MonOctMon2017

སྤེལ་དུས་མཐའ་མ།07:11:05 AM GMT

རྩོམ་གསར།:

རྒྱ་གར་གྱི་ཡབ་ཆེན་གྷན་ངྷི་མཆོག་གི་ལོ་རྒྱུས་མདོར་བསྡུས།

རྒྱ་གར་གྱི་ཡབ་ཆེན་གྷན་ངྷི་མཆོག་དང་ཐེ་ཀོར་མཆོག་ལྷན།

རྒྱ་གར་གྱི་ཡབ་ཆེན་གྷན་ངྷི་མཆོག་༼༡༨༦༩།༡༠།༢ནས་༡༩༤༨།༠༡།༣༠ ༽དང༌། བློ་འབྱེད་པ་ཆེན་མོ་ཉི་དབང་མགོན་པོའམ་ཐེ་ཀོར་མཆོག
ལེ་སུ་ལེ། ལེ་བེ་ཊས་བརྩམས། རླངས་ཚང་བསོད་ནམས་རྡོ་རྗེས་《རྒྱ་གར་གྱི་གྲགས་ཅན་མི་སྣ་བཅུ།》ཞེས་པའི་དེབ་ལས་བདམས་ཏེ་བསྒྱུར།

སྤྱི་ལོ་གཅིག་དགུ་ཞེ་བརྒྱད་ལོའི་ཟླ་དང་པོའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར། སྐུ་ན་ཅུང་ཟད་བགྲེས་པའི་མི་ཞིག་རང་གི་བཞུགས་ཤག་གི་སྒོ་ར་བརྒྱུད་ཧིན་དྷུ་ཆོས་པ་ཚོའི་སར་འགྲོ་བའི་ལམ་ཁར། གློ་བུར་དུ་མེ་མདའི་སྐད་སྒྲ་བཞི་རིམ་པར་གྲགས་སྐབས་བགྲེས་པོ་ཁོང་དེ་མུར་ཐང་ལ་འགྱེལ། མཚན་མོ་དེར་ཁོང་གི་བློས་ཐུབ་ཀྱི་གྲོགས་པོ་པཎ་ཌི་ཏ་ནེ་ཧ་རུས་(Nehru)རླུང་འཕྲིན་བརྒྱུད། འོད་སྣང་ང་ཚོའི་མི་ཚེ་དང་རྒྱང་དུ་གྱེས་པས། འཇིག་རྟེན་མུན་པས་ཁེངས་སོང་ཞེས་རྒྱ་གར་མི་དམངས་ལ་ཁྱབ་བསྒྲགས་བྱས། ལོ་ན་ཅུང་ཟད་བགྲེས་པའི་རླབས་ཆེན་མི་སྣ་ཁོང་མཧཱ་ཏ་མ་གྷན་དྷི་མཆོག་ཡིན་ཞིང༌། ཁོང་གི་སྐུ་ཚེའི་མཛད་རྣམ་མི་ཤེས་མཁན་སུ་ཞིག་ཡོད། མཧཱ་ཏ་མ་གྷན་དྷི་མཆོག་ནི་སྤྱི་ལོ་༡༨༦༩ཟླ་༡༠ཚེས་༢ཉིན་རྒྱ་གར་ནུབ་ཕྱོགས་སུ་གཏོགས་པའི་པོར་པན་དཱར་ཞེས་པར་སྐུ་འཁྲུངས་ཤིང༌། མོ་ཧཱན་ཏ་ས་ནི་(Mohandas)ཁོང་གི་མཚན་གྱི་ཐོག་མ་དེ་ཡིན་ཞིང་དེའི་དོན་རླབས་ཆེན་གྱི་བླ་སྲོག་ཅེས་པ་ཡིན་ལ། ཚིག་ཐུང་ངུ་འདི་ནི་ཁོང་གི་མཚན་མགོར་ཕྱིས་སུ་ཐོགས་པ་ཞིག་རེད། གྷན་དྷི་མཆོག་གི་ཁྱིམ་རྒྱུད་ཀྱིས་སྲིད་གཞུང་གི་གོ་གནས་གལ་ཆེན་རྒྱུན་རིང་བཟུང་བ་དང༌། ཁོང་གི་ཡབ་ཀྱང་རྒྱ་གར་མངའ་སྡེ་ཞིག་གི་ལས་གནས་མཐོ་བའི་ལས་བྱེད་གཤིས་ཀ་བཟང་ལ་བློ་ཁོག་ཡངས་པ། ཕྱག་ལས་ཐོག་ཧ་ཅང་འཇོན་ཐང་ཡོད་མཁན་ཞིག་ཡིན།  ཁོང་གི་བུ་གྷན་དྷི་ནི་ཡབ་ལ་བརྩེ་སེམས་ཆེ་བ་མ་ཟད། ཡུམ་ལ་ཡང་བརྩེ་ཞེན་ཤུགས་ཆེ་ཡོད། ཁོང་གི་མ་ཡུམ་ནི་ཧིན་དྷུའི་ཆོས་ལུགས་ལ་དད་འདུན་ཤིན་ཏུ་ཆེ་བས་མཆོད་པ་མ་ཕུལ་སྔོན་བཟའ་བཏུང་མི་བྱེད་མཁན་ཞིག་ཡིན།

ཐེངས་ཤིག་མོས་ཉི་མ་མ་ཤར་བར་དུ་ཟ་མ་མ་ཟོས་པར་བསྡད་ན་དཀོན་མཆོག་གིས་མོའི་རེ་འདོད་སྒྲུབ་ངེས་སྙམ་པའི་ཚོར་སྣང་སྐྱེས། ཡིན་ན་ཡང་སྐབས་དེར་ཆར་དུས༼རྒྱ་གར་གྱི་ཡུལ་ལུང་འགའ་རེར་ཟླ་གཉིས་གསུམ་རིང་ཆར་བ་རྒྱུན་མ་ཆད་པར་འབབ་པའི་དུས་དེ་ལ་ཆར་དུས་ཞེས་ཟེར། སྒྱུར་མཁན་གྱི་མཆན།༽་འགོ་ཚུགས་པས་ཡུན་རིང་པོར་ཉི་མ་སྤྲིན་གསེབ་ལས་མ་མངོན་སྟབས་མོའི་བུ་ཕྲུག་ཚོར་ཞེད་སྣང་སྐྱེས་ཏེ། རྒྱུན་རིང་ངང་ནམ་ཁར་ཅེར་ནས་ཨ་མ་ལགས་ལ་ཉི་མ་ཤར་སྟབས་བཞེས་ལག་མཆོད་རོགས་ཞེས་བཤད་རྒྱུར་བྲེལ་ཤ་ཆེན་པོ་ལངས།

གྷན་དྷི་མཆོག་གིས་སྐུ་ཚེའི་མཐའ་མཇུག་སྐབས་སུ་གསུང་རྩོམ་ཞིག་མཛད་པའི་ནང་ཁོང་གིས་དེ་སྔའི་ཕྱག་ལས་གནང་སྐོར་ཤུགས་ཆེར་བྲིས་འདུག་པ་དེའི་ནང་དཔེ་དེབ་དང་སློབ་ཚན་རྣམས་ནི་ཁོང་གི་གྲོགས་པོ་དངོས་གནས་དེ་ཡིན་པས། སློབ་གྲྭའི་ནང་སློབ་གྲོགས་གཞན་ལ་གྲོགས་པོ་སྒྲིག་པ་དང༌། མི་གཞན་དག་གིས་ལམ་ཁར་སྐད་ཆ་བཤད་པའམ།  རྩེད་མོ་རྩེད་རྒྱུ་སོགས་ཀྱིས་དུས་ཚོད་ཆུད་ཟོས་གཏོང་ངེས་སྙམ་བཞིན་མགྱོགས་པོར་ནང་དུ་ལོག་འགྲོ་བའི་གཞུང་དྲང་གི་བུ་ཆུང་ཞིག་ཡིན།  ཁོང་གིས་སློབ་གྲྭ་གྲོལ་མཚམས་ཡབ་ལ་ཕྱག་རོགས་བྱེད་དགོས་པས་སློབ་གྲོགས་གཞན་དང་མཉམ་དུ་རྩེད་མོར་མི་གཡེང་ཞིང༌། དེ་དག་དུས་ཚོད་འཕྲོ་བརླག་གི་རྒྱུ་ཡིན་པའི་ངོས་འཛིན་ནན་པོ་གནང་གི་ཡོད།

ཉིན་ཞིག་སློབ་གྲྭའི་རྩེད་རིགས་ཆུང་ངུ་ཞིག་གིས་ཁོང་ལ་སུན་གཙེར་བྱས། ཁོང་ཚོར་སྔ་དྲོ་མ་གཏོགས་འཛིན་གྲྭ་མེད་པའི་ཉིན་ཞིག མོ་ཧཱན་ཏ་དགོང་མོའི་ཆུ་ཚོད་བཞི་བའི་སྟེང་ཕྱིར་སློབ་གྲྭར་རྩེད་རིགས་ཆེད་ཡོང་དགོས་སྟབས། ཁོང་ལ་ཆུ་ཚོད་མེད་པས་སྤྲིན་པ་འཐིབ་པའི་གནམ་གཤིས་ཀྱིས་བསླུས་ནས་རྗེས་ལུས་ཐེབས། དེར་བརྟེན་རྩེད་མོ་མཇུག་རྫོགས་ཁར།  སློབ་གྲོགས་ཚོ་ཡང་ཕྱིར་ཁྱིམ་དུ་ལོག་ཟིན་འདུག ཕྱི་ཉིན་དེར་ཁོས་སྔར་ཉིན་གྱི་རྩེད་རིགས་ཚོགས་འདུར་རྗེས་ལུས་ཇི་ལྟར་ཐེབས་ཚུལ་སློབ་གཙོར་འགྲེལ་བཤད་བྱས་སྐབས༌། སློབ་གཙོས་ཡིད་ཆེས་མ་བྱས། སློབ་གཙོས་མོ་ཧཱན་ཏ་ལ་ཁྱོད་ཀྱིས་རྒྱུ་མཚན་དྲང་མོར་མ་བཤད་སྟབས་ཉེས་ཆད་ངེས་པར་དུ་འབབ་ངེས་ཞེས་བཤད། དེ་རྗེས་སློབ་གཙོས་མོ་ཧཱན་ཏ་རྫུན་བཤད་མཁན་ཞིག་ཡིན་མིན་ཐད་དགོངས་བཞེས་གནང་བར། མོ་ཧཱན་ཏའི་དེ་སྔའི་སྤྱོད་ལམ་ནས་རྫུན་བཤད་མཁན་ཞིག་མིན་པའི་ངོས་འཛིན་བརྟན་པོ་ཐོབ། ཡིན་ན་ཡང༌། ཁོང་གིས་གནས་ཚུལ་དེ་ར་སྤྲོད་ཇི་ལྟར་བྱེད་ཐུབ་མིན་ལ་བསམ་བློ་ཡང་ཡང་བཏང༌། འདི་འདྲའི་ལོ་ཆུང་ཞིག་གིས་གཟབ་ནན་དང་དྲང་བདེན་གྱི་མི་ཞིག་བྱེད་དགོས་པ་རྟོགས་ཡོད་པ་མ་ཟད། བག་ཟོན་ཅི་ཡང་མེད་པར་རྟག་ཏུ་ནོར་འཁྲུལ་ཅན་གྱི་བསམ་བློ་གཏོང་མཁན་དག་ལ་ལམ་སྟོན་བྱེད།

ཕྱིས་སུ་མོ་ཧཱན་ཏའི་བསམ་བློར་འགྱུར་བ་སོང་ཏེ་རྩེད་ཐང་ནས་རྩེད་མོ་རྩེ་བའི་རིན་ཐང་ཤེས། དེ་མཚུངས་ཁོང་གིས་དཔེ་དེབ་ཞིག་ནས་ལུས་རྩལ་སྦྱང་བར་ཁྱད་ཆོས་གང་མང་ཡོད་པའི་སྐོར་གཟིགས་སྟབས། སྐབས་དེ་ནས་མུ་མཐུད་ཁོང་གིས་ས་ཐག་རིང་བོར་གོམ་བགྲོད་བྱས་ཤིང་སྦྱོང་བརྡར་གྱི་རྣམ་པ་དེས་ཁོང་གི་མི་ཚེ་བདེ་ཐང་དང་དགའ་སྤྲོའི་ངང་བསྐྱལ་བ་རེད། ཁོང་གི་དེབ་ཞིག་ནང་འདི་ལྟར་གསུངས་འདུག ཁོ་རང་གི་ཡིག་གཟུགས་མི་ལེགས་ཀྱང༌། ཡིག་གཟུགས་ནི་དེ་འདྲའི་གལ་ཆེན་ཞིག་མིན་པར་བསམ་སྟེ་ཡར་རྒྱས་མ་བཏང༌། རྗེས་སུ་ཁོང་ཨ་ཧྥེ་རི་ཁར་ཡོད་དུས་ཁུལ་དེའི་ཁྲིམས་རྩོད་པ་དང༌། གཞོན་སྐྱེས་ཚོའི་ཡིག་གཟུགས་ཧ་ཅང་ལེགས་པོ་ཡོད་པ་མཐོང་ནས་ཁོང་རང་ངོ་ཚ་བར་གྱུར་པ་དང༌། ཡིག་གཟུགས་མི་ལེགས་པ་རྣམས་མིའི་ནང་གི་ནུས་མེད་དག་རེད་སྙམ་ནས་སྐབས་དེར་ཡིག་གཟུགས་ཡར་རྒྱས་སུ་གཏོང་ཅི་ཐུབ་བྱས་མཐར་ཁོང་གི་ཡིག་གཟུགས་ཧ་ཅང་ལེགས་པོར་གྱུར།

རུས་རྒྱུད་མོ་ཧཱན་ཏ་ཡིན་པ་རྣམས་ལོ་བཅུ་གསུམ་སྟེང་གཉེན་སྒྲིག་བྱེད་དགོས་ཤིང༌། དེ་ནི་སྐབས་དེའི་རྒྱ་གར་ལ་མཚོན་ན་ལོ་ན་ཆུང་དྲག་པར་ངོས་འཛིན་བྱེད་ཀྱི་མེད། གྷན་དྷིའི་ནང་གི་གཅེན་པོ་ཆེ་ཤོས་གཉེན་སྒྲིག་བྱས་ཟིན་ཡང༌། ད་དུང་ཕ་མ་གཉིས་ཀྱིས་བུ་འབྲིང་བོ་དང༌། ཆུང་ཤོས་ཉིས་ཀ་དང༌། དེ་མིན་གྷན་དྷི་མཆོག་གི་ཞང་པོའི་བུ་སོགས་རུས་མོ་ཧཱན་ཏ་ཡིན་པ་རྣམས་དུས་གཅིག་ཏུ་གཉེན་སྒྲིག་བྱས། གཉེན་སྒྲིག་སྐབས་གཞན་གྱིས་ཁྱེར་ཡོང་བའི་ལེགས་སྐྱེས་དང༌། གསོལ་སྟོན། སྤུས་ཀ་ལེགས་པའི་གྱོན་གོས་སོགས་གང་མང་ཐོབ། ལོ་ན་ཆུང་བའི་མོ་ཧཱན་ཏའི་བཟའ་ཟླ་ནི་སློབ་གྲ་འགྲིམ་མྱོང་མེད་ལ། སྔ་དྲགས་པའི་གཉེན་སྒྲིག་དེས་གྷན་དྷི་རང་ཉིད་ཀྱི་སློབ་སྦྱོང་ལ་ཡང་གནོད་སྐྱོན་ཐེབས་ཏེ་དམའ་རིམ་སློབ་འབྲིང་སྐབས་ཀྱི་ལོ་གཅིག་ཀྱང་ཆུད་ཟོས་སུ་སོང༌། སྟབས་ལེགས་པ་ཞིག་ལ་ཁོང་གིས་སློབ་སྦྱོང་ལ་འབད་པ་བྱས་འབྲས་སུ་ལོ་གཅིག་ལ་འཛིན་རིམ་གཉིས་འཕར་ཐུབ་པར་གྱུར།

སློབ་གྲྭའི་ནང་གི་ཁོའི་ན་གཞོན་གྲོགས་པོ་འགའ་ཡོད་པ་དེ་ཚོའི་གཤིས་སྤྱོད་མི་ལེགས་ཤིང༌། མོ་ཧཱན་ཏས་ཁོ་ཚོའི་གནས་ཚུལ་ཤེས་བཞིན་དུ་ཁོང་གིས་གྲོགས་པོའི་གཤིས་ཀ་རང་ཉིད་ལ་འགོས་པར་དོགས་ཟོན་དང་བཅས་གྲོགས་པོ་ཞིག་གི་སྤྱོད་ལམ་བཟང་ཕྱོགས་སུ་བསྒྱུར་རྒྱུར་འབད་བརྩོན་བྱས། མོ་ཧཱན་ཏ་མ་གྷན་དྷི་མཆོག་གི་ནང་མི་ཚོ་ཆོས་ལུགས་ལ་དད་ཅིང༌། སྤྱོད་ཚུལ་འདྲ་མིན་བཟུང་ནས་མི་ཚེ་སྐྱེལ་འདོད་མེད་པས་དམར་ཟས་རྩ་བ་ནས་སྤྱོད་ཀྱི་མེད། ཡིན་ན་ཡང་མོ་ཧཱན་ཏའི་གྲོགས་པོ་ཚོས་ཤ་ཟོས་ན་ལེགས་ཚུལ་གྱི་འགྲེལ་བཤད་བྱས་ཁར། ད་དུང་ཡིད་ཆེས་ཐབས་སུ་ང་ཚོ་ཉམས་ཆུང་ཡིན་པ་དེ་ཤ་མ་ཟོས་པས་ཡིན་པ་དང༌། དབྱིན་ཇི་བ་ཚོས་ཤ་ཟ་གི་ཡོད་སྟབས་ང་ཚོ་དབང་བསྒྱུར་བྱེད་ཐུབ་པ་བྱུང་བ་རེད། ང་རང་ཡང་སྟོབས་ཤུགས་ཆེ་ཞིང་མགྱོགས་པ་ནི་ཤ་ཟོས་པས་རེད། ཁྱེད་རང་གིས་ཤ་ཏོག་ཙམ་ཟོས་ནས་སྟོབས་ཤུགས་གང་འདྲ་རྒྱས་མིན་ལྟོས་དང༌། ཞེས་བཤད།

སྐབས་ཤིག་ལ། མོ་ཧཱན་ཏ་ཁོང་གི་གྲོགས་པོར་ཅུང་ཙམ་ཡིད་ཆེས་ནས། ཁོང་རང་ཉིད་ལ་མཚོན་ན་སྤྱིར་ལུས་སྟོབས་ཞན་པ་ཙམ་དུ་མ་ཟད། མཆོང་རྒྱུགས་ཀྱི་རྩལ་དེ་བས་ཀྱང་ཞན་ལ། མུན་ནག་ཁྲོད་འདུག་རྒྱུར་སྐྲག་སྣང་བྱེད་པས་ཁོང་གི་ཉལ་ཁང་ནང་མཚན་མོ་རྟག་ཏུ་གློག་སྤར་ནས་འཇོག་དགོས། དེར་བརྟེན་ཁོང་གིས་ཤ་ཟ་འདོད་ཤུགས་ཆེར་སོང་ཡང༌། ཡབ་ཡུམ་གཉིས་ལ་དབུ་སྐོར་གཏོང་བར་འཚེར་སྣང་སྐྱེས།

ཉིན་ཞིག་གྲོགས་པོ་དང་ལྷན་གཙང་པོའི་འགྲམ་གྱི་ས་ཆ་ཧ་ཅང་ལྷིང་འཇགས་ལྡན་པ་ཞིག་ཏུ་སོང་བ་ནས། མོ་ཧཱན་ཏས་ར་ཤའི་བྲོ་བ་ཐོག་མར་མྱངས། ཁོང་ལ་ཤ་ཟས་ཏེ་ན་ཚ་བྱུང་རྗེས་ཀྱི་ལོ་གཅིག་འགོར་མཚམས་སུ་རྟག་ཏུ་ཁོང་གི་གྲོགས་པོས་ཁོང་ལ་ཤ་ཟ་རུ་འཇུག་རྒྱུའི་གྲ་སྒྲིག་བྱས་ན་ཡང༌། མོ་ཧཱན་ཏས་ངའི་ཡབ་ཡུམ་གཉིས་ཀྱིས་ཤ་མ་ཟོས་ན་ཡང༌། སྐུ་གཟུགས་ལ་སྐྱོ་མདོག་ཅི་ཡང་མི་འདུག་པས་ངེས་པར་ཤ་ཟ་དགོས་དོན་མི་འདུག་དགོངས་ཏེ་ཤ་གཙང་བཅད་བྱས།

ཡབ་ཡུམ་གཉིས་ཀྱིས་མོ་ཧཱན་ཏས་དེ་སྔོན་ཅི་བྱས་མ་ཤེས་ཀྱང༌། དེ་ནས་བཟུང་ཁོང་གིས་ཤ་ལྐོག་ཟ་བྱས་མྱོང་མེད་ལ། ཤའི་བྲོ་བར་གཏན་ནས་བལྟས་མྱོང་མེད། ཡིན་ཡང་ད་དུང་ཁོང་དང་ན་གཞོན་གཞན་ཞིག་གིས་ཐ་མག་འཐེན་འགོ་བཙུགས། ཁོང་གཉིས་ཐ་མག་ལ་དགའ་དྲགས་ནས་འཐེན་པ་མིན་ཡང༌། མི་རྒན་པ་ཚོས་ཁར་ཐ་མག་བཟུང་སྟེ་དུ་བ་སྔོ་ལྷོག་ལྷོག་བྱས་ཚེ་ཁོང་ཚོར་བདེ་སྐྱིད་ཀྱི་ཚོར་བ་ཞིག་འབྱུང་བཞིན་པར་སྙམ་ནས་ཁོང་གཉིས་ཀྱིས་དངུལ་ཅུང་ཙམ་རེས་ཐ་མག་ཉོས་ཏེ་འཐེན་པ་དང༌། སྐབས་འགར་ཞང་པོའི་དུད་སྣེ་དག་བསྒྲིགས་ནས་འཐེན་ཡང༌། ཡིད་མ་ཚིམས་སྟབས་ཐེངས་རེ་གཉིས་ཤིག་ལ་ཐ་མག་ཉོ་ཆེད་ནང་གི་གཡོག་པའི་དངུལ་ཏོག་ཙམ་རེ་ཡང་བརྐུས་ཡོད།

ཡུན་རིང་མ་སོང་བར་མོ་ཧཱན་ཏས་ཐ་མག་འཐེན་པ་ནི་སྐྱུགས་བྲོ་བའམ་གནོད་འཚེ་ཅན་ཞིག་རེད་སྙམ་སྟེ་མཚམས་བཞག  སྤྱོད་ལམ་འདི་དག་གིས་གཞོན་ནུ་མོ་ཧཱན་ཏ་ཉེན་ཁའི་གནས་སུ་བསྐྱལ་ཡང༌། དུས་དེ་ནས་ཁོང་གིས་མི་ཚེ་བདེན་དོན་གྱིས་སྐྱེལ་རྒྱུའི་དམ་བཅའ་བཞག་ཐོག  རང་གི་ཕ་མ་གཉིས་ལ་དབུ་བསྐོར་བྱས་པ་དང༌། ཆོས་ལུགས་ཀྱི་ཁྲིམས་གཞིར་གཏོར་བརླགས་བྱས་པས་རང་ཉིད་མི་ངན་ཞིག་རེད་སྙམ་པའི་འགྱོད་སེམས་དྲགས་པོས་མནན།  ཁོང་གི་བསམ་པར་ཤ་ཟོས་པ་དང་ཐ་མག་འཐེན་པ། དེ་འབྲེལ་གྱིས་ཡབ་ཡུམ་ལ་དབུ་བསྐོར་བྱས་པ་བཅས་ལས་གཞན་པའི་ཐུགས་འགྱོད་སྐྱེ་བྱེད་ཅིག་ད་དུང་ཡོད་པ་ནི། རྐུ་ཅུང་ཙམ་བྱས་པ་དང༌། ལྷག་པར་ཁོང་ལོ་ན་བཅོ་ལྔའི་སྐབས་རང་གི་ཕུ་བོའི་ས་ནས་གསེར་རྡོག་ཆུང་ཆུང་ཞིག་བརྐུས་པ་དེ་ཁོང་གི་སེམས་ཁོངས་སུ་ལྗིད་དིག་གེར་གནས་པར་གྱུར། ངན་སྤྱོད་དེ་ཚོ་མཚམས་བཞག་ནས་མཐར་ཁོང་གིས་དེ་སྔ་ཅི་བྱས་ཡི་གེར་བཀོད་དེ་རང་ཉིད་ལ་ཉེས་ཆད་གཅོད་དགོས་ཚུལ་དང༌། སླད་མར་རྐུ་དང་ངན་སྤྱོད་གང་ཡང་མི་བྱེད་པའི་དམ་བཅའ་བཞག་པའི་ཡི་གེ་དེ། ངོ་ཚ་ཆེན་པོ་དང་བཅས་ནད་ཀྱིས་མནར་བའི་བྱམས་བརྩེ་ཅན་གྱི་ཡབ་དམ་པར་ཕུལ། ཡབ་ཀྱིས་ཡི་གེ་དེ་གཟབ་ནན་ངང་བཀླགས་རྗེས་མིག་བཙུམ་ཏེ་བསམ་བློ་ཞིག་བཏང་རྗེས་མིག་ཟུང་ལས་མཆི་མ་བཞུར་བཞིན། ཁོང་གིས་དལ་མོས་ངང་ཡི་གེ་དེ་ཕྱིར་ལྟེབ་བརྩེགས་བརྒྱབ།   བུས་ཡབ་དམ་པའི་སྐུ་རླུང་དང་བཀའ་བཀྱོན་ལ་སྒུག་ན་ཡང༌། ཡབ་གྱིས་བཀའ་བཀྱོན་དང་ཉེས་རྡུང་གང་ཡང་མ་གནང་བར་སེམས་ཀྱི་དུང་ཞེན་མཚོན་པའི་སྤྱན་ཆབ་བསིལ་བཞིན་བཞུགས་པ་དེ་མོ་ཧཱན་ཏར་མཚོན་ན་ཡབ་དམ་པའི་སྤྱན་ཆབ་དེས་ཁོང་སྐུ་རླུང་བཞེངས་ནས་བཀའ་བཀྱོན་བཏང་བ་ལས་ཀྱང་གནོན་ཤུགས་ཚ་བ་དང༌། ཟབ་ནན་གྱི་སློབ་གསོའི་སྣང་བརྙན་བསྐྲུན་པ་དེ་མོ་ཧཱན་ཏས་བརྗེད་ག་ལ་སྲིད།

གྷན་དྷི་ལོ་ན་བཅོ་བརྒྱད་སོན་སྐབས་རྒྱ་གར་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭར་ཞུགས་ན་ཡང༌། སློབ་ཚན་དག་གིས་ཁོང་ཡིད་དབང་ཆེས་ཆེར་འགུག་མ་ནུས་པས་ལོ་ཕྱེད་ཙམ་ནས་འགྲོ་མཚམས་བཞག དེ་ནས་དུས་ཡུན་ཅུང་ཙམ་སོང་རྗེས་དབྱིན་ཡུལ་དུ་ཁྲིམས་ལུགས་རིག་པར་སློབ་སྦྱོང་བྱེད་དུ་འགྲོ་རྒྱུ་བྱས། ཁོང་གིས་རྒྱ་གར་བཞག་སྟེ་ནུབ་ཕྱོགས་སུ་སོང་ཚེ། ནུབ་ཕྱོགས་པ་ཚོ་དང་ལྷན་དུ་བཟའ་བཏུང་བྱེད་རྒྱུ་སོགས་ནི་ཁོང་ལ་མཚོན་ན་ལས་སླ་བོ་ཞིག་ག་ལ་ཡིན། འདི་ནི་ཁོང་གི་ཆོས་ལུགས་དང་མི་མཐུན་སྟབས།  ཧིན་དྷུའི་ཆོས་ལུགས་ཀྱི་དབུ་ཁྲིད་རྣམ་པས་ཁོང་འགྲོ་རྒྱུར་བཀག་འགོག་བྱས་པའི་དཀའ་ཁག་ལ་འཕྲད་ཁར། ད་དུང་ཡ་ང་བའི་དཀའ་ངལ་དེ་དག་གི་ཁྲོད་ནས་ལོ་ན་བཅོ་བརྒྱད་ལ་སོན་པའི་གཞོན་ནུ་མོ་ཧཱན་ཏ་རང་གི་བཟའ་ཟླ་དང༌། བུ་ཕྲུག་སོགས་རྒྱབ་ཏུ་བསྐྱུར་རྒྱུར་བཟོད་སྒོམ་བྱེད་དགོས་པ་དེ་ཡིན། དེ་ནས་ཁོང་མཚོ་གྲུ་བརྒྱུད་དབྱིན་ཡུལ་དུ་སོང༌། མཚོ་གྲུའི་སྟེང་ཁོང་གིས་ཐེངས་དང་པོར་གྲོགས་པོས་གནང་བའི་ནུབ་ལུགས་ཀྱི་ཆས་གོས་(Suit)གསར་པ་དེ་གྱོན་པ་དང༌། སྟོད་སྨད་ཆ་ཅན་གྱི་ལ་བ་དེ་གྱོན་ནས་དབྱིན་ཡུལ་དུ་མ་འབྱོར་བར་ཁོང་གི་རས་དཀར་གྱི་ཆས་གོས་རྣམས་ཉར་ཚགས་བྱས།

སྐབས་དེར་སྟོན་མཇུག་ཡིན་ལ་མཚོ་གྲུའི་སྟེང་ཁོང་གིས་རང་ཉིད་གཟབ་སྤྲས་ཆེ་ཤོས་དེ་ཡིན་པ་ཚོར་ན་ཡང༌། ལག་སྒམ་ནང་ཡོད་པའི་ཆས་གོས་དེས་བརྗེ་བོ་རྒྱག་མ་ཐུབ། ལོན་ཊོན་དུ་སླེབས་མ་ཐག་ཁོང་ལ་དགའ་ཚོར་སྐྱེ་བྱེད་ཀྱི་དོན་དག་གཉིས་བྱུང་བའི་དང་པོ་ནི། སྤྱིར་ཁོང་གིས་ཤ་མི་ཟ་སྟབས་ཁོང་ལ་རན་པའི་ཟས་རིགས་རྙེད་དཀའ་པ་དེ་རེད། རྒྱུན་དུ་དབྱིན་ཡུལ་དུ་ཡོད་པའི་རྒྱ་གར་པ་ཤ་ཟ་མཁན་ཚོས་ཟ་མ་སོས་རྗེས་གྷན་དྷི་ད་དུང་ལྟོགས་བཞིན་ཡོད་ན་ཡང༌། ཉིན་ཞིག་ཤ་མེད་གསོལ་ཚིགས་ཁང་ཞིག་མཐོང་ནས་སྤྲོ་པ་སྐྱེས་ཁར། དབྱིན་ཇི་བ་ཁག་གཅིག་གིས་ཀྱང༌། ཤ་མ་ཟོས་པར་གཟུགས་པོ་བདེ་ཐང་ཡོད་པའི་གནས་ཚུལ་ཤེས་སྟབས་གྷན་དྷིའི་བསམ་པར་ཚན་རིག་གིས་ཆོས་ལུགས་ལ་རམ་འདེགས་བྱེད་ཀྱི་སྙམ་པའི་སྤོབས་པ་སྐྱེས། རྗེས་སུ་ཁོང་གིས་ཉིན་གུང་ཟ་ཁང་ན་ཟ་མ་ཉོས་རྒྱུ་དང༌། ནང་དགོང་ཉིས་ཆར་ནང་ནས་བཟོས་ན་སྟབས་བདེ་ཡིན་པ་ཤེས།

གཉིས་པ་ནི། ཁོང་གི་གྲོགས་པོ་རྒྱ་གར་ན་གཞོན་ཞིག་གིས་དབྱིན་ཇི་བར་ཡ་རབས་བྱེད་ཀྱི་འདུག་སྙམ་ནས་དགའ་སྤྲོ་སྐྱེས། ཁོང་གིས་དབྱིན་ཇི་ནང་བཞིན་ཟས་རིགས་རྒྱས་སྤྲོ་ཅན་སྤྱོད་མི་ཐུབ་ཀྱང༌།  གོན་པ་གྱོན་སྟངས་ཀྱི་ཕྱོགས་གཅིག་ནས་དབྱིན་ཇི་བ་ཚོ་དང་མཐུན་པར་བྱེད་རྒྱུའི་སེམས་དག་བཅད། ཁོང་གིས་གོན་པ་གསར་པ་འགའ་དང་དར་ཞྭ་རིང་པོ་ཞིག་ཉོས། ཕུ་བོར་གསེར་ཐག་གི་གདུ་བུ་ཞིག་སྐུར་དགོས་ཚུལ་ཡང་བཤད། ཁོས་ཞོགས་པ་རྟག་པར་ཆུ་ཚོད་ཅུང་ཙམ་རིང་གཟབ་ནན་ངང་རྔམ་འཐུག་པའི་སྐྲ་བསླས་པ་དང༌། གྲོགས་པོ་ཚོ་དང་མཉམ་དུ་སོང་སྟེ་ཞབས་བྲོ་དང༌། ཧྥ་རན་སིའི་སྐད། ཟློས་གར་རིགས། མི་མང་ལ་སྐད་ཆ་བྱེད་རྒྱུ་སོགས་ལ་སྦྱངས་མོད། འོན་ཀྱང་ཁོང་གིས་དམིགས་བསལ་གྱིས་སྒྱུ་རྩལ་རིགས་འདི་དག་ལ་འབད་བརྩོན་མ་བྱས་པ་དང༌། ཁོང་གིས་དངུལ་ཡང་ཡང་རྫོགས། ཟླ་གསུམ་གྱི་རྗེས་ཁོང་གིས་རང་གི་ཆུ་ཚོད་དེ་ལེགས་པོར་བེད་སྤྱོད་བྱེད་ཀྱི་མེད་པ་ཤེས་ནས་གོང་གསལ་འདི་དག་ཚང་མ་མཚམས་བཞག་སྟེ། ཁྲིམས་ལུགས་སློབ་སྦྱོང་བྱེད་པའི་འགོ་བཙུགས། སྐབས་དེར་ཁོང་མུ་མཐུད་ཆོས་ལུགས་ལ་དོ་སྣང་ཇེ་ཆེར་སོང་པའི་མི་ཞིག་ཏུ་གྱུར་པ་དང༌། ཁོང་གི་གྲོགས་པོ་ཚོས་རང་གི་ཆོས་ལུགས་ཀྱི་དམ་པའི་གསུང་རབ་ལེགས་ལྡན་ནག་པོའི་ཀླུ་༼བྷག་བན་གཱིས་ཏ།༽ཞེས་པར་གོ་བ་ལེན་ཚུལ་ངོ་སྤྲོད་བྱེད་རེ་བྱས། ཁོང་གིས་དེའི་ཁྱད་ཆོས་ཇི་འདྲ་ཞིག་ཡིན་མིན་བལྟས་པར། དེ་སྔོན་གྲོགས་པོ་ཞིག་གིས་བདེན་པའི་ཤེས་བྱ་སྤྲོད་པའི་དེབ་ཡག་ཤོས་ཤིག་སྟེ། ཡེ་ཤེས་ཆོས་ལུགས་ཀྱི་གསུང་རབ་ཅིག་གནངས་པ་དེའི་ནང་གི་བརྗོད་བྱ་ཁག་ནི་ལེགས་ལྡན་ནག་པོའི་ཀླུའི་བརྗོད་བྱ་དང་གཅིག་མཚུངས་ཡིན་པས་ཇེ་སེ་ལིའི་ཡེ་ཤེས་སྟོན་པའི་བཀའ་རྩོམ་དེ་ཚོར་ཡང་ཧ་ཅང་དགའ་བོར་གྱུར། དེ་ནས་དབྱིན་ཡུལ་གྱི་རྩོམ་པ་པོ་ཁར་ལད༼༡༧༩༥་་་་་༡༨༨༡བར་བཞུགས་པའི་རྩོམ་པ་པོ་གྲགས་ཅན་ཞིག་སྟེ། དམིགས་བསལ་ཁོང་གིས་མང་གཙོ་དང༌། གསར་བརྗེ། དཔའ་བོའི་རིང་ལུགས་བཅས་ཀྱི་ཐད་གཞན་དང་མི་འདྲ་བའི་དེབ་རིགས་དྲུག་ཅུ་ཙམ་བརྩམས་པར་གྲགས། སྒྱུར་མཁན་གྱི་མཆན།༽ཀྱིས་བརྩམས་པའི་དེབ་ཅིག་བཀླགས་ཏེ། དེའི་ནང་ཕུ་རོ་ཧྥེ་ཊི་མོ་ཧ་མ་ཏི་ཁ་ཆེའི་སྟོན་པ་དང༌། ཁོང་གི་རླབས་ཆེ་བའི་འཚོ་བ་རོལ་སྟངས་སྐོར་ཤེས་པ་དང༌། སྐབས་དེ་ནས་བཟུང་ཁོ་རང་ཧ་ཅང་དགའ་བའི་བདེན་པ་ནི་ཆོས་ལུགས་གཅིག་ཁོ་ནའི་ཁྲོད་ནས་མི་རྙེད་པར་བསམ་སྟེ། ཆོས་ལུགས་ཚང་མར་རྒྱུས་ལོན་བྱེད་པའི་འགོ་བཙུགས། ལོ་ན་གཞོན་པའི་གྷན་དྷིས་ལོ་བཞིར་ཁྲིམས་ལུགས་སློབ་སྦྱོང་བྱས་པའི་ཡིག་རྒྱུགས་ལེགས་པར་འཕྲོད་དེ་ཕྱི་ལོ་༡༨༩༡ལོར་ཕྱིར་རྒྱ་གར་དུ་ཕེབས། ཁོང་འབྱོར་མ་ཐག་པའི་སྐབས་དེར་གྲོགས་པོ་ཞིག་གིས་ཁོང་གི་མ་ཡུམ་གྲོངས་པར་བཤད་པ་འདི་ནི་དེ་སྔོན་དབྱིན་ལན་དུ་མ་སོང་སྔོན་ཡབ་དམ་པ་གྲོངས་པ་ལས་ཀྱང་ཡིད་ཆེས་དཀའ་པའི་དོན་རྐྱེན་ཞིག་ཏུ་གྱུར།

དེ་རྗེས་ཀྱི་ལོ་ཤས་སྐྱོ་སྣང་དང་བཅས་འདས་ཤིང༌། ཁོང་གི་སེམས་སུ་ཆེད་སྦྱངས་བྱས་པའི་ཁྲིམས་རྩོད་པའི་ལས་ཀར་ཡང་དེ་འདྲའི་དགའ་ཞེན་མེད་པར་གྱུར་ཁར། དབྱིན་ཇིའི་བཙན་འཛུལ་འོག་ལས་ཀ་དེ་ལྟ་བུ་རན་པོ་མེད་པའི་སྣང་བ་ཡང་ཤར། གཞན་ཁོང་ལ་ཁྲིམས་ར་ཞིག་ནས་དོན་རྐྱེན་ཅིག་བྱུང་བ་ནི། ཁོང་གི་ཁྲིམས་རྩོད་པ་གནང་སྐབས་སྤོབས་པས་དེ་ཙམ་མ་འདང་བར་ཁོང་གི་སྐད་ཆ་བཤད་རན་ལ་ཐོན་དུས། ཚིག་གཅིག་ཀྱང་བཤད་མ་ཐུབ་པར་གྱུར་པ་དེ་རེད། ཁོས་གནས་བབ་དེར་འགྱུར་བ་གཏོང་འདོད་ཡོད་དུས་ལྷོ་ཨ་ཧྥེ་རི་ཀར་ཕེབས་དགོས་པའི་མགྲོན་ཤོག་འབྱོར་པ་དང༌། དེ་ནི་ཁོང་ཨ་ཧྥེ་རི་ཀར་ཡོད་པའི་རྒྱ་གར་གྱི་ཚོང་བ་ཕྱུགས་པོ་ཚོར་རེ་བ་བཏོན་ཏེ་ཁོང་ཚོས་རྒྱ་གར་མི་དམངས་ཆེད་དཔལ་འབྱོར་མཁོ་བསྡུ་བྱེད་རྒྱུ་ཡིན། མོ་ཧན་ཏ་ལོ་ཉེར་བཞིར་སོན་སྐབས་ལྷོ་ཨ་ཧྥེ་རི་ཀར་ཊོར་པན་ཞེས་པའི་སར་ཁོང་ཚོར་འཕྲད། ཡུན་ཙམ་སོང་རྗེས་ཁོང་གིས་ལྷོ་ཨ་ཧྥེ་རི་ཁར་ཡོད་པའི་རྒྱ་གར་མི་དམངས་གི་གནས་སྟངས་མི་ལེགས་པ་ཤེས་ཤིང༌། འདི་ནི་ཁོང་གིས་ཐོག་དང་པོར་ཁྲིམས་ར་ཞིག་ཏུ་ནུབ་ལུགས་ལྭ་བ་གོན་ཐོག་རྒྱ་གར་ལུགས་ཀྱི་ཐོད་དཀྲིས་ཤིག་ཀྱང་དཀྲིས་ནས་སོང་བར་ཁྲིམས་རྩོད་པ་གཞན་ཞིག་གིས་ཁོང་གི་ཐོད་དཀྲིས་དེ་ཕུད་དགོས་ཚུལ་བཤད་སྐབས་ཁོང་གིས་དེར་ཉན་འཇོག་མ་བྱས་བས་ཁྲིམས་ཁང་གི་སྒོར་ཕུད་སྟངས་གཞི་ནས་ཨ་ཧྥེ་རི་ཁའི་ནང་རྒྱ་གར་པར་ལྟ་སྟངས་ཅི་འདྲ་ཞིག་ཡོད་མེད་གསལ་རྟོགས་བྱུང༌། གནས་ཚུལ་ལྷོ་ཨ་ཧྥེ་རི་ཁའི་ས་ཆ་ཚང་མར་མགྱོགས་མྱུར་ངང་ཁྱབ་པ་དང༌། རྒྱ་གར་པ་གང་མང་ཞིག་གིས་སོ་སོའི་ཕ་ཡུལ་བཞག་ནས་ཨ་ཧྥེ་རི་ཀར་ལས་ཀ་འཚོལ་བར་འབད་བཞིན་ཡོད་ལ། ལས་ཀ་ཡང་ལས་རིགས་དམའ་རིམ་དོ་ཁུར་ལྟ་བུར་བསམ་བློ་གཏོང་དགོས་པར་གྱུར་ཡོད།

དེ་ལྟར་སྐབས་དེར་གྷན་ངྷི་ལགས་ཀྱང་ཁྲིམས་རྩོད་པ་དོ་བོ་ཁུར་མཁན་ཞིག་ཡིན། ཁོང་ཨ་ཧྥེ་རི་ཀར་འབྱོར་ནས་ཉིན་ཤས་འགོར་རྗེས། ཁོང་གི་ཚོང་དཔོན་ཨེ་པ་གྲོལ་ལ་སེ་ཐུ་ཞེས་པས་གྲོང་ཁྱེར་གཞན་ཞིག་ཏུ་ཚོང་ལས་ཀྱི་ཆེད་དུ་བཏང༌། དེ་སྐབས་ཁོང་མི་རིགས་དཀར་པོ་ཚོ་དང་ལྷན་དུ་མེ་འཁོར་རིམ་པ་དང་པོའི་ནང་བསྡད་པར། མེ་འཁོར་གྱི་བདེ་སྲུང་མི་སྣས་ཁོང་སྐད་བཏང་སྟེ། མེ་འཁོར་རིམ་པ་དང་པོར་འདུག་མི་ཆོག་ཚུལ་བཤད། དེར་གྷན་དྷིས་ངས་མེ་འཁོར་རིམ་པ་དང་པོའི་པ་སེ་ཉོས་ཡོད་ཚུལ་བཤད་པར། ཉེན་རྟོགས་པས་ཉེས་རྡུང་ཤུགས་ཆེ་བཏང་སྟེ་མེ་འཁོར་ཕྱི་ལོགས་སུ་གཡུག༼ཉིན་འདིར་ཁོས་རང་ཉིད་ལ་རྒྱལ་ཁབ་ཅིག་མེད་པའི་སྡུག་བསྔལ་རྟོགས་ཏེ། རང་གི་ལུས་སྲོག་རྒྱལ་ཁབ་ཀྱི་ཆེད་དུ་འབུལ་རྒྱུའི་དམ་བཅའ་བཞག་པ་རེད། སྒྱུར་མཁན་གྱི་མཆན།༽ དེའི་ཕྱི་ཉིན་སྔར་བས་ཀྱང་ཡིད་སྐྱོ་དགོས་བའི་དོན་རྐྱེན་ཞིག་བྱུང་བ་ནི། ཁོང་འགྲུལ་བསྐྱོད་ཀྱི་སྐབས་སྤྱི་སྤྱོད་འགྲུལ་འཁོར་ཆེན་པོ་ཞིག་གི་ནང་ཁ་ལོ་བའི་ལྟག་རྒྱབ་ཀྱི་སྐུབ་སྟེགས་རག་ཡོད་ཀྱང༌།  འགྲུལ་བསྐྱོད་སྐབས་མི་རིགས་དཀར་པོ་ཚོས་ཁོང་གི་སྐུབ་སྟེགས་ཉོ་རྩིས་བྱས་པ་དང༌། དེ་སྐབས་གྷན་དྷིས་ཁོ་ཚོའི་འདོད་བློ་བཞིན་སྐུབ་སྟེགས་བརྗེ་བོ་མ་བྱས་སྟབས་མི་དཀར་དེས་ཁོང་ལ་ཉེས་རྡུང་བཏང་སྟབས་མི་གཞན་དག་གིས་མཚམས་འཇོག་བྱེད་བཅུག

དེ་ནས་ཁོང་གྲོང་ཁྱེར་དུ་འབྱོར་ཏེ་གྲོང་ཁྱེར་ལྟེ་བའི་མགྲོན་ཁང་དུ་སོང་བར། མགྲོན་ཁང་དེའི་ནང་དུའང་ཁོང་ཡོང་མ་བཅུག དོན་རྐྱེན་འདི་དག་བྱུང་བ་རྒྱུད་གྷན་དྷིའི་བསམ་པར་ཨ་ཧྥེ་རི་ཀར་ཡོད་པའི་རྒྱ་གར་པ་འདི་ཚོར་རྒྱབ་དཔུང་ཞིག་གམ་མཐོ་རིམ་མི་སྣ་ཞིག་གི་རོགས་རམ་དགོས་ཀྱི་ཡོད་པ་བསམ་བློའི་ནང་ཤུགས་ཆེན་པོ་བྱུང༌། ཡིན་ན་ཡང་རང་ཉིད་ལ་བརྗིད་ཉམས་དེ་འདྲ་མེད་པས་བདེ་སྐྱིད་ཕུན་སུམ་ཚོགས་པའི་མི་ཚེ་ཞིག་ལ་རེ་ལྟོས་བྱེད་ཀྱི་མེད་ན་ཡང༌། ཁོང་གིས་ཧ་ཅང་སྐྱོ་བའི་རྒྱ་གར་པ་ཚོའི་འཚོ་བ་ཇི་འདྲ་ཡིན་མིན་རྟོགས་དཔྱོད་བྱས།  ཁོང་ཚོ་ནམ་རྒྱུན་མེ་འཁོར་ཨང་རིམ་གསུམ་པའི་ནང་དུ་འགྲོ་བཞིན་ཡོད་པ་དང༌། ཁོང་གི་རྒྱལ་ཁབ་ཀྱི་མི་རྣམས་སྡུག་ཕྱོགས་ནས་བེད་སྤྱོད་གཏོང་བཞིན་པ་མཐོང་བས་ཁོང་གི་སེམས་པར་ཟུགས་གཟེར་ཆེན་པོ་བསླངས། དེར་བརྟེན་ཁོས་མུ་མཐུད་ཁོང་རང་གིས་མཚོན་མི་རྣམས་ལ་དྲང་བདེན་མེད་པའི་ཚུལ་དེར་རྒོལ་ལན་གྱིས་འཐབ་རྩོད་ཆེན་པོ་བྱས། སྐབས་ཤིག་ཚོང་པ་གླེན་པ་ཞིག་གིས་མོ་ཧཱན་ཏ་ཁྲིམས་རྩོད་པར་གླས་ཏེ་ཁྲིམས་རར་སོང་ནས་ཚོང་བ་ཁོ་རང་ལ་དབང་བའི་དངུལ་དེ་ཕྱིར་དབང་བར་བྱེད་གོས་ཚུལ་མངགས་པ་ལྟར། ཁོས་ཟླ་ཤས་རིང་བྱ་བ་དེ་འབད་པ་ཆེན་པོས་བསྒྲུབས་པས། ཚོང་བ་གཉིས་ཀ་འཛོམས་སུ་བཅུག་ནས་ཁྲིམས་རྩོད་བྱས་པ་ལྟར། དངུལ་ཅི་ཙམ་ཞིག་བླངས་པ་དང༌། ཅི་ཙམ་ལེན་རྒྱུར་ལྷག་པ་དེ་གཉིས་ཀར་ཚོང་པ་གཉིས་ཁ་མཐུན་ནས་གྲོས་འཆམ་བྱུང་ནས་ལས་དོན་ལེགས་པར་གྲུབ། ལེགས་འགྲུབ་བྱུང་པའི་ལས་དོན་འདི་ལ་བརྟེན་ནས་ཁོང་གིས་མི་མང་བར་འཁྲུག་རྩོད་བྱུང་བའི་ལས་དོན་མང་པོ་ཞིག་གི་བར་འདུམ་བྱེད་ཐུབ་པར་གྱུར། རྒྱ་གར་པའི་གྲོགས་པོ་ཚོར་ཞི་བདེ་དང་བརྟན་ལྷིང་སྒོས་རོགས་རམ་བྱས། ལོ་དེར་ཁོང་ཡེ་ཤུ་ཆོས་པ་མང་པོ་ཞིག་དང་ཐུག་འཕྲད་བྱས་པས་ཡེ་ཤུ་པ་དེ་ཚོས་གྷན་དྷི་ཡེ་ཤུ་ཆོས་པར་འགྱུར་རྒྱུའི་རེ་བ་ཆེན་པོ་བཅངས་བ་དང༌། ཁ་ཆེ་བ་ཚོས་ཁོང་ཁ་ཆེའི་ཆོས་པར་འགྱུར་རེ་བྱས།  ཁོང་གིས་ཡེ་ཤུའི་ཆོས་ལུགས་ཀྱི་དམ་པའི་གསུང་རབ་བྷེ་བྷལ་དང༌། ཁ་ཆེའི་ཆོས་ལུགས་ཀྱི་གསུང་རབ་ཀོ་རན་ཉིས་ཀ་ཀློག་གི་ཡོད།  འོན་ཀྱང་དེ་དུས་ཁོང་གིས་ཧིན་དྷུའི་དམ་པའི་གསུང་རབ་བཀླགས་ཏེ་སྤྲོ་སྣང་ཇེ་ཆེ་ནས་ཇེ་ཆེར་གྱུར་པ་དང༌། དེ་དག་ལས་ཁོང་གིས་དོན་དམ་གྱི་བདེ་བ་དང་ཞི་བདེ་རྙེད་པར་གྱུར།

ལོ་མཇུག་དེར་ཁོང་གིས་ཨེ་གྲོལ་སེ་ཐི་དང་མཉམ་ལས་ཀྱི་ལས་ཀ་ཡོངས་འགྲུབ་བྱས་སྟབས། ཕྱིར་རྒྱ་གར་དུ་ཕེབས་རྒྱུའི་འཆར་གཞི་བཏང་ན་ཡང༌། ཊོར་པན་གྱི་ཁོང་ལ་མཐའ་མཇུག་གི་སྐྱེལ་མའི་དགོང་ཟས་འདྲེན་སྐབས་ཀྱི་གླེང་མོལ་ལས་ཁྲིམས་ལུགས་ཀྱིས་མུ་མཐུད་རྒྱ་གར་མི་དམངས་ཀྱི་རང་དབང་ཇེ་ཆེ་ནས་ཇེ་ཆེར་འགྲོ་བ་བྱེད་ཐུབ་པའི་ཡིད་ཆེས་རྙེད་ཁར། གྷན་དྷིས་ལྷོ་ཨ་ཧྥེ་རི་ཀར་རྒྱ་གར་མི་དམངས་ཀྱི་ཐོབ་ཐང་ཆེད་འབད་བརྩོན་བྱས་པར་ཕྱིར་དྲན་བྱས་པ་དང༌། དེ་ལྟར་ལོ་ན་ཉི་ཤུར་སོན་པ་ནས་བཟུང་ལྷོ་ཨ་ཧྥེ་རི་ཁར་རྒྱ་གར་མི་མང་གི་ཆེད་དུ་ལས་ཀ་བྱས། གྷན་དྷི་ལགས་ལོ་གསུམ་གྱི་རྗེས་སུ་ཕྱིར་རྒྱ་གར་དུ་འཁྱུག་ཙམ་རིང་ཕེབས་པ་དང༌། རྒྱ་གར་ནས་ཟླ་ཤས་བཞུགས་རྗེས་ཁོང་གི་བཟའ་ཟླ་དང་བུ་ཕྲུག་གཉིས་ཁྲིད་དེ་ཕྱིར་ཨ་ཧྥེ་རི་ཀར་ཕེབས། རྒྱ་གར་དུ་བཞུགས་སྐབས་ཁོང་གིས་མི་མང་ལ་ལྷོ་ཨ་ཧྥེ་རི་ཀའི་ནང་རྒྱ་གར་བ་ཚོར་བལྟ་སྟངས་གང་འདྲ་ཡོད་མེད་གསལ་བཤད་བྱས་པས། ཁོང་ཕྱིར་ཨ་ཧྥེ་རི་ཀའི་ཊེ་ཊ་ལ་རུ་མ་འབྱོར་གོང་ནས་དེར་ཡོད་ཀྱི་མི་རིགས་དཀར་པོ་ཚོས་གྷན་དྷི་རྒྱ་གར་དུ་སོང་ནས་སྐད་ཆ་ཅི་ཞིག་བཤད་མིན་དང༌། རྩོམ་ཡིག་ཅི་ཞིག་སྤེལ་མིན་ཤེས་རྟོགས་བྱུང་ནས་ཁོང་གནམ་གྲུ་ལས་བབ་མ་ཐག་གློ་བུར་དུ་གྷན་དྷིའི་མིང་ནས་བཟུང་སྟེ་ངོ་རྒོལ་སྐད་འབོད་བྱས་ཤིང༌། ཁོང་མི་ཚོགས་ཀྱི་འཚང་ཀའི་ཁྲོད་ལྷུང་ནས་མི་མང་གིས་རྡོ་དང་སྒོ་ང་སོགས་ཀྱིས་ཚོད་མེད་གཞུས། བློ་སྟོབས་ལྡན་པའི་དབྱིན་ཇི་ཉེན་རྟོགས་པ་ཞིག་གི་བཟའ་ཟླས་ཁོང་སྲུང་སྐྱོབ་བྱས་ཏེ། ཉེན་རྟོགས་པ་མ་སླེབས་བར་དུ་ཁོང་དང་ལྷན་དུ་ཞབས་ཐང་ངང་གནམ་ཐང་ནས་ཕྱིར་བུད། དེ་ནས་ཁོས་རྒྱ་གར་ཉེན་རྟོགས་པའི་ལྭ་བ་ཞིག་གྱོན་ཏེ་ཁོང་ཁྲོ་དྲག་ཏུ་ཁྲོས་པའི་མི་ཚོགས་ཁྲོད་ནས་ཕྱི་ལོག་གི་སྒོའི་ཐད་ཐེ་ཚོམ་མེད་པར་བྲོས་པ་ན་ཉེན་རྟོགས་དཔོན་པོ་ཞིག་གིས་མི་ཚོགས་ཀྱི་མདུན་ནས་བཀག

གྷན་དྷི་ལགས་ལྷོ་ཨ་ཧྥེ་རི་ཀར་ཡོད་སྐབས་ཀྱི་ལོ་ཟླ་དག་ལ་ཁོང་གི་རྗེས་འཇུག་རྒྱ་གར་བ་ཚོས་ཆེད་དུ་ལས་འགུལ་སྤེལ་བ་དང༌། ཁོང་ཚོའི་གནས་སྟངས་ཡར་རྒྱས་ཀྱི་ཆེད་དུ་ཕྱག་ལས་གནང༌། ཁོང་ཚོར་འོས་འཚམ་གྱི་སྲིད་གཞུང་བཙུགས་པ་སོགས་བརྗོད་ཀྱིས་མི་ལངས་ཤིང་ཁོང་གིས་དཔལ་འབྱོར་མཁོ་སྒྲུབ་རྒྱ་ཆེན་བྱེད་པའི་ལམ་བུ་སྤངས་ཏེ་མི་ཉམ་ཐག་གམ་སྐྱོ་བོ་དག་དང་མཉམ་ཞུགས་ཀྱིས་ལས་ཀ་བྱས། ཁོང་གི་བཟའ་ཟླས་ཁོང་གི་ལས་ཀ་ཅི་བྱས་ལ་རོགས་རམ་བྱས་ཏེ་བློ་སྟོབས་གོང་འཕེལ་གྱིས་མུ་མཐུད་ལས་ཀ་བྱེད་དུ་བཅུག་པ་དང༌། ལྷོ་ཨ་ཧྥེ་རི་ཀར་སྤེལ་པའི་ལས་འགུལ་དག་གིས་མ་འོངས་པའི་རང་ཉིད་ཀྱི་རྒྱལ་ཁབ་ལ་ཕན་ངེས་ཀྱི་ཡིད་ཆེས་བརྟན་པོ་རྙེད། ཁོང་ལ་བསམ་བློའི་འཐབ་རྩོད་ཀྱི་ཡིད་ཆེས་ཇེ་ཆེ་ནས་ཇེ་ཆེར་གྱུར། ལས་འགུལ་འདི་ནི་མ་རུང་བ་དང༌། འཐབ་འཛིང༌། འཁོན་འཛིན། སྡང་སེམས་བཅས་ཀྱི་ཁ་གཏད་དུ་གྱུར།  ཡིན་ན་ཡང་དྲང་བདེན་མིན་པའི་བཀོད་མངགས་དང་ཁྲིམས་ལུགས་ལ་བྱམས་བརྩེ་ལྡན་པའི་ཐབས་ཤེས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱས། རྗེས་སུ་གཞུང་གི་ལས་བྱེད་རྒྱ་གར་པ་དེ་ཚོ་ཡང་གྷན་དྷིའི་དགོངས་ཚུལ་གྱི་རྗེས་སུ་གང་ཐུབ་འགྲོ་བར་བརྩམས།  གྷན་དྷི་ལགས་ཐེངས་མང་པོར་བཙོན་དུ་བཅུག་ན་ཡང༌། ཁོང་གི་རྗེས་འཇུག་པ་རྣམས་ཀྱིས་མུ་མཐུད་ཁོང་གི་ལས་འགན་བླངས། ༡༩༡༤ལོར་གྷན་དྷི་ལགས་ལྷོ་ཨ་ཧྥེ་རི་ཀ་དང་ཁ་བྲལ་སྐབས། ལྷོ་ཨ་ཧྥེ་རི་ཀའི་ནང་ས་བཟུང་ཡོད་པའི་རྒྱ་གར་པ་ཚོའི་གནས་སྟངས་ལ་སྔ་ན་མེད་པའི་ཡར་རྒྱས་བྱུང་ཡོད།

འཛམ་གླིང་འཁྲུག་ཆེན་གཉིས་པ་འགོ་ཚུགས་པའི་སྐབས་དེར་གྷན་དྷི་ལགས་ཀྱིས་ཁོང་རང་ཉིད་འགོ་ཁྲིད་ཅིག་ཏུ་འགྱུར་རེ་དང་བཅས་ཕྱིར་རྒྱ་གར་དུ་ལོག ཁོང་གིས་ལྷོ་ཨ་ཧྥེ་རི་ཀར་ཕྱག་ལས་གནང་སྐབས་ཀྱི་རྗེས་འཇུག་པ་ཚོ་དང༌། ས་ཆ་གཞན་གྱི་མི་གང་འཚམ་ཞིག་གིས་དུས་རྒྱུན་གྷན་དྷིའི་སྐོར་གླེང་སློང་བྱས། ཁོང་གིས་ཨ་མེ་ད་བྷེ་ཊིའི་ཉེ་སར་གནས་བཅས་པ་དང༌། དེར་ཨ་ཞི་རམ་མམ་ཆོས་ལུགས་ཀྱི་ཚོགས་པ་ཞིག་ཀྱང་དབུ་བརྙེས། མི་སུ་དང་རིགས་རྒྱུད་གང་ཞིག་ཡིན་ཡང་ཁོང་གི་ཚོགས་པ་དེར་ཞུགས་ཆོག་པའི་འབོད་སྐུལ་ཡང་བྱས། ཡིན་ན་ཡང་གལ་སྲིད་དེར་ཞུགས་ཚེ། གཤམ་གསལ་དམ་བཅའ་འདི་དག་ངེས་པར་དུ་ཁས་ལེན་བྱེད་དགོས།

ནི་ནམ་ཡང་བདེན་པར་སྨྲ་བ།
མི་གཞན་ལ་འཛིང་རེས་མི་བྱེད་པ།
འཁོན་སེམས་མི་འཛིན་པ།
སོ་སོའི་འཕྲོད་བསྟེན་ལ་གནོད་པའི་ཟས་རིགས་མི་སྤྱོད་པ།
ངེས་པར་དུ་མི་མཁོ་བའི་ཅ་དངོས་བདག་གིར་མི་བྱེད་པ་བཅས་ཡིན།

ཧིན་དྷིའི་ཆོས་ལུགས་པའི་ནང་རེགས་མི་རུང་བའི་རིགས་དམའ་བའི་མི་ཡོད་སྟབས། གྷན་དྷི་མཆོག་གིས་དེ་དག་ཚོགས་པའི་ནང་དུ་བསུ་བར་ཐུགས་རེ་བཅངས། རེགས་མི་རུང་བའི་ཁྱིམ་ལས་མི་ཞིག་ཚོགས་པར་ཞུགས་ཚེ་རྙོག་དྲ་ལངས་ངེས་ལ། ཁྱིམ་མཚེས་ཚོས་ཁོང་ཚོར་མཉམ་དུ་ལས་ཀ་བྱེད་མི་ཆོག་པའི་སྡིགས་ར་བསྐུལ་བ་དང༌། དེ་མ་ཐག་ཧིན་རྡུའི་ཆོས་ལུགས་པ་འབྱོར་ལྡན་ཚོས་ཚོགས་པར་རོགས་དངུལ་སྤྲོད་བཞིན་པ་དེའང་མཚམས་བཅད། དེ་སྐབས་གྷན་དྷི་རང་ཉིད་ལ་ཉེན་ཁ་ཅི་ཡང་མ་བྱུང་ནའང༌། ཁོང་གིས་ཚོགས་པ་ཆ་ཚང་རིགས་དམའ་བ་ཚོ་སྡོད་ཡུལ་གྱི་གྲོང་ཁྱེར་དུ་སྤོར་རྒྱུའི་འཆར་གཞི་བཏང༌། ཁོང་གིས་འཆར་གཞི་དེ་འདྲ་ཞིག་འཐེན་དོན་ནི་ཁོང་ཚོ་ཚང་མས་ལས་རིགས་དམའ་བ་སྒྲུབ་ཆོག་པ་དང༌། དེར་རེགས་མི་རུང་བའི་རིགས་ཀྱང་ཞུགས་ཐུབ་པས་ཡིན། འཆར་གཞི་འདི་དག་བཟོས་པའི་སྐབས་དེར་ཁ་ཆེའི་ཚོང་བ་ཞིག་གིས་གྷན་དྷི་ལགས་ཟུར་དུ་སྐད་བཏང་སྟེ་ཨ་ཞིས་རམ་ལ་དངུལ་གྱིས་རོགས་རམ་བྱེད་རྒྱུའི་ཁས་བླངས། ཕྱི་ཉིན་མི་དེས་ཚོགས་པར་ལོ་གཅིག་ལ་འདང་ངེས་ཀྱི་དངུལ་ཕོན་ཆེན་ཁྱེར་དེ་ཕེབས། གྷན་དྷི་མཆོག་ཐུགས་དགྱེས་ནས་ང་ཚོར་དཀོན་མཆོག་གིས་རོགས་དངུལ་བསྐུར་ཡོང་བ་རེད་ཅེས་བཤད།

ལས་འགུལ་འདི་ནི་རེགས་མི་རུང་བའི་མི་སྟེ་རིགས་དམའ་བ་ཚོས་རྒྱ་གར་བའི་མི་ཚེའི་ཁྲོད་ཐོབ་ཐང་གསར་པ་ཞིག་ཐོབ་པའི་དུས་ཐོག་མ་དེ་རེད། སྐབས་དེ་ནས་བཟུང་མཧཱ་ཏ་མ་གྷན་དྷིས་ཁོང་གི་སྐུ་ཚེ་རང་ཡུལ་གྱི་སྣམ་བུའི་ལྭ་བ་དཀྱུས་མ་དེ་གྱོན་ནས་བསྐྱལ། གྷན་དྷིའི་རླབས་ཆེན་གྱི་དམིགས་ཡུལ་ནི་ཁོང་གི་སྐུ་ཚེའི་རིང་མི་སྐྱོ་བོ་དང༌། སྡུག་བསྔལ་གྱིས་མནར་བ་དག་གི་གནས་བབ་ཡར་རྒྱས་སུ་གཏོང་རྒྱུ་དང༌། ཕྱོགས་གང་ཅིའི་ཐད་འཚེ་བ་མེད་པའི་སྒོ་ནས་མི་མང་ལ་རོགས་རམ་བྱེད་རྒྱུ་དེ་ཡིན་ལ། ཁོང་གིས་དོན་མེད་དུ་རྙོག་དྲ་སློང་མཁན་རིགས་ལ་ངོ་རྒོལ་བྱེད། སྐབས་དེར་ཁོང་གིས་ཞིང་ལས་པ་ཚོའི་ཁྲོད་འཚོ་བ་སྐྱོ་བོ་ཡིན་མཁན་ཚོ་རྩད་གཅོད་བྱས་ནས་བསྡུ་རུབ་གནང་སྟབས་མི་བརྒྱ་ཕྲག་མང་པོ་ཁོང་གི་འཁྲིས་སུ་འདུས། དེ་དག་ཁྲོད་ཁོང་གི་གྲོགས་པོ་ཞིག་ཡོང་སྟེ། ཁོང་ཚོར་རོགས་རམ་བྱེད་རྒྱུ་བྱས་པ་དེ་ནི་དབུལ་བོ་དེ་ཚོར་མཚོན་ན་ཧང་སངས་དགོས་པའི་གནས་ཚུལ་ཞིག་ཏུ་གྱུར། དུས་དེར་ཉེན་རྟོགས་པས་གྷན་དྷི་འཛིན་དགོས་པའི་བཀོད་མངགས་བྱས་ཏེ་འཛིན་བཟུང་བྱས་པ་དང༌།

ཁྲིམས་རར་ཁོང་གིས་ཅིའི་ཕྱིར་བཀའ་གསུང་དང་ལེན་བྱེད་མ་ཐུབ་པའི་འགྲེལ་བཤད་བྱས། ཁྲིམས་འགལ་བྱས་ཚུལ་དང་ཉེས་ཆད་བཅད་ཆོག་ཚུལ་ཡང་བཤད་པས་ཁྲིམས་ར་ནས་ཐག་གཅོད་མ་ཐུབ་པར་གློད་བཀྲོལ་བཏང༌།

འདི་ནི་ཐོག་དང་པོའི་གོམ་པ་གལ་ཆེན་ཞིག་སྟེ། རྒྱ་གར་གྱི་ས་ཁུལ་མང་པོ་ཞིག་ཏུ་ཁྲིམས་ལུགས་ལ་བསམ་ཞིབ་མ་བྱས་པར་དྲང་བདེན་མིན་པའི་ཁྲིམས་ལུགས་བེད་སྤྱོད་ཀྱིས་ཉེས་ཆད་བཅད་དེ་ལྷིང་འཇགས་བཟོ་བཞིན་པའི་རྣམ་པ་རྟོགས་པ་དེ་རེད། ག་ལེར་རྒྱ་གར་མི་མང་གིས་དྲག་སྤྱོད་འཐབ་རྩོད་ལས་མཧཱ་ད་མའི་བྱམས་བརྩེའི་འཐབ་རྩོད་ཀྱི་དོན་སྙིང་རྟོགས་པ་དང༌། ༡༩༣༠ལོར་ཚྭའི་འོས་ལངས་བྱུང་ངོ༌།

ཁྲིམས་ལུགས་ལྟར་ན་སུས་ཀྱང་རྒྱ་མཚོའི་ཆུ་ལས་ཚ་ལེན་མི་ཆོག་པར་ངེས་པར་དུ་སྲིད་གཞུང་གི་ལག་ནས་ཉོ་དགོས་པ་ཡིན་མོད། འོན་ཀྱང་གྷན་དྷིས་བསམ་ཞིབ་བྱས་མཐར། འདི་ནི་དྲང་བདེན་གྱི་ཁྲིམས་ལུགས་ཤིག་མིན་པར་རྟོགས་ཏེ་ངོས་ལེན་མ་བྱས། བདུན་ཕྲག་གསུམ་གྱི་རིང་འཛམ་གླིང་ཡོངས་ཀྱིས་སྐབས་དེའི་རྒྱ་གར་གྱི་ཡ་ང་བའི་གནས་བབ་ལ་བལྟས་ཡོད་ལ། ལོ་ན་ཅུང་ཟད་རྒས་པའི་མི་ཞིག་གིས་རང་ཉིད་ཀྱིས་བཟོས་པའི་སྣམ་བུ་དཀར་པོ་ཞིག་གོན་ཏེ་བློ་སྟོབས་ཆེན་པོས་མདུན་བསྐྱོད་བྱས་ཤིང༌། མི་ཚོགས་འཚང་ཀ་དང་བཅས་ཁོང་གི་རྗེས་སུ་ཞུགས་པ་དང༌། མི་མང་གྲོང་གསེབ་དང་གྲོང་གསེབ་བྱས་ནས་རྒྱ་མཚོར་མ་ཐུག་བར་དུ་མདུན་ནས་མདུན་དུ་བསྐྱོད། དེར་ཁོས་ཚྭ་ཡིད་ཚིམས་པ་བླངས་པ་དང༌། སྲིད་གཞུང་གིས་མི་མང་ལག་ནས་ཚྭ་ཕྱིར་ལེན་མ་ནུས། གྷན་དྷི་ཐེངས་ཤིག་བཙོན་ཁང་དུ་བཅུག་ན་ཡང་ཡུན་རིང་མ་འགོར་བར་གློད་བཀྲོལ་བཏང༌། རྒྱ་གར་མི་མང་གི་འོས་ལངས་དེ་སོ་སོའི་རྒྱལ་ཁབ་ཀྱི་ཕྱོགས་སུ་གཏད་ཡོད་ཅིང་གྷན་དྷིར་ཡང་སོ་སོའི་རྒྱལ་ཁབ་མཁོ་ན་ཡང་ཁོས་རྒྱ་གར་མི་མང་གི་བློ་གཏད་དེ་མཐའ་གཅིག་ཏུ་དཀོན་མཆོག་ལ་བཅོལ་ཡོད།  ཁོང་གིས་གསུང་དོན་དེ་ལ་གདེང་ཚོད་ཆེན་པོ་མེད་ཅིང་ང་ཚོས་དེའི་ཕྱོགས་སུ་འབད་བརྩོན་གྱིས་ང་ཚོའི་ཆེད་དུ་རྒྱལ་ཁ་ཐོབ་པར་བྱེད་དགོས་ཞེས་བཤད། སྐབས་དེའི་རྒྱ་གར་གྱི་དབྱིན་གཞུང་གིས་རྒྱ་གར་ལ་རང་བཙན་སྤྲོད་འདུན་མེད་པར་བརྟེན། ཁོང་གིས་དབྱིན་ཇིའི་གཞུང་ལ་སྙན་ཞུ་འདྲ་མིན་ཕུལ་ཏེ་ཁ་གཏད་བཅག་མོད། འོན་ཀྱང་ཁོང་གིས་བྱམས་བརྩེ་གོང་བཀུར་དང་བཅས་ཁོང་ཚོ་ལ་སྡང་སེམས་བཟུང་མེད། ཁོང་གིས་དེ་ལྟར་ལས་འགུལ་སྤེལ་པའི་ཤུགས་ཆེ་བར་བརྟེན། ཐེངས་ཁ་ཤས་ལ་བཙོན་དུ་བཅུག རྗེས་འཇུག་པ་ཚོས་ཁོང་གི་ཐུགས་དགོངས་བཞིན་མ་སྒྲུབ་པར་དྲག་པོའི་འཐབ་རྩོད་བྱས་ཚེ། ཟ་མ་མ་བཞེས་པར་བཞུགས་པ་དང༌། ཐེངས་ཁ་ཤས་རྒྱུན་རིང་པོར་ཟ་མ་མ་བཞེས་པར་ཤི་ལ་ཉེ་བར་གྱུར། ཁོང་གི་རྗེས་འཇུག་པ་ཇེ་མང་དུ་སོང་བ་དང༌། སྟོབས་ཤུགས་ཀྱང་ཇེ་ཆེར་གྱུར། མི་ཚོགས་མང་པོ་འཚང་ཁ་དང་བཅས་ཁོང་ལ་མཇལ་བར་བཅར་ཏེ་གསུང་ལ་ཉན་པར་སླེབས། རྒྱ་གར་རྒྱལ་ཡོངས་ཀྱིས་ཁོང་གི་གསུང་རྩོམ་ཀློག་པ་དང༌། རྒྱ་གར་མངའ་སྡེ་གཞན་གྱི་དབུ་ཁྲིད་དང་འཛམ་གླིང་རྒྱལ་གཞན་གྱི་འགོ་ཁྲིད་དག་ཀྱང་ཁོང་ལ་བཀའ་མོལ་ཞུ་བར་འབྱོར་ཏེ། ཁོང་ཚོའི་འཆར་གཞི་བཤད་པ་དང༌། ཁོང་གི་འཛམ་གླིང་ལ་ཕྱོགས་པའི་ཞི་བདེ་དང༌། བྱམས་བརྩེའི་སྐོར་ལ་ཡང་གསུང་མོལ་གནང༌། སོ་སོའི་རྒྱལ་ཁབ་ཀྱི་ཆེད་དུ་འཐབ་རྩོད་རྒྱུན་རིང་བྱས་མཐར་འཆར་གཞི་ལེགས་འགྲུབ་ཀྱི་ཕྱོགས་སུ་འཁོར་པ་དང༌། ལོ་དུ་མའི་རྗེས་སུ་ལས་འགུལ་དེས་རྒྱ་གར་ལ་རང་བཙན་བསྐྲུན། མི་ཚང་མས་གྷན་དྷི་མཆོག་གིས་གཞན་ལས་ལྷག་པའི་སྐུ་ངལ་བསྐྱོན་ཏེ་རྒྱ་གར་ལ་རང་བཙན་ཐོབ་པར་བྱས་པ་རྟོགས་ཡོད་མོད། གྷན་དྷིས་དཀའ་སྡུག་གི་ངང་ནས་རྒྱལ་ཁ་བླངས་པ་དེ་ལྟར་ན་ཡང༌། ཁ་ཆེའི་ཆོས་ལུགས་པའི་རྗེས་འཇུག་པ་དང༌། ཧིན་རྡུའི་ཆོས་ལུགས་ཀྱི་རྗེས་འཇུག་པ་ཚོས་རྒྱ་གར་རྒྱལ་ཁབ་ཆ་བགོས་བྱེད་དགོས་ཚུལ་དང༌། དེ་གཉིས་ད་ལྟ་རྒྱལ་ཁབ་གཉིས་ཡིན་ཚུལ་གྱི་རྙོག་འཛིང་ཅན་གྱི་རྩོད་གླེང་བྱུང༌། གྷན་དྷི་ལགས་སོ་སོའི་རིགས་ལ་ཧ་ཅང་དགའ་ཞེན་ཆེ་ན་ཡང༌། ཡ་ང་བའི་གནད་དོན་དེ་རྒྱལ་ཁབ་གཉིས་སུ་ཁག་བགོས་བྱེད་དགོས་ཚུལ་ཀྱི་རྩོད་གླེང་དེས་ཁོང་ལ་སྡུག་བསྔལ་བསྐྲུན།

རྒྱ་གར་གྱི་མངའ་ཁུལ་མང་པོ་ཞིག་ནས་ནང་འཁྲུག་བྱུང་བ་དང༌། དམིགས་བསལ་གྱིས་ཧིན་རྡུ་པ་དང་ཁ་ཆེ་ཚོ་ཕྱོགས་ཁག་སོ་སོ་བྱས་ནས་ཕྱོགས་གཉིས་བར་འཁྲུག་འཛིངས་ཇེ་ཆེར་གྱུར་རྐྱེན། སྐྱེས་པ་དང༌། བུད་མེད་བྱིས་པ་སོགས་མང་པོ་ཞིག་བསད་པ་མ་ཟད། མི་སྟོང་ཚོ་བརྒྱ་ཕྲག་མང་པོར་ཁྱིམ་མེད་པར་གྱུར་ཏེ་སྡུག་བསྔལ་གྱིས་གནོན་པར་གྱུར། འཁྲུག་རྩོད་མཚམས་མ་བཞག་བར་དུ་གྷན་དྷིས་ཟས་བཅད་ངོ་རྒོལ་བྱས་པས། གྷན་དྷི་ཡོད་སའི་མངའ་ཁུལ་དེར་མངའ་ཁུལ་གཞན་ལྟར་ཡུན་རིང་མ་སོང་བར་ཞི་བདེས་ཁྱབ་པ་དང༌། ཧིན་རྡུ་དང་ཁ་ཆེ་ཕྱོགས་གཉིས་ཀས་གོང་བཀུར་བྱས་པར་བརྟེན་མཐའ་མར་ཞི་བདེ་ངང་གནས་ཐུབ་པར་གྱུར་མོད། འོན་ཀྱང་གྷན་དྷིའི་མི་ཚེ་རྫོགས་ལ་ཉེ། དེ་རྗེས་༡༩༤༨ ཟླ་དང་པོའི་སུམ་ཅུ་ཉིན་ཁོང་བཞུགས་གནས་ནས་ག་ལེར་ཆོས་ཁང་གི་ཕྱོགས་སུ་བློ་རྩེ་གཏད་དེ་འགྲོ་སྐབས་ཧིན་རྡུ་པ་ན་གཞོན་ཞིག་གིས་ཁོང་གིས་ཁ་ཆེ་བ་ཚོར་མཛའ་མཐུན་བྱེད་ཀྱི་འདུག་པས་ཧིན་རྡུ་པར་ཕོགས་ཐུག་བཏང་སོང་སྙམ་སྟེ་མི་ཚོགས་ཁྲོད་ནས་མདུན་དུ་མཆོང་སྟེ་གྷན་དྷིའི་ཕོ་བའི་སྟེང་མེ་མདའ་བརྒྱབ། སྐར་མ་འགའི་རྗེས་སུ་རྨས་ཟིན་པའི་གྷན་དྷི་ལགས་ཁྱེར་ཡོང་བའི་ཁང་བ་ལས་མི་ཞིག་ཕྱིར་ཐོན་ཏེ་རེ་སྒུག་བྱེད་བཞིན་པའི་མི་ཚོགས་ལ་གྷན་དྷི་གྲོངས་སོང་ཞེས་བཤད།

རྒྱ་གར་གྱི་རླབས་ཆེན་དབུ་ཁྲིད་གཞན་ཞིག་སྟེ། པཎ་ཌི་ཏ་ནེ་རོ་༼རྒྱ་གར་རང་བཙན་ཐོབ་མ་ཐག་པའི་སྲིད་བློན། སྒྱུར་མཁན་གྱི་མཆན།༽ ཡིས་མཚན་མོ་དེར་རླུང་འཕྲིན་བརྒྱུད་འོད་སྣང་ང་ཚོ་དང་རྒྱང་དུ་གྱེས་སོང་བས། འཇིག་རྟེན་མུན་པས་ཁེངས་སོང༌། ད་ནས་ང་ཚོའི་རྒྱལ་ཁབ་ལ་ཡབ་ཆེན་མེད་པས། ཕུལ་དུ་བྱུང་བའི་འདས་མཆོད་ནི་ང་ཚོས་སོ་སོའི་བདེན་དོན་གཉེར་དགོས་པ་དེ་ཡིན། ཁོང་ནི་བཟང་སྤྱོད་ཀྱི་ཕྱག་ལས་ཁྲོད་ནས་ནར་སོན་ཞིང༌། བཟང་སྤྱོད་ཀྱི་ཕྱག་ལས་ཁྲོད་སྐུ་གཤེགས་ཞེས་ཁྱབ་བསྒྲགས་བྱས།

ཉིན་ཤས་རྗེས་སུ་ཧིན་རྡུའི་རྗེས་འཇུག་པ་མང་པོ་འཚང་ཁ་དང་བཅས་དངོས་སུ་ཧིན་རྡུའི་ལུགས་སྲོལ་ལྟར། མཧཱ་ཏ་མ་གྷན་དྷིའི་སྐུ་ཕུང་མེར་བསྲེགས་བཏང༌། དེ་ནས་རུས་ཐལ་རྣམས་ཆུ་ལ་གཤགས་ཤིང༌། རླབས་ཆེན་གྱི་སྐྱེ་བོ་གང་དེ་འདས་ཟིན་ན་ཡང༌། བློ་སྲོག་མ་ནུབ་པར་ད་དུང་ཡང་གནས་ཡོད།

ཟུར་ཞུ། དེ་སྔ་ནས་བོད་བསྒྱུར་བྱས་ཟིན་པའི་དམ་པ་གང་གི་ལོ་རྒྱུས་འདི་དེ་རིང་གློག་ཀླད་ལས་ཡང་བསྐྱར་མཐོང་སོང་བ་ལྟར། ཟིན་བྲིས་སུ་བཀོད་ན་གོང་གི་ལོ་རྒྱུས་ཤེས་འདོད་པ་དག་ལ་ཕན་ཆེ་བར་སྙམ་ནས་བཀོད་པ་ཡིན་མོད། འདིའི་ཁྲོད་གོ་བོར་དུ་སོང་བ་དང་བསྒྱུར་ཉེས་སུ་སོང་བ་མང་པོ་ཞིག་ཅི་བས་ཡོད་ངེས་ན་ཤེས་ནས་སྨྲ་བ་དག་གིས་མཛུབ་མོས་རི་སྟོན་རེ་བྱེད་རྒྱུར་རེ་བས་སྒུག་ནས་བསྡད་ཡོད།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།