TueOctTue2017

སྤེལ་དུས་མཐའ་མ།07:11:05 AM GMT

རྩོམ་གསར།:

སྲོལ་རྒྱུན་ལས་ཁོར་ཡུག་སྲུང་སྐྱོབ་གླེང་བ་མེས་པོའི་ཞལ་ལུང་།

བོད་ཀྱི་དམངས་ཁྲོད་སྲོལ་རྒྱུན་ལས་ཁོར་ཡུག་སྲུང་སྐྱོབ་གླེང་བ་མེས་པོའི་ཞལ་ལུང་།

བོད་ནི་གནའ་བོའི་ཤེས་རིག་དར་བའི་མི་རིགས་ཤིག་ཡིན་པས། དམངས་ཁྲོད་ཀྱི་ལུགས་སྲོལ་དང་གོམས་གཤིས་ཐམས་ཅད་བོན་དང་བན་གྱི་ཆོས་གཉིས་གྱི་ཤན་ཞུགས་པ་ཤ་སྟག་ཡིན།

བོན་གྱིས་འཇིག་རྟེན་གྱི་ཁམས་འདི་ལྷ་ཀླུ་མི་གསུམ་གྱི་གྲུབ་པས། གཅིག་ལ་གནོད་པ་བྱས་ན། ཅིག་ཤོས་ལ་གནོད་པ་ཐེབས་འགྲོ་བའི་ལྟ་བ་བཏོན་ཏེ། མི་དང་རང་བྱུང་ཁམས་བར་གྱི་སྙོམས་སྒྲིག་དང་འཆམ་མཐུན་གྱི་ནུས་པ་བླ་ལྷག་ཏུ་སྤེལ་བ།

མ་ཟད་ལྷ་གསོལ་བསང་གཏོང༌། མོ་དཔྱད་རྩིས་འདེད་ལུགས་སྲོལ་དང༌། བན་གྱི་འཇིག་རྟེན་གྱི་ཁམས་ནི་རྟེན་ཅིང་འབྲེལ་བར་འབྱུང་བས་རྟེན་འབྲེལ་གྱི་རིག་པ་རྩལ་དུ་བཏོན་ནས་ཕྱིའི་རྒྱུ་འབྲས་དང༌། ནང་གི་རྒྱུ་འབྲས། གསང་བའི་རྒྱུ་འབྲས་ཀྱི་སྟེང་ནས་འཇིག་རྟེན་གྱི་ཆགས་གནས་འཇིག་སྟོང་བརྗོད་པ་དང། མི་དང་རང་བྱུང་ཁམས། མི་དང་དུད་འགྲོ་མི་དང་སེམས་ཅན་ཐམས་ཅད་ཀྱི་བར་དུ་རྒྱུ་འབྲས་དོ་མཉམ་གྱི་ལྟ་བ་བཏོན་ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་མཐར་ཐུག་ཤིག་ལ་སྙེགས་པ་ལས། སྲོག་གཅོད་པ་དང་མ་བྱིན་ལེན། མི་ཚངས་སྤྱོད་ལ་སོགས་པའི་མི་དགེ་བ་བཅུ་སྤོང་དགོས་པའི་བླང་བྱ་བཏོན་པ་ལྟར་རིག་གནས་ནི་མི་རིགས་ཤིག་གི་བསམ་བློའི་སྲོག་རྩ་ཡིན།

དེར་བརྟེན་དམངས་ཁྲོད་ཀྱི་གོམས་སྲོལ་ཡང་དེ་དང་རྗེས་ཟློས་ལགས། དཔེར་ན་ལྷ་གསོལ་བའི་ལྷ་ནི་སངས་རྒྱས་དང་སུམ་ཅུ་རྩ་གསུམ་གྱི་ལྷ། ཡུལ་ལྷ་གཞི་བདག་གི་ལས་སྐབས་སུ་བབས་པ་ཡུལ་ལྷ་ལགས་པ། ང་ཚོ་བོད་པའི་ཡུལ་དུ་ལྷ་འདྲེ་གདོན་བགེགས་ལས་བྱུང་བའི་ནད་རིགས་ཀྱང་མང་བོ་ཞིག་ཡོད་པའི་ངོས་ཟིན་ལས་ནད་ལ་ཕྱིའི་འབྱུང་བ་ལུས་ཀྱི་ནད་དང་ནང་སེམས་ཁམས་ཀྱི་ནད་དགར་དུ་རུང་ལ། མི་གཙང་བའི་དུག་རྫས་བསྲེགས་ནས་ཡུལ་ལྷ་ལ་མནོལ་གྲིབ་ཕབ་པ་དང༌། ཡུལ་ལྷ་གནས་རི་བརྐོ་སློག་དང་གནས་རིའི་རི་དྭགས་བརྔོན་པ་སོགས་ལས་ཡུལ་ལྷར་ཕོག་ཐུག་བྱུང་བ། ཡུལ་ལྷ་བསང་གསོལ་དང་ཐུགས་དམ་བསྐང་བ་དང་འགྱོད་བཤགས་སོགས་བྱ་དགོས། ད་ལྟ་རང་རེ་ལའང་ལྷ་ཡོད་པར་ཁས་ལེན་མཁན་དང་མི་ལེན་མཁན་གཉིས་སུ་ཡོད་པས་དེ་ལ་ཐུགས་དོགས་མི་དགོས།

འདི་ལྟར་བྱེད་དགོས་པའི་རྒྱུ་མཚན་ནི་ཁྱེད་ཅག་གིས་ལྷ་ཁས་ལེན་རུང་མི་ལེན་རུང་དམ་པ་གོང་མ་རྣམས་ཀྱིས་འགྲོ་བ་མིའི་རིགས་དགྲ་བཅོམ་པ་གཙོ་བྱས་སྲོག་ཆགས་དུད་འགྲོ་ཐམས་ཅད་ལ་མཁའ་དབུགས་དྭངས་མ་དང་ས་ཆུ་གཙང་མ་ཞིག་འདོན་སྤྲོད་བྱེད་ཆེད། དུག་ལྡན་གྱི་དངོས་པོ་མི་བསྲེག་རྒྱུ་དང༌། དེ་ལ་བཅོས་ཀ་བྱ་བར་ཤུག་པ། མཁན་པ། བ་ལུ་སོགས་རང་བྱུང་སྤོས་ལྡན་གྱི་རྩི་ཤིང་བསྲེགས་ནས་དུག་སེལ་བྱ་བ་ཡིན། ས་བརྐོ་རྡོ་སློག་མི་བྱེད་རྒྱུར་ས་འདི་ནི་ཡུལ་ལྷ་ག་གེ་མོའི་གནས་རི་ཡིན་ཞེས་དེ་ལ་ལབ་ཙེ་བསྟད་ནས་ས་རྟགས་བརྒྱབ་པ་དང༌། ཡང་དེའི་མཐའ་འཁོར་གྱི་རི་དྭགས་ཐམས་ཅད་གཞི་བདག་གི་སྒོ་ཟོག་ཡིན་པས་རྔོན་མི་རུང་བའི་ཐབས་ལམ་དུ་མ་བསྟན་པ་ནི་མིང་ལ་ཆོས་ལུགས་ཀྱི་ཆོ་ག་ལྟ་བུ་ཞིག་བྱེད་མོད། དོན་དུ་དེང་རབས་ཀྱི་འགྲོ་བ་མིའི་རིགས་ཀྱིས་དོ་སྣང་བྱེད་བཞིན་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐབས་ཤེས་ལེགས་གྲས་ཤིག་མ་ཡིན་ནམ།

ཡང་མོ་རྩིས་བྱ་བ་ནི་ཉི་མ་དེ་རིང་གི་གཟའ་དང་སྐར་མ་སོགས་རྒྱུ་སྐར་གྱི་རྒྱུ་བ་ཕྱི་རོལ་འཇིག་རྟེན་གྱི་སྣང་ཚུལ་དང་ཚུར་རོལ་མིའི་འབྱུང་ཁམས་ཀྱི་རྒྱུ་བའི་འཕྲོད་སྦྱོར་ལ་བརྟེན་ནས་ལས་འདི་བྱེད་ཆོག་པ་དང་མི་ཆོག་པའི་རྩིས་དང་མོ་ལུང་ལ་བརྟེན་ནས་བྱ་བའི་ལེགས་ཉེས་བརྟག་པའི་སྔོན་བརྡ་ཞིག་ཡིན་མོད། ཡང་དེར་མི་ཕལ་མོ་ཆེས་རྩིས་ཀྱི་ཡོན་ཏན་དང་རང་གི་ཡི་དམ་དང་ལྷ་གང་རུང་གི་བསྙེན་སྒྲུབ་མ་འཁྱོལ་བར་མོ་རྩིས་བྱེད་ཁུལ་གྱི་རྫུན་སྨྲ་བའི་སྣང་ཚུལ་ཡོད་པས། ལྷ་བ་མོ་བ་རྩིས་པ་གསུམ།། འཇིག་རྟེན་ཁམས་ཀྱི་ཤོབ་སྐྱ་གསུམ།། ཞེས་གྲགས་པའི་རྗེས་སུ་འབྲངས་པ་ཡོད་མོད། ཡིན་རྒྱུ་ནི་རྒྱུ་མཚན་གཏན་ཁེལ་བ་དང་གཞུང་ལུགས་ངེས་ཅན་ཞིག་ལ་བརྟེན་ནས་བརྟག་པ་ཡིན་པས་འོལ་ཚོད་དང་གཉིས་སུ་སྣང༌།

སྤྱི་ལོ2003ལོར། ང་རང་སྲོལ་རྒྱུན་རིག་གནས་དང་སྣ་མང་རང་བཞིན་ཅན་གྱི་སྐྱེ་དངོས་སྲུང་སྐྱོབ་ཅེས་པའི་རྒྱལ་སྤྱིའི་ཚོགས་འདུ་ཞིག་ལ་ཞུགས་ནས་ཚོགས་ཐོག་ཏུ་གཏམ་བཤད་སྤེལ་བར་འདི་ལྟར་བཤད་མྱོང༌། ད་ལྟ་ང་ཚོ་འཛམ་བུ་གླིང་གི་འགྲོ་བ་མིའི་རིགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་མོད། ངས་བལྟས་ན་རྩ་བ་ནས་ཡོང་གི་མེད་པ་འདྲ། རྒྱུ་མཚན་ནི། ཁོར་ཡུག་སྲུང་སྐྱོབ་ཅེས་པ་ཕྱི་འཇིག་རྟེན་གྱི་ཁོར་ཡུག་ས་རྡོ་རི་ཆུ་ལ་སོགས་པ་སྲུང་སྐྱོབ་དང་ནང་སེམས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ངེས་ཤེས་གཉིས་ལས་ནང་སེམས་གཙོ་བོ་འཛིན་དགོས་པར་འདོད། ད་ལྟ་མིའི་རིགས་ཀྱིས་མི་གཙོ་བོར་གྱུར་བའི་དུད་འགྲོ་དང་ཁོར་ཡུག་སོགས་ལ་སྲུང་སྐྱོབ་བྱེད་དགོས་པར་འདོད་པ་ནི་གུ་དོག་པའི་བསམ་ཚུལ་ཞིག་སྟེ། མིའི་ཆེད་དུ་སྲོག་ཆགས་བསད་གསོད་དང་ས་བརྐོ་རྡོ་སློག ཤིང་ནགས་བཅད་གཅོད། ཆུ་བོ་རྫོབ་སྒྱུར། མཁའ་དབུགས་འབག་བཟོ་བྱས་ན་ཆོག་རྒྱུ་རེད། དེས་ན་མི་དང་རང་བྱུང་ཁམས། མི་དང་སྲོག་ཆགས། སེམས་ཅན་གྱི་བར་དུ་འདྲ་མཉམ་མ་བྱུང་བས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་དོ་སྙོམས་ཡང་དཀའ་རྒྱུ་རེད། ང་ཚོ་བོད་པས་གནའ་ནས་བཟུང་བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་རྩིས་ཟིན་ནས་མ་གྱུར་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་བ་གཅིག་ཀྱང་མེད་ཅེས་སློབ་གསོ་སྤྲད་ནས་ད་གཟོད། ཁྱེད་ཅག་རྣམ་པས་ཁས་ལེན་པའི་གདོད་མའི་རྣམ་པ་ཅན་གྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ལེགས་གྲས་ཀྱི་ཡུལ་ཉེར་བཞིའི་ཡ་གྱལ་དུ་ཚུད་པ་རེད། ཡང་གཅིག་བཤད་ན་ང་ཚོའི་རྩིས་ཀྱི་རིག་པས་ཕྱིའི་འཇིག་རྟེན་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་ཀྱི་བརྟན་གཡོའི་རྒྱུ་སྐར་ཐམས་ཅད་ཀྱི་འགྱུར་ལྡོག་སྣང་ཚུལ་བསམ་གཞིག་གཏོང་གི་ཡོད་པ་ལས། ས་སྒང་འདི་གཅིག་པོ་སྲུང་སྐྱོབ་བྱེད་གི་མེད། དེ་བས་ང་ཚོ་བོད་རིགས་ཀྱིས་སྨྲ་བའི་སྐྱེ་ཁམས་དོ་སྙོམས་དང་ཁོར་ཡུག་སྲུང་སྐྱོབ། འཇིག་རྟེན་ཞི་བདེ་སྨྲ་བ་ནི་ཇི་འདྲའི་བློ་ཁོག་ཡངས་པ་རྒྱ་མཚོའི་མཐའ་དང་ནམ་མཁའི་མཐོངས་མ་ཡིན་ནམ་ཞེས་བཤད་པ་ལ་ཚོགས་ཞུགས་པ་ཡོངས་ནས་རྗེས་སུ་ཡི་རང་ཀྱི་ཐལ་མོ་བརྡབས་བྱུང༌།

ཡང་འདས་མཆོད་སྒྲུབ་པ་ལ་ལུགས་སྲོལ་མི་འདྲ་བ་མང་པོ་མཆིས་རེ་རེ་ནས་རྒྱུ་མཚན་མེད་པ་ག་ལ་ཡིན་ཏེ། དཔེར་ན། འདས་པོ་ཞིག་ནད་ཀྱིས་ཐེབས་ནས་སྨན་བཅོས་བྱས་ནས་ཤི་བ་ཞིག་ཡིན་ན། སྨན་དུག་དང་དུག་སྨན་ཟེར་བ་ལྟར་ངེས་པ་མེད་པ། དུག་འགོག་སྲུང་གི་ཆེད་དུ་ངེས་པར་སྦྱིན་སྲེག་བྱ་བ། དེ་མིན་ལོ་ཆུང་དང་ཚེ་ཚད་མ་ཡིན་པར་རྐྱེན་ངན་དུ་གྱུར་བ། ཆུར་འཕེན་པ། དེའི་ཤ་ཁྲག་གདོས་བཅས་ཀྱིས་ཆུར་གནས་པའི་ཉ་རིགས་སོགས་འབུ་སྲིན་ཆེ་ཕྲ་རྣམས་ལ་ལུས་སྦྱིན་གཏོང་བ། དེ་མིན་རང་བཞིན་གྱིས་ཚེ་ལོ་མཐར་ཕྱིན་པ་ཐང་དཀར་རྒོད་ལ་བྱ་སྦྱིན་བྱ་བ་གང་ཡང་རུང་ཚེ་ཡི་འདུ་བྱེད་བཏང་ཚར་བའི་ཤུལ་དུ་ལུས་པའི་ལུས་པོས་ཀྱང་དགེ་བ་གང་ལེགས་རེ་བྱེད་པ། དུར་ས་མང་བོ་ལས་ནས་མི་རབས་རྗེས་མའི་ཁ་ཟས་ཞིང་ས་མི་གཅོད་པའི་ལུགས་སྲོལ་ཡག་པོ་ཡོད་དོ།།

ཡང་ཚེ་ཐར་གཏོང་བ་ནི་བོད་ཀྱི་དམངས་ཁྲོད་དུ་ཁྱབ་རྒྱ་ཆེ་བས། ཆོས་ལུགས་ཡིན་ནའང་འདྲ། དམངས་སྲོལ་གྱི་ལུགས་སྲོལ་ཡིན་ནའང་འདྲ། གང་ལྟར་གཞན་ལ་འཚེ་བ་མི་བྱེད་པ་དང༌། རང་གཞན་གྱི་སྲོག་གི་རིན་ཐང་འདྲ་མཉམ་དང་བརྩི་བཀུར་གྱི་སྟེང་ནས་གཞན་འཚེ་འཇིགས་པ་དང་སྡུག་བསྔལ་ལས་ཐར་བར་བྱེད་པའི་བྱ་སྤྱོད་ཅིག་སྟེ། འདི་ནི་དམ་པ་ལྷ་ཆོས་ལས་མང་པོ་གསུང་ཡོད་པས་འདིར་རྒྱས་སྤྲོས་མི་བྱའོ།། འཇིག་རྟེན་ཆོས་ཉིད་ཀྱི་སྟེང་ནས་བཤད་ན་རྒྱུ་འབྲས་ཀྱི་རིག་པ་ཞིག་སྟེ་ཕ་རོལ་བོར་ཕན་བཏགས་ན་རང་ལ་ཕན་བཏགས་པ་དང༌། ཕ་རོལ་བའི་ཚེ་སྲོག་བསྐྱབ་ནས་ཚེ་སྦྱིན་བྱས་ན་རང་གི་ཚེ་རིང་བ། དཔེར་ན། དབུགས་ཆད་ལ་ཉེ་བའི་མི་ནད་པ་ཞིག་ལ་མཚོན་ན། སྨན་ཁང་དུ་སོང་ནས་དབུགས་ཐུན་བརྒྱབ་ན་ཕན་པ་ཡོད་པ་མངོན་སུམ་གྱིས་གྲུབ་པས་སེམས་ཅན་གྱི་སྲོག་བླུས་ཏེ་ཚེ་སྲོག་གི་རྒྱུན་བསྲིངས་པ་ཡང་ཕན་ཡོན་འདྲ་འདྲ་ཡིན་ནོ།། འཇིག་རྟེན་ཁམས་ཀྱི་དངོས་པོ་རྩ་ཆེན་ཐམས་ཅད་རང་གི་མདུན་དུ་སྤུངས་ཀྱང་རང་སྲོག་དང་བརྗེ་རྒྱུ་ཕངས་པ་ལྟར། ཚེ་སྲོག་ནི་རིན་ཐང་གཞལ་དུ་མེད་པའི་རིན་པོ་ཆེ་ཉག་ཅིག་ཡིན། ཁྱེད་ཀྱིས་སེམས་ཅན་གྱི་ཚེ་སྲོག་དེ་བླུས་ན་རིན་ཐང་དེ་དང་མཉམ་པའི་དགེ་ཚོགས་ཀྱི་བསོད་ནམས་བསྐྲུན་ཡོད། གཞན་ཡང་སེམས་ཅན་དེ་དག་རང་རང་གནས་སའི་རང་བྱུང་ཁམས་ལ་བཏང་བ་ནི་བཙོན་མ་ཞིག་བཙོན་ཁང་ལས་བླངས་ནས་རང་གི་ཕ་ཡུལ་དུ་བསྐྱལ་བ་ལྟ་བུ་ཞིག་ཡིན།

བོད་མིས་རང་བྱུང་ཁོར་ཡུག་དང་མཐུན་པར་རྡོ་ཡོད་ས་ན་རྡོ་ཡི་ཁང་བ་ལས། ཤིང་ཡོད་སར་ཤིང་གི་ཁང་བ་ལས། ས་ཡོད་སར་ས་ཡི་ཁང་བ་ལས། ས་ཞིང་རྡོ་མང་ས་ནས་ཞིང་གཉའ་དང་ཞིང་མཐའ་རུ་རྡོ་ཆེན་པོ་བཏུས་ནས་ཞིང་བརྩིགས་བརྒྱབ། རྡོ་ཆུང་ཐམས་ཅད་ཕྱོགས་གཅིག་ཏུ་སྤུངས་ནས་བླ་མ་གདན་དྲངས་ནས་ཆོས་འདོན་པ་དང་རབ་གནས་བྱས་ཏེ་མ་ཎི་རྡོ་འབུམ་བརྩིགས། ཕྱིས་སུ་མི་ཚང་མས་ལས་ཀ་ལས་པའི་སྣང་བ་མེད་པར་རང་རྟོགས་སྒོས་རྡོ་ཆུང་དང་རྡོ་ཡག་པོ་བཏུས་ནས་སྟེང་དུ་སྤུངས་ཏེ་དགེ་བར་རློམ། འདི་དག་ཐམས་ཅད་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་ཀྱི་བྱ་འགུལ་ཞིག་ཡིན།

ཆུ་ཐམས་ཅད་ཀྱི་འབྱུང་ཁུངས་ཆུ་མགོའི་སྟེང་མ་ཎི་རྡོ་འབུམ་བརྩིགས་པའམ་རྡོ་ཆེན་པོའི་སྟེང་ཆུ་ལྷ་བརྐོ་སྲོལ་ཡོད་པས། ཚང་མས་དོ་སྣང་བྱ་རྒྱུ་ལས་གང་བྱུང་མང་བྱུང་བྱ་ཐུབ་པ་མ་རེད། ཡང་ན་ཆུའི་ཆེ་ཆུང་དང་བསྟུན་ནས་མ་ཎི་འཁོར་ལོ་ཆེ་ཆུང་བསྐོར་སྲོལ་ཡོད།༼རང་འཁོར༽ཡང་བཤད་རྒྱུན་ལ་ཆུ་མགོ་ན་ཀླུ་གནས་པས་སྦལ་བ་དང་ལྕོང་མོ་ཐམས་ཅད་ཀླུ་མོ་ཡིན་པས་གསོད་མི་ཉན། ཆུ་མགོ་དཀྲུགས་མི་ཉན། དཀྲུགས་ན་རྨ་རིགས་དང་མཛེ་ནད་ཕོགས་པ་དང༌། ཡང་ན་རྐང་ལག་སྦྲིད་པ་དང་ཞ་བའི་ཉེན་ཁ་འབྱུང་བར་བཤད།

གནའ་བོའི་ཤིང་སྡོང་ཆེན་པོ་ལ་དར་ལྕོག་གམ་ཇོ་དར་བཏགས་ནས་མཆོད་པ་བྱ་སྲོལ་ཡོད་ལ། དེ་མིན་ཚོང་བ་ག་གེ་མོ་དང་རླབས་ཆེན་གྱི་སྐྱེས་བུ་སུ་དང་སུའི་བླ་ཤིང་ཡིན་པའི་བཤད་སྲོལ་ཡོད་པས་དེ་ལ་གཅེས་སྤྲས་བྱེད། ཡང་ཤིང་སྡོང་ལ་ལའི་ཡལ་ག་ཐམས་ཅད་བལ་སྐུད་སོགས་ཀྱིས་གཡོགས་ནས་ཤིང་ལ་ཚེ་ཐར་བྱ་སྲོལ་ཡོད། ཤིང་སྡོང་ཆེན་པོ་ཁང་བའི་དཀྱིས་ཀ་གཅོད་དུས། བླ་མར་ལུང་བསྟན་ཞུས་ནས་ཉི་མ་སྐར་མ་ལེགས་པར་བལྟོས་ཏེ་ལྷ་བསང་བཏང་ནས་གཅོད་སྲོལ་ཡོད། རང་བཞིན་གྱི་ཤིང་གཅོད་དུས་ཀྱང་དུས་ཚིགས་ཀྱི་རང་བཞིན་དང་ཤིང་སྡོང་གི་ཚིགས་མཚམས་ནས་བཅད་དེ་སླར་སྐྱེ་ཐུབ་པར་བྱ། ཤིང་སྡོང་འབྲས་བུ་ཅན་གྱི་སྟེང་དུ་འབྲས་བུ་བླངས་རྗེས། ཤུལ་དུ་ཤིང་སྡོང་གི་སྐལ་དུ་སིལ་ཏོག་འབྲས་བུ་འགའ་ཤས་བསྐྱུར་སྲོལ་ཡོད། དེ་ཡང་ཤིང་སྡོང་རང་གི་རང་ཉིད་འཛད་སྤྱོད་བྱེད་པའི་རང་བྱུང་ཞིག་རེད་སྙམ།


རི་དྭགས་ནི་གཞི་བདག་གི་བླ་བུ་ཡིན་པར་བཤད་དེ་རི་དྭགས་གསོད་མཁན་དེ་མི་གྲལ་ནས་ཕུད་སྲོལ་ཡོད། ས་ཆ་ལ་ལ་ནས་ཆོ་བའམ་གྲོང་སྡེ་ག་གེ་མོ་ནས་རི་དྭགས་བསད་པ་ཡུལ་ཕྱོགས་དེའི་དགོན་པས་ཤེས་ཚེ་གྲོང་ཚོ་དེའི་སྐུ་རིམ་བཅའ་བའམ་མི་ཤི་བའི་བསྔོས་མགོར་མི་འགྲོ་བའི་གནད་དོན་ཆེན་པོར་ཐུག་འགྲོ། སྤྱང་ཀིས་རི་དྭགས་གསོད་པ་ལས་གཞན་བོད་པའི་ཁ་གསོ་བརྟེན་གྱི་ཕྱུགས་ཟོག་ལ་ཐད་ཀར་གནོད་པ་གཏོང་བས་སྤྱང་ཀི་གསོད་ཅིང༌། ད་སྔ་སྲིད་གཞུང་གིས་སྤྱང་ཀི་བསད་མི་ཆོག་པའི་རི་རྒྱ་ལུང་རྒྱ་སྔོན་ནས་ད་ལྟའི་བར་དུ་ཡོད་པ་མ་ཟད། སྤྱང་གསོད་ཀྱིས་སྤྱང་ཀིའི་པགས་པ་ཁུར་ནས་ཁྱིམ་ཚང་སོ་སོའི་སྒོ་ཁར་སོང་ནས་དཔའ་དར་འཐེན་སྲོལ་ཡོད།

ཨ་བྲས་རྩྭ་སར་ཐད་ཀར་གནོད་པ་གཏོང་བས། ཨ་བྲ་ནི་བོད་པའི་རྩྭ་ཐང་གི་དགྲ་བོ་ཡིན་མོད། འོན་ཀྱང་ད་ལྟའི་ནང་བཞིན་ཨ་བྲ་གསོད་སྤྱད་དུ་དུག་སྟེར་སྲོལ་མེད། སྔོན་ཆད་ཡིན་ན་སྐུ་རིམ་བཅའ་ཁ་བཟློག་ཁ་བྱས་ནས་གཏོར་མ་མང་བོ་འཕེན་སྲོལ་ཡོད། ཡིན་རྒྱུ་ཁོ་ནི་ཡི་དྭགས་ཀྱི་རིགས་ཡིན་ཟེར་སྲོལ་ཡོད། ཐབས་ཤེས་དེ་སྤྱད་ན་འགྲིག་འདུག དེ་མིན་རང་བྱུང་གི་གླག་གླག་མོ་མང་ན་ཁོ་རང་ཤུགས་ཀྱིས་ཉུང་འགྲོ། རྩྭ་ཐང་དུ་གླག་མོ་འབབ་སའི་བརྟེན་གཞི་ཤིང་རྒྱུགས་པ་རེ་ས་མཚམས་སུ་འཛུགས་དགོས། ད་ལྟ་སྲིད་གཞུང་གིས་རྩྭ་འཛུགས་བྱས་ནས་དུག་འཕེན་པ་ནི་རང་བྱུང་ཁོར་ཡུག་ལ་གནོད་པ་ཇེ་ཆེར་འགྲོ། རྒྱུ་མཚན་ནི་ཨ་བྲ་ཤི་བའི་རོ་དེ་གླག་གླག་མོ་དང་ཁྭ་ཏ་སོགས་བྱ་རིགས་ཀྱིས་ཟོས་ན་བྱ་རིགས་དེ་ཤི། བྱ་ཤི་བའི་རོ་དེ་གཅན་གཟན་རིགས་ཀྱིས་ཟོས་ན་དེ་དག་ཤི་འགྲོ་བའི་ཉེན་ཁ་ཆེན་པོ་འདུག་པ་མྱོང་གྲུབ་རེད།

ལོ་རྙིང་གི་ཉིན་དགུ་ཡི་ནང་རྫོགས་ཆེན་ནས་སྒྲུབ་པ་ཚོགས་ནས་གཏོར་མ་འཕེན། དེ་དུས་ལོ་དེའི་ནང་རྫོགས་ཆེན། ཤར་ལྷོ་ནུབ་བྱུང་གིས་མཚམས་བཤད་པའི་ནང་ཕྱོགས་རི་རྒྱ་ལུང་རྒྱ་བསྡམ་པ་ལ་གནོད་པ་གཏོང་མཁན་མྱུར་དུ་སྐྲོད་ཅིག་ཅེས་གཏོར་མ་བརྡབ་སྲོལ་ཡོད།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།