐབས་ཀྱང་ལག་ཆ་འདི་དག་བེད་སྤྱོད་བྱས་ཏེ། ཀྲུང་གོའི་སྤྱི་ཚོགས་སུ་དུ་ནག་ནང་འདྲེན་དང་སྨད་འཚོང་སྤྲོ་ཁང་བཙུགས་ཏེ་ཆེད་དུ་སྤྱི་ཚོགས་ཟང་ཟིང་བདེ་འཇགས་མེད་པ་དང༌། མིའི་ཀུན་སྤྱོད་ཉ་ཉོག་འཁྲིག་ཆ་དོད་པ། མི་རིགས་ནང་ཁུལ་དུ་འཁོན་འཛིན་ཆགས་སྡང་སློངས་པ། ཇག་རྐུན་ནག་ཚོགས་ཀྱི་དཔུང་ཤུགས་འདྲ་མིན་བསྐྱེད་སྲིང་བྱས་ཏེ་མི་མང་མགོ་རྙོག་ཐེབས་སུ་འཇུག་པ་དང༌། ནག་ཚོགས་དང་སྨད་འཚོང་མ་བེད་སྤྱད་དེ་སྤྱི་ཚོགས་ཁྲོད་ཀྱི་ཤེས་ལྡན་པ་དག་གིས་མི་དམངས་ལ་གོ་རྟོག་སྤེལ་བའི་བྱ་གཞག་ལ་བར་ཆད་གཏོང་པར་མ་ཟད། མི་མང་གྱིས་གོང་བཀུར་ཡི་རང་བྱེད་པའི་གནད་ཡོད་ཤེས་ལྡན་པ་དག་དམར་གསོད་གཏོང་བའི་རིགས་ཀྱང་བྱུང་ཡོད། དེས་རྐྱེན་གྱིས་འུ་ཅག་ཤེས་ལྡན་པ་དག་གིས་ནག་ཉེས་ཅན་གྱི་བྱ་བ་འདིའི་རིགས་གཙང་ཕྱག་བྱེད་པར་བློ་རིག་གྲུང་པོས་འབད་དགོས་ལ། དེ་ལས་ཀྱང་རེག་དུག་འགོས་ནད་སྔོན་འགོག་གི་བྱ་གཞག་འདི་ནི་རིགས་དང་རུས་སུ་མ་ཆད་པའི་འཛམ་གླིང་གི་གཞོན་སྐྱེས་ཤེས་ལྡན་པ་སྤྱིའི་ཕྲག་པར་བབས་པའི་འོས་འགན་ཉག་གཅིག་ཡིན་པས་ང་ཚོས་ཀྱང་དེ་བཞིན་གྱིས་རང་འགན་དང་ལེན་བྱེད་དགོས་པ་སྨྲས་མེད་རེད། ཡིན་ནའང༌། གསོན་ཤུགས་ལྡན་ལ་ཚོར་ཤུགས་བསྐྱེན་པའི་སྤྱི་ཚོགས་ཤིག་གཙང་ཉར་བྱེད་རྒྱུ་ནི་ལས་སླ་བོའི་བྱ་གཞག་ཅིག་ཡིན་མི་སྲིད། དེས་རྐྱེན་གྱིས་སྤྱི་ཚོགས་གང་ཞིག་ཡིན་ཡང་གཞོན་ནུ་ཤེས་ལྡན་པའི་མཉམ་རོབ་ནི་འགུལ་ཤུགས་ལྡན་པའི་ནུས་པ་གལ་ཆེན་ཞིག་ཡིན་ལ། མང་མོས་དཔྱད་ཞིབ་ལས་ཐོན་པའི་ཐབས་ཤེས་ནི་ལག་ལེན་དངོས་དང་འཚམས་པ་ཞིག་ཡིན་སྲིད། དེ་བས་ང་ཚོས་ཀྱང་སྤྱི་ཚོགས་ཞབས་ཞུའི་ལས་གཞི་གང་ཞིག་ཡིན་ཡང་མཉམ་རོབ་ཀྱི་ནུས་པ་འདོད་རྒྱུ་དང༌། དགག་སྒྲུབ་དཔྱད་བསྡུར་གྱི་ཆ་གཉིས་འཛོམས་པའི་ཀུ་ཡངས་ཀྱི་བསམ་བློ་ཞིག་ལ་གཞི་བཅོལ་དེ་ཐབས་ཤེས་འཚོལ་དགོས།

ལྔ། རེག་དུག་སྔོན་འགོག་གི་ཐབས་ཤེས་གཉིས།

ངའི་བསམ་པར་ད་ལྟའི་འུ་ཅག་གི་སྤྱི་ཚོགས་གནས་བབས་སོགས་ཕྱོགས་གང་ཐད་ནས་བལྟས་ན་རེག་དུག་སྔོན་འགོག་གི་ཐབས་ཤེས་གཉིས་འདུག གཅིག གོང་རིམ་ལ་ཁྲིམས་གཏུགས་སྙན་ཞུ་འབུལ་རྒྱུ་དང༌། གཉིས། གཞི་རིམ་མང་ཚོགས་ལ་རེག་དུག་འགོས་ནད་ཀྱི་ཉེན་ཚབས་སྐོར་གྱི་གོ་རྟོག་སྤེལ་རྒྱུ་དེ་རེད། གོང་རིམ་ལ་ཁྲིམས་གཏུགས་སྙན་ཞུ་འབུལ་ཕྱོགས་ནི། ས་གནས་སོ་སོའི་ཤེས་ལྡན་པ་དག་མཉམ་རོབ་ཀྱིས་འབྲེལ་ཡོད་ལས་ཁུངས་ལ་སྙན་ཞུ་ཕུལ་ཏེ་ས་ཁུལ་སོ་སོར་ཡོད་པའི་སྨད་འཚོང་སྤྲོ་ཁང་དག་ཁྲིམས་གཏུགས་བྱས་ཏེ་སྨད་འཚོང་མའི་བསྟི་གནས་དག་མེད་པ་བཟོ་རྒྱུ་དང༌། གཉིས་ནས་ས་གནས་བདེ་འཇགས་ལས་ཁུངས་གིས་གྲོང་ཁྱེར་དང་སྤྱི་ཚོགས་ཀྱི་བདེ་འཇགས་དོ་དམ་གྱི་འགན་འཁྲི་གཙང་ལེན་བྱེད་ཀྱིན་མེད་པའི་དངོས་དོན་ཐེར་འདོན་བྱ་རྒྱུ་དེ་རེད། གཞི་རིམ་མང་ཚོགས་ལ་གོ་རྟོག་སྤེལ་ཕྱོགས་ཀྱི་ཆ་ནས། རེག་དུག་འགོས་ནད་སྐོར་གྱི་དུས་དེབ་དང་ཚགས་པར་འགྲེགས་སྤེལ་དང་གཞི་རིམ་ས་ཁུལ་དུ་དངོས་སུ་སོང་སྟེ་རེག་དུག་འགོས་ནད་ཀྱི་ཉེ་ཁའི་རང་བཞིན་དང་སྔོན་འགོག་ལག་ཐབས་སོགས་ངོ་སྤྲོད་བྱས་ཏེ། མི་མང་རང་ངོས་ནས་འགོས་ནད་ལ་འཛེམས་དོགས་བྱེད་པའི་འདུ་ཤེས་བསྐྲུན་རྒྱུ་དེ་རེད། གལ་སྲིད་བོད་པའི་སྤྱི་ཚོགས་སུ་སྨད་འཚོང་མའི་རིགས་མེད་པ་བཟོ་ཐུབ་ཚེ་རེག་དུག་སྔོན་འགོག་ལ་ཕན་པ་ཁོ་ན་ཙམ་མ་ཡིན་པར། སྤྱི་ཚོགས་སྤྱིའི་ཤེས་ཡོན་དར་རྒྱས་དང་ཀུན་སྤྱོད་དག་གཙང་ཡོངས་པར་ཀྱང་ནུས་བ་གལ་ཆེན་འདོན་ཐུབ་པར་སེམས། དེ་བས། མཇུག་མཐར་ངས་ཡང་བསྐྱར་ཟིན་བྲིས་ཀློག་པ་པོ་རྣམས་ཀྱིས་སོ་སོའི་བསམ་ཚུལ་གང་ཡོད་པ་མཐའ་དག་ཁོག་ཏུ་སྦོས་མི་འདུག་པར། སྤྱི་ཚོགས་སུ་བཏོན་དེ་འུ་ཅག་གཞོན་སྐྱེས་ཚང་མས་རང་རེའུ་སྤྱི་ཚོགས་འདིར་མཉམ་རོབ་ཀྱི་ནུས་བ་ཞིག་འདོན་ཐུབ་རྒྱུར་རེ་བ་ཡོད་ལ། ཡིད་ཆེས་ཀྱང་ཡོད།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།