WedNovWed2018

སྤེལ་དུས་མཐའ་མ།09:45:57 AM GMT

རྩོམ་གསར།:

བོད་ཀྱི་རང་བྱུང་ཁོར་ཡུག་ངོ་སྤྲོད།

གངས་རི་དང་འཁྱག་རོམ།

བོད་ཀྱི་རང་བྱུང་ཁོར་ཡུག་གནས་སྟངས་དང་གྲུབ་ཆ་དེ་འཛམ་གླིང་རྒྱལ་ཁབ་གཞན་གྱི་ཁོར་ཡུག་དང་འདྲ་བའི་དར་རྒུད་དང་ཆགས་འཇིག་སྣ་ཚོགས་འབྱུང་བཞིན་ཡོད་པ་རེད། ཡིན་ནའང་རྒྱལ་ཁབ་གཞན་ལས་བོད་ཀྱི་ཁོར་ཡུག་གི་སྐམ་སའི་ཐོན་ཁུངས་བཟང་བ་དང༌། འབྱུང་ཁམས་གཙང་མ་ཡོད་པ་མ་ཟད། གནོད་སྐྱོན་གྱི་ཉེན་ཚབས་ཅུང་ཆུང་བ་ཡོད་པ་རེད། སྤྱིར་བོད་ཀྱི་ཁོར་ཡུག་གནས་སྟངས་སྐོར་རགས་ཙམ་གླེང་ན་འཛམ་གླིང་སའི་ཡང་ཐོག་གངས་ཅན་ལྗོངས་ཞེས་པ་འདི་དབྱར་དགུན་སྟོན་དཔྱིད་སོགས་དུས་བཞིའི་འགྱུར་བ་དང་ལྡན་ཞིང༌། བསིལ་དྲོད་སྙོམས་ལ་ནམ་མཁའི་གཡའ་དྭངས་བ། མཛེས་སྡུག་ཉམས་དགའི་དགེ་བཅུ་ཚང་བའི་ཡུལ་ལྗོངས་ཤིག་ཡིན་པ་དང༌། སྣོད་བཅུད་བཀོད་པ་ནི་ཕྱོགས་བཞི་མཚམས་བརྒྱད་ཆེས་མཐོ་བའི་བརྗིད་ཉམས་ལྡན་པའི་རི་བོ་མང་པོས་བསྐོར་ཞིང༌། དེ་དག་ནི་སྲིད་པའི་གངས་རི་དང༌། འཁྱག་རོམ། རྫ་རི། སྤང་རི། ནགས་རི། བྲག་རི་སོགས་ལས་གྲུབ་ཅིང༌། མུ་མཐའ་མེད་པའི་སྔོ་ལྗང་ཅན་གྱི་རྩྭ་ཐང་དང་སྤང་ལྗོངས་རྣམས་སུ་དྲི་ཞིམ་སྨན་རྩྭ་དང༌། རྩི་ཤིང༌། མེ་ཏོག་སྣ་ཚོགས་ཀྱིས་རྣམ་པར་བཀྲ་བ། རོ་བརྒྱ་དང་བཅུད་ལྡན་གྱི་འབྲུ་སྲན་སྣ་ལྔ་དང༌། ཤ་མར་ཐུད་གསུམ། ཤིང་ཐོག་དང་རང་བྱུང་སྔོ་ཚལ་རིགས་སོགས་སྣ་མང་འཛོམས་པའི་ཟས་བཅུད་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ། ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་ནགས་ཚལ་མང་ཞིང་ཤིང་སྣ་འདྲ་མིན་གྱི་ཐོན་ཁུངས་ལྡན་པ། རིན་བྲལ་གྱི་གཏེར་དངོས་ཐོན་ཁུངས་སྣ་མང་ཕུན་སུམ་ཚོགས་ཤིང་ཁྱད་དུ་འཕགས་པ། དྭངས་གཙང་ཡན་ལག་བརྒྱད་ལྡན་གྱི་གཙང་པོ་དང༌། ཆུ་བོ། རྒྱུག་ཆུ། མཚོ། མཚེའུ་སོགས་གྲངས་ལས་འདས་ཤིང༌། རི་ཀླུང་དེ་དག་ལ་གནས་པའི་གཅན་གཟན་རི་དྭགས་དང༌། འདབ་ཆགས་སོགས་སྲོག་ཆགས་རིགས་མི་འདྲ་བ་ཆེས་མང་པོ་རང་འདོད་ཅི་གར་རོལ་བས། བོད་གངས་ཅན་ལྗོངས་ནི་སྲོག་ཆགས་གླིང་ཁ་ཞེས་ཡོངས་སུ་གྲགས་པ་དེ་ཡིན།

བོད་གཞུང་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་གིས་ཕྱི་ལོ་ ༡༩༩༥ ལོར་དཔར་སྐྲུན་བྱས་པའི་བོད་ཀྱི་རང་བྱུང་ཐོན་ཁུངས་ཀྱི་གནས་བབས་ལ་ཐོག་མར་དཔྱད་པ་གཟུར་གནས་དགྱེས་པའི་འབེལ་གཏམ་ལས། “དུས་རབས་འདིའི་ལོ་རབས་ལྔ་བཅུ་བའི་མགོར་ཕྱོགས་གང་ས་ནས་རགས་རྩིས་བརྒྱབ་པ་ལྟར་ན། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ས་ཡ་གཉིས་དང་ལྔ་འབུམ་ ༢༥༠༠༠༠༠ ལྷག་ཡོད་པའི་བོད་ཡུལ་ཡོངས་ལ་ནགས་ལས་སུ་བེད་སྤྱོད་ཆོག་པའི་ས་རྒྱ་སྤྱི་ལེ་གྲུ་བཞི་མ་ཉིས་འབུམ་ལྔ་ཁྲི་ནས་སུམ་འབུམ་༢༥༠༠༠༠-༣༠༠༠༠༠ བར་ཡོད་པ་དང༌། གདོད་མའི་ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཉིས་འབུམ་ལྔ་ཁྲི་༢༥༠༠༠༠ཙམ་ཡོད།

༡༩༤༩ ལོའི་སྔོན་ལ་བོད་ཡོངས་སུ་རགས་རྩིས་བྱས་ཀྱང་ཤིང་ཆ་གསོག་ཚད་མི་ཊར་རྒྱ་དཔངས་གྲུ་བཞི་མ་ཐེར་འབུམ་གསུམ་དང་དུང་ཕྱུར་ལྔ་༣༥༠༠༠༠༠༠༠༠ལྷག་ཡོད་པ་དང༌།”ཞེས་སོགས་འཁོད་འདུག ད་དུང་ཚན་རིག་མི་སྣས་ཞིབ་འཇུག་བྱེད་སྐབས་བོད་ཡུལ་དུ་ཤིང་རིགས་མི་འདྲ་བ་ཆིག་སྟོང་ལྷག་དང༌། རྩི་ཤིང་རིགས་ལྔ་སྟོང་ལྷག་ཡོད་པ་སོགས་གསལ་འདུག ནགས་ཚལ་སྟུག་པོ་འདི་རིགས་བོད་ས་སྟོད་སྨད་བར་གསུམ་དུ་ཡོད་པ་དང༌། བོད་ས་ཁུལ་གྱི་ཤིང་ནགས་ནི་འཛམ་གླིང་ནང་ཤིང་ནགས་སྟུག་ཤོས་གྲས་སུ་ངོས་འཛིན་བྱེད་ཅིང༌། རྒྱ་ནག་ལ་ཡང་བོད་ཀྱི་ཀོང་པོ་དང༌། སྤོ་བོ། བདེ་ཆེན་ཁུལ་གྱི་ཤིང་ནགས་མཐུག་ཚད་ནང་བཞིན་ས་གནས་གང་ལ་ཡང་མེད་པར་གྲགས། ལྷག་པར་དུ་བོད་ཀྱི་ཤིང་ནགས་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པ་ཆེས་མང་བ་དང༌། ནགས་ཚལ་གྱི་ཐོན་ཁུངས་དང་མཁོ་སྤྱོད་ཆེས་ཆེ་ཞིང༌། ཤིང་གི་རྒྱུ་སྤུས་དག་པ། ཤིང་སྡོང་རིང་ཚད་དང་སྦོམ་ཚད་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཡོད་པའི་དཔལ་འབྱོར་གྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད།

རྩ་ཆེན་རྩི་ཤིང་སྨན་རྩྭ་ནི་གྲངས་ལས་འདས་ཤིང་དེ་དག་མང་པོ་འཛམ་གླིང་ས་གནས་གཞན་ལ་མཐོང་རྒྱུ་དཀོན་པ་དང༌། དཔེར་ན་དབྱར་རྩྭ་དགུན་འབུ་དང༌། ཨ་བྷི་ཁ་འམ་གཡར་གྲོ་སོགས་ཀྱིས་ཐོན་སྐྱེད་བྱས་པའི་སྨན་རིགས་ནི་ཕན་ཡོན་དང་ནུས་སྟོབས་ཤིན་ཏུ་ཆེ་བའི་དེང་སྐབས་རིན་གོང་ཆེ་ཞིང་འཛམ་གླིང་ནང་སྐད་གྲགས་ཡོངས་སུ་ཁྱབ་ཡོད།

དེ་བཞིན་བོད་ཆོལ་གསུམ་ཁྱོན་ལ་རིན་ཆེན་གཏེར་དངོས་སྣ་མང་ཕུན་སུམ་ཚོགས་པ་ཡོད་ཅིང༌། བོད་གཞུང་གི་འབྲེལ་ཡོད་ཡིག་ཆ་ཁག་ནང་གསལ་བ་ལྟར་ན་ད་ཕན་ཁུངས་ལྡན་གྱི་ར་སྤྲོད་བྱུང་བའི་གཏེར་ཁ་བརྒྱ་དང་ཉི་ཤུ་རྩ་དྲུག་ཙམ་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང༌། དེ་དག་ནང་རྡོ་རྗེ་ཕ་ལམ་དང༌། གསེར། ཟངས་སོགས་རིན་པོ་ཆེའི་རིགས་ཀྱི་རིན་ཐང་བྲལ་བའི་གཏེར་དངོས་རིགས་འདུས་ཡོད་པ་རེད།

བོད་ཀྱི་ས་མཐོའི་ཐང་ཆེན་ནི་འཛམ་གླིང་ནང་གཞི་རྒྱ་ཆེ་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཡོད་པ་མ་ཟད། ཨེ་ཤི་ཡའི་མཁའ་རླུང་གི་རྒྱུག་ཚད་དང་གནམ་གཤིས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དང༌། བོད་ཀྱི་ས་ཁྱོན་གྱི་བརྒྱ་ཆ་བདུན་ཅུ་ཙམ་རྩྭ་ཐང་ཡིན་པ་སོགས་བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་དཔར་སྐྲུན་བྱས་པའི་བོད་ཀྱི་རང་བྱུང་ཁོར་ཡུག་ངོ་སྤྲོད་དང༌། ད་ལྟའི་གནས་སྟངས། སྲུང་སྐྱོབ་སྐོར་ཞེས་པའི་དེབ་ནང་འཁོད་འདུག

ད་དུང་བོད་ནང་དྭངས་ཤིང་གཙང་ལ་གཡུ་ལྟར་སྔོ་བའི་མཚོ་དང་མཚེའུ་གྲངས་ ༢༥༠༠ ཙམ་དང༌། དེ་བཞིན་ཆུ་ཕྲན། རྒྱུག་ཆུ། གཙང་པོ་སོགས་བརྒྱ་ཕྲག་མང་པོ་མཆིས་ཤིང༌། བོད་ཀྱི་མཚོ་དང་མཚེའུ་གྲངས་ ༢༥༠༠ ཙམ་ཡོད་པས་དེ་དག་གི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༣༥༠༠༠ ལྷག་ཙམ་ཟིན་གྱི་ཡོད་ཅིང༌། གླིང་ཆེན་ཨེ་ཤི་ཡའི་ཆུའི་འབྱུང་ཁུངས་ཆགས་ཡོད་པ་དང༌། དཔེར་ན་བོད་ཀྱི་ཆུ་བོ་ཆེན་པོ་བཅུ་ཙམ་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ ༡༥ ལྷག་ཙམ་ནང་ཐད་ཀར་འབབ་ཏེ་ཡུལ་དེ་དག་གི་མི་མང་གི་འཐུང་ཆུ་དང༌། སོ་ནམ་ཞིང་ལས། གློག་ཤུགས་མཁོ་འདོན། བཟོ་ལས་ཚན་རྩལ་སོགས་ལ་ཕན་ཐོགས་རྒྱ་ཆེར་ཡོང་གི་ཡོད་པ་མ་ཟད། མི་མང་ས་ཡ་མང་པོར་བདེ་སྐྱིད་ཀྱི་འཚོ་གནས་སྦྱིན་ཐུབ་གྱི་ཡོད།

བོད་གངས་ཅན་ལྗོངས་ལ་འཛམ་གླིང་རྒྱལ་ཁབ་གཞན་ལ་མེད་པའི་རི་སྐྱེས་སྲོག་ཆགས་རིགས་མི་འདྲ་བ་བརྒྱ་ཕྲག་གཉིས་མ་ཟིན་ཙམ་དང༌། འདབ་ཆགས་རིགས་མི་འདྲ་བ་གྲངས་ཆིག་སྟོང་མིན་ཙམ། ཆུ་གནས་དང་ལྟོ་འགྲོ་སྲོག་ཆགས་རིགས་གྲངས་ཀྱིས་མི་ལང་བ་ཡོད་པ་དང༌། རི་སྐྱེས་སྲོག་ཆགས་ལ་མཚོན་ན། འབྲོང་དང༌། དོམ་ཁྲ། གཙོད་སོགས་དང༌། འདབ་ཆགས་སྐོར་ཁྲུང་ཁྲུང་སྐེ་ནག་དང༌། བྱ་ཝང༌། གོང་མོ། ངང་པ་སོགས་ནི་འཛམ་གླིང་ཡུལ་ཁམས་གཞན་ལ་མཐོང་རྒྱུ་མེད་པ་ཤ་སྟག་ཡིན།

བོད་ལ་འཁྱག་རོམ་ཆེ་ཆུང་གྲངས་ ༤༠༠༠ ལྷག་ཡོད་པའི་ཨེ་ཤི་ཡའི་འཁྱག་རོམ་གྱི་བརྒྱ་ཆ་ ༤༠ ཙམ་ཟིན་གྱི་ཡོད། བོད་ཀྱི་སྲིད་པའི་གངས་རི་དང་འཁྱག་རོམ་དེ་དག་ནི་འཛམ་གླིང་གི་གནམ་གཤིས་ཚ་དྲོད་ལ་འགྱུར་བ་གཏོང་ཐུབ་པའི་ནུས་པ་ལྡན་ཞིང༌། ཆུ་བོ་ཆེན་པོ་དག་གི་འབྱུང་ཁུངས་ཡང་ཡིན། བོད་ཀྱི་རང་བྱུང་ཁོར་ཡུག་དང༌། སྐྱེ་དངོས། གཏེར་ཁ། ཤིང་ནགས། རྩི་ཤིང་སྨན་རྩྭ། རི་སྐྱེས་སྲོག་ཆགས། འབྱུང་ཁམས་གཙང་མ། ཆུ་བོ། ས་གཤིས་སོགས་མདོར་ན་ཁོར་ཡུག་གི་ཐོན་ཁུངས་དང་སྤུས་ཚད། མཛེས་ཉམས་སོགས་འཛམ་གླིང་རྒྱལ་ཁབ་གཞན་གྱིས་དོ་ཟླ་བྲལ་ཞིང༌། འཛམ་གླིང་རྒྱལ་ཁབ་མང་པོས་ཡིད་སྨོན་སྐྱེ་ཡུལ་ཞིག་ཆགས་ཡོད་པ་རེད།

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་འཕྲིན་དྲ་བ།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།