MonAugMon2017

སྤེལ་དུས་མཐའ་མ།05:18:50 AM GMT

རྩོམ་གསར།:

ལོ་ཙཱ་དང་སྐད་ཡིག་དམར་གསོད་བྱེད་པའི་བརྒྱུད་རིམ།

ཐོན་མི་སམ་བྷོ་ཊ།

ལོ་ཙཱ་ཞེས་པའི་གོ་རིམ་བརྒྱུད་ནས་སྐད་ཡིག་ཆེ་བས་ཆུང་བ་ཁྱུར་མིད་བཏང་བའི་དུས་རབས་དག་གི་གཏམ་རྒྱུད་བཀླགས་དུས། ལུས་ཟུངས་ནད་ཀྱིས་ཟིན་པའི་གངས་ཅན་སྐད་ཡིག་གི་འཆི་ལྟས་ལ་རང་དབང་མེད་པར་སྐད་ཆ་ཁ་ཤས་ངག་ནས་ཤོར་སོང༌།

དེ་ཡང་རང་ཅག་ས་སྒང་འདིར་འཚོ་ཞིང་གཞེས་ནས་སྐད་ཆ་སྨྲ་ཤེས་པ་དང༌།དེ་ནས་རིམ་བཞིན་ཡི་གེ་བྱུང་སྟེ་ད་བར་ཧ་ལམ་ལོ་ངོ་༡༤༠༠ལྷག་གི་ལོ་རྒྱུས་ཡོད། འདི་འདྲའི་དུས་ཡུན་རིང་བོའི་ནང་ང་ཚོས་རང་ཉིད་ཀྱི་སྐད་དང་ཡི་གེ་བེད་སྤྱོད་བཏང་ནས་རང་རྐྱ་ཐུབ་པའི་རིག་གནས་དང་ཡུལ་སྲོལ་གོམས་གཤིས།འདུ་ཤེས་འཛིན་སྟངས་དང༌། འཚོ་བ་སྐྱེལ་སྟངས་ལ་སོགས་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྣ་མང་རང་བཞིན་ཅན་ཞིག་ཏུ་གྱུར་ཅིང༌། དེ་གོ་བར་བྱེད་པའི་སྐད་དང་བརྡ་ཡང་ཆོས་ཉིད་ལྟར་རིམ་པར་ཆགས་ཡོད་ལ། སྦྱོར་སྲོལ་དང་བརྗོད་དོན་ཐད་ཀྱང་ཅུང་གཏན་འཇགས་ཀྱི་རྣམ་པ་ཞིག་བྱུང་འདུག ཡིན་ན་འང་མི་མང་བོ་ཞིག་ཤི་ཞིང་སྐད་མང་བོ་ཞིག་རུལ་བའི་དུས་རབས་ཀྱི་སོ་ཁ་ནས་ང་ཚོའི་མི་རིགས་འདི་དང་སྐད་ཡིག་འདི་ཡང་སྲོག་ཉེན་དུ་འཕྲད་ཅིང༌། འཆི་ལྟས་བྱུང་ནས་ཤི་བའི་གོ་རིམ་ཁྲོད་ད་སྐབས་ངག་འཁྱལ་ལྡབ་ལྡིབ་དང་སྦྱོར་བ་འཁྱར་འཁྱོར་དུ་གྱུར་ཏེ་གང་ཡང་གཏད་སོ་མེད་པ་ལྟ་བུ་ཞིག་ཏུ་ཆགས་ཡོད། བརྡའི་སྦྱོར་སྲོལ་ཡང་རིམ་བཞིན་ཚིག་ལྷག་མང་ཞིང༌། སྦྱོར་བ་འཁྱོལ་བ། བརྡ་ལོག་མང་བ། མགོ་ཆད་མཇུག་ཟླུམ་དུ་གྱུར་བའི་སྐད་བརྡ་ཤི་མ་གསོན་ཞིག་ང་ཚོའི་མིག་མདུན་རང་ཚུགས་མ་ཐུབ་པར་འཁྱར་འཁྱོར་ངང་ལྷག་པས། འདི་འདྲའི་སྐད་བརྡ་ཡ་མ་གཟུགས་ཤིག་དེང་རབས་སྤྱི་ཚོགས་སུ་རོ་ལངས་བྱས་པའི་རྒྱུ་མཚན་ནི་གཙོ་ཆེར་ལོ་ཙཱའི་རིག་གནས་ཀྱི་བྱེད་སྒོ་ཐ་ཆད་ཅིག་ལ་ཐུག་འདུག་གོ། སྤྱིར་ན་ལོ་ཙཱ་ཞེས་པ་ནི་རིག་གནས་ཕན་ཚུན་བརྗེ་རེས་ཀྱི་རྣམ་པ་ཞིག་ལ་ཟེར་ཞིང༌། ལོ་ཙཱའི་འབྲེལ་ཟམ་གྱི་བརྒྱུད་རིམ་ཁྲོད་མི་རིགས་དང་རྒྱལ་ཁབ་ཕན་ཚུན་བར་རིག་གནས་འབྲེལ་འདྲིས་དང་སྲོལ་རྒྱུན་འདོར་ལེན་སོགས་བྱེད་ཆོག་ནའང༌། བདག་གིས་གཤམ་དུ་གླེང་ཟིན་པ་བཞིན་ལད་ཟློས་རིག་པའི་ཁོངས་སུ་གཏོགས་པས་ལེགས་ཉེས་ཀྱི་ཆ་ལ་འང་མནོ་བསམ་ཞིབ་མོ་ཞིག་གཏོང་རན་འདུག དེང་སྐབས་རྒྱ་ནག་རིག་གནས་ཀྱི་གོམ་སྟབས་རང་ཅག་སྒང་བ་བོད་པ་ཚང་གི་པང་དུ་སྤོས་པ་དང་བསྟུན་ནས་ང་ཚོའི་ས་ཁུལ་དག་ཏུ་རྒྱ་བོད་ཡིག་རིགས་ཐར་ཐོར་རེ་ཤེས་པ་དང༌། རྒྱ་སྐད་ལྡབ་ལྡིབ་རེ་སྨྲ་བ། ཁོ་བོ་དང་ཁོ་བོ་འདྲ་བ་ཡིན་མིན་ཅི་རིགས་ཤིག་བྱུང་ཞིང༌། ལོ་ཙཱ་བྱེད་ཤེས་མིན་གང་མང་ཞིག་གིས་ཀྱང་ལོ་ཙཱའི་ལས་རིགས་བགྱིས་ཏེ་ཚད་མཐོ་བའི་ལོ་ཙཱའི་རིན་ཐང་ཡང་རྩིས་མེད་དུ་གཏོང་གིན་ཡོད། མི་རིགས་རང་ཉིད་ཀྱི་སྐད་དང་ཡིག་གེའི་མར་དྲི་དང་རྩམ་དྲི་ཡང་རིམ་བཞིན་གྲོང་ཁྱེར་གྱི་སྐྱག་དྲིར་བསྒྱུར་ནས་སྐད་ཡིག་དམར་གསོད་ཀྱི་ལས་འབའ་ཞིག་བགྱི་བཞིན་པ་ནི་ཤིན་ཏུ་ཡིད་སྐྱོ་བ་ལ་འང༌། རྒྱའི་བརྡ་དང་སྦྱོར་བའི་ཤན་ཞུགས་ནས་དུས་གསུམ་གྱི་སྦྱོར་ལུགས་དང༌། བྱ་ཚིག་དང་མིང་གི་བཀོལ་སྟངས་སོགས་བོད་རང་གི་སྐད་ཆའི་བརྡ་སྤྲོད་ཀྱི་ཆོས་ཉིད་མང་བོ་ཞིག་ཉམས་ཤིང་ཉོག་ནས་ར་མིན་ལུག་མིན་གྱི་སྐད་བརྡ་ཡ་མ་གཟུགས་ཤིག་ལ་གཅེས་སྐྱོང་བྱེད་ཀྱིན་གདའ། བདག་གིས་འདིའི་ཕྱོགས་ནས་དཔེ་མང་བོ་འདྲེན་མི་དགོས་པར་སྔོན་བྱོན་མཁས་པ་ཚོའི་བརྩམས་ཆོས་གླེགས་བམ་དུ་གསུངས་ལྟར།འདི་འང་སྐད་བརྡའི་གཞན་འགྱུར་གྱི་རྣམ་པ་ཞིག་ཏུ་གོ་ན་མི་ཆོག་པ་མེད་ཀྱང༌། རྒྱ་ནག་རིག་གནས་ཀྱི་གོམས་སྟབས་ཆེན་པོའི་ཐུ་འོག་ནས་ཡིག་སྒྱུར་ལོ་ཙཱ་ཙམ་དུ་མ་ཟད། མི་དམངས་ཕལ་བ་དག་གིས་ཀྱང་ཉིན་རྒྱུན་འཚོ་བའི་ཁྲོད་ཀྱི་བརྡ་འཕྲིན་མང་བོ་བརྙན་འཕྲིན་དང་རླུང་འཕྲིན། དྲ་རྒྱ་སོགས་ནས་སེམས་གཏིང་དུ་སྡུད་ལེན་བྱེད་དགོས་པར་བརྟེན། དེའི་རོལ་རྩེད་ཀྱི་མཚར་སྣང་དང་ཡིད་འགུག་གི་ནུས་པས་བྱིས་པ་ཆུང་ངུ་ནས་རྒན་པ་སྐྲ་དཀར་གྱི་བར་འཚོ་བའི་སྤྱོད་སྟངས་དང༌།བསམ་པའི་འཁྱེར་སོ། སྐད་བརྡ་བཀོལ་སྟངས་ཀུན་འགྱུར་ཅིང༌། མདོར་ན། ཡིག་སྒྱུར་དང་ངག་སྒྱུར་ཁྲོད་ལོ་ཙཱ་ཞེས་པའི་ཐ་སྙད་སྦྱོར་ཆོག་མིན་ཅི་རིགས་ཤིག་དེས་དུས་ཀྱི་འཚོ་བའི་འགྱུར་ལྡོག་དང་བསྟུན་ནས་བོད་ཡིག་དང་བོད་སྐད་བརྡ་གཞན་དུ་བསྒྱུར་བར་བརྟེན། བོད་ཀྱི་མི་གཤིས་དང་ཀུན་སྤྱོད། རིག་གནས་འདུ་ཤེས་དང་བསམ་བློ་གཏོང་ཕྱོགས་ལ་སོགས་ཀྱང་གཞན་དུ་ལོ་ཙཱ་བྱེད་བཞིན་ཡོད། ནང་སྒོས་སུ་འདི་དག་ནི་དེང་དུས་ཀྱི་ལོ་ཙཱ་ཞེས་པའི་དམིགས་ཡུལ་ཙམ་ཡིན་ནའང༌། ཁ་ཕྱོགས་ནོར་ན་རང་རྐྱ་ཐུབ་པའི་མི་རིགས་གཞན་དུ་འགྱུར་ཞེས་པ་ལྟར། སྐད་ཡིག་འདིའི་དབུགས་ཀྱི་རྒྱུ་བ་ཆད་དེ།རང་ཅག་མི་རིགས་འདི་འང་ས་སྒང་རིལ་མོ་འདིར་དབུགས་ཀྱི་རྒྱུ་བ་འགག་ནས་དུར་ས་འདེབས་དགོས་པའང་སྲིད་ལ། འདི་འདྲའི་སྐད་ཡིག་དམར་གསོད་དང་མི་རིགས་གཞན་བསྒྱུར་གྱི་ལོ་ཙཱའི་བྱ་བ་ད་ནས་མཚམས་བཞག་ན་འགྲིག ང་ཚོའི་སྐད་ཡིག་འདིའི་སྐད་བརྡའི་སྲོག་རྩ་ཆད་ཅིང༌།བརྡ་སྙིགས་ཀྱི་ལྡམ་ལྡུམ་མང་པོ་ཞིག་གཤིན་ས་རུ་སྐྱེས་པས། རང་གི་སྐད་བརྡའི་ཁྱད་ཆོས་ཀུན་ཀྱང་ཡོངས་སུ་ཉམས་སྲིད། དེ་བས་ང་ཚོས་ལོ་ཙཱ་བྱ་བའི་གོ་རིམ་ཁྲོད་རྒྱ་བོད་ལོ་ཙཱའི་སྐད་བརྡའི་ཁྱད་ཆོས་སྤྱི་སྡོམ་དང་སྒྱུར་བྱའི་མ་ཡིག་དེར་འོས་འཚམ་གྱི་སྒྱུར་ཐབས་སྤྱད་ནས་ཚད་ངེས་ཅན་ཞིག་གི་སྟེང་དུ་རྒྱའི་བརྡ་ཡི་ཤན་ཤུགས་ཀྱིས་ཟིན་པར་མི་བྱ་བ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་བའི་བོད་སྐད་ཡིག་གི་མདུན་ལམ་ལ་རག་ལས་ཤིང༌། རང་ཅག་མི་རིགས་འདི་དང་རིག་གནས་འདི་ཁ་མི་འཐོར་བའི་བསྡོམ་བྱའི་ཐག་པ་ཉིད་དོ།། སྤྱི་ཡོངས་ནས་བཤད་ལོ་ཙཱ་ནི་སྐད་བརྡའི་བརྗེ་རེས་ཀྱི་རྣམ་པ་ཞིག་ཡིན་པས་ཚད་ངེས་ཅན་ཞིག་གི་སྟེང་ཤན་ཉུང་ངུ་རེ་ཞུགས་པ་དང༌། དུས་རབས་ཀྱི་འགྱུར་ལྡོག་གི་དབང་གིས་ང་ཚོའི་ལྟ་སྤྱོད་ཀུན་འགྱུར་བ་ནི་བདེན་དུ་ཆུག ཡིན་ན་འང་བོད་གནད་མའི་སྐད་ཆའི་སྤྱོད་སྟངས་དང་མི་མཐུན་པའི་བོད་ཡིག་རྒྱ་ལུགས་ཅན་དང་བོད་སྐད་རྒྱ་ཚུགས་མ་ཞིག་གླེང༌།འདི་འདྲའི་ལོ་ཙཱ་བྱ་བའི་གཙོས་རིག་གནས་བྱེད་སྒོ་ནི་རང་ཅག་གི་འཕེལ་རྒྱས་རིགས་ཤིག་རེད་དམ། ཡང་ན་ཉམས་རྒུད་ཅིག་རེད་སོམས་དང་ཤེས་སྲིད་དེ། འདི་ནི་ལོ་ཙཱའི་ཕམ་ཉེས་རིགས་ཤིག་ཏུ་མ་ཟད། སྐད་ཡིག་དམར་གསོད་ཀྱི་ལས་ཤིག་ཏུའང་འཁུམས་ཏེ། འདི་ལྟར་སོང་ན་བོད་སྐད་ཡིག་དང་རིམ་བཞིན་སུམ་རྟགས་དག་གསུམ་གྱི་ངོ་བོ་འགྱུར་ཏེ།སྐད་བརྡའི་རྣམ་གཞག་ཀུན་འཆོལ་ནས་རྒྱ་ཡིག་གི་བརྡའི་རོ་མས་ཟིན་པར་འགྱུར། སྤྱིར་སྐད་གང་ཡིན་ཡང་ཡི་གེའི་རྣམ་གཞག་ལ་བསྟུན་པ་དང༌། ཡང་ཡི་གེའི་རྣམ་གཞག་དེ་ཚུར་སྐད་ལ་བསྟུན་པ་ནི་གནད་དོན་ཞིག་ཏུ་འདུག་པས་ད་དུང་ཐག་གིས་གཅོད་སྔ་ཞིང༌། གང་གང་ལ་བསྟུན་ན་དགེ་མཚན་མང་བར་ཐེ་ཚོམ་ཆེ་ནའང༌། ང་ཚོའི་མི་རིགས་འདིའི་མིག་སྔའི་གནས་བབས་དང་ཡུལ་སྐད་འཆད་ཚུལ་སོ་སོ་བའི་དུས་བབས་ལ་གཞིགས་ནས་དུང་ཞེན་གྱི་གཏམ་ལབ་ན། ཡུལ་སྐད་གང་ཡང་ཕར་སུམ་རྟགས་དག་གསུམ་གྱི་བརྡའི་རྣམ་གཞག་ལ་བསྟུན་པ་ལས་འོས་མེད་དེ། ཐབས་ཀུན་ཀྱི་མཆོག་ཀྱང་དེ་ལས་མ་འདས་སོ།།གཞན་འདི་དུང་ཞེན་རྐྱང་བའི་དབང་དུ་སོང་བ་ལས་གཞན་སྐད་དང༌། རྣམ་གཞག་གི་ཐུན་མིན་ཁྱད་ཆོས་དག་ཚུར་ལེན་གྱི་སྙིང་སྟོབས་ཀྱང་ངེས་པར་དགོས་སོ།། དོན་ངོ་མར་ཡང་ལོ་ཙཱ་བྱ་བ་ནི་སྐད་ཆ་ཡག་པོ་ཞིག་གི་ལམ་ནས་རིག་གནས་བརྗེ་རེས་དང་ནང་འདྲེན་གྱི་བྱེད་སྒོ་ཞིག་རེད་ཅེས་བཤད་ན་མི་ཆོག་པ་མེད་མོད།སྐད་ཆ་ངན་པ་ཞིག་ལབ་ན་དེ་ནི་གཞན་གྱི་རིག་གནས་རང་དུ་བསྒྱུར་ནས་བཀོལ་བར་འདོད་པའི་ཧམ་སེམས་དང་སྒེར་གཅོད་ཀྱི་བྱ་འགུལ་ཞིག་ཏུའང་མི་གླེང་ཐུ་མེད་རེད། སྒྱུར་བྱེད་སྐད་ཡིག་གི་ངོས་ནས་དེ་ནི་རིག་གནས་ཧབ་བཟུང་གི་ལས་ཤིག་དང་འགྱུར་བྱའི་མ་ཡིག་གི་ངོས་ནས་གྱོང་གུད་ཅིག་སྟེ། སྐད་ཡིག་དམར་གསོད་ཀྱི་ལས་འབའ་ཞིག་གོ།།དེ་ལྟར་ན་ད་ལྟའི་རྒྱ་ནག་རིག་གནས་ཀྱི་སའི་ཁྱོན་ཁེབས་པའི་དུས་རབས་ཀྱི་རླུང་ཁ་ནས་ང་ཚོས་ད་དུང་ཡང་ཉམ་ཆུང་བའི་བོད་སྐད་དང་བོད་ཡིག་འདིའི་འཕེལ་རྒྱས་གླེང་ཁུལ་གྱིས་ལུས་ཡོངས་མོན་དུག་གིས་བསླད་ནས་ལོ་ཙཱ་ཡ་མ་བརླ་བགྱིས་ཏེ་སྐད་དང་ཡི་གེའི་ལུས་པོ་ཡ་མ་གཟུགས་སུ་སྒྱུར་བཞིན་པ་རང་ཉིད་ལན་པ་མ་ཡིན་ནམ། གཞན་བཙན་པོའི་དུས་སྐབས་ཀྱི་ལོ་ཙཱའི་གནས་ཚུལ་ལ་བལྟས་ནའང༌། ཆེན་པོ་ཞིག་གླེང་མི་དགོས་ཀྱང༌། བརྗོད་དོན་གཅིག་པོའི་ཆ་ནས་ལབ་ནའང་གཙོ་ཆེར་སྙིང་སྟོབས་རྩ་སློག་དང་ནུས་ཤུགས་འབུར་འཇོམས་རིག་གནས་ཀྱི་ཤས་ཆེ་ཞིང༌། དེ་ལོ་ཙཱ་བགྱིས་ནས་ད་གཟོད་བཙན་པོའི་རྒྱལ་རབས་སྙིང་སྟོབས་དང་བཅས་པ་འཇིགས་ཤིང༌། ཡ་གླིང་ཤར་རྒྱུད་ན་འགྲན་ཟླ་བྲལ་བའི་ཐུ་བྷོད་རྒྱལ་རབས་རིམ་བཞིན་ཁ་ཐོར་དུ་གྱུར་བ་རེད། འདི་ནི་སྔ་རབས་ལོ་ཙཱའི་ནག་ཉེས་ཙམ་དུ་མི་བྲི་ཐུ་མེད་ཡིན་པས་ལད་ཟློས་རིག་པར་གཏོགས་པའི་ལོ་ཙཱ་ལྟ་བ་དག་གི་ལེགས་ཉེས་དང༌། འགྲིག་མིན། བདེན་རྫུན་བཅས་ཀྱི་དབྱེ་འབྱེད་ནི་ཤིན་ཏུ་ནས་གལ་ཆེ་སྟེ། མིག་སྔའི་རང་ཅག་གི་སྤྱི་ཚོགས་སུ་དེ་བས་ཀྱང་གླེང་ངེས་པ་ཞིག་ཏུ་ཟད། དེ་ཡང་བཙན་པོའི་སྐབས་ཀྱི་ལོ་ཙཱ་ནི་གཙོ་བོར་བརྗོད་དོན་ཐད་ནོར་བ་དང༌། དེ་ལ་དུས་བསྟུན་གྱི་གསར་བརྗེ་བྱ་མ་ནུས་པས་ང་ཚོར་ད་ལྟའི་ཕ་ཤི་མ་མེད་ཀྱི་གནས་བབས་ངན་པ་འདི་བྱུང་ཞིང༌། ད་སྐབས་རྗོད་བྱེད་ཐད་འཛོལ་འདུག་པས་ཆེ་ས་ནས་བོད་ལ་སྐད་གསར་བཅད་ཐེངས་བཞི་པ་བྱེད་རན་འདུག་ཅེས་ཀི་རིང་འདེབས་པ་དང༌། ཆུང་ས་ནས་ལོ་ཙཱའི་ཐད་བཀའ་ཡིས་གཅོད་རུང་ཞེས་ཨག་ཕྱུང་བ་གང་ཡིན་ཡང་བོད་སྐད་ཡིག་གི་བརྡའི་སྐྱེ་འཆིའི་ཐད་མནོ་བསམ་བཏང་མྱོང་བ་ན་གནས་ལུགས་དོན་དང་ལྡན་ནོ། དེ་བས་ད་ལྟའི་གཞུང་ཡིག་དང་ཚན་རྩལ་ལོ་ཙཱའི་མཚོན་པའི་གཏན་ཚིགས་གཞུང་ལུགས་སྐོར་ངེས་གཏན་གྱི་བརྡ་དང་ཐ་སྙད་འགའ་རེ་མ་གཏོགས། རྩོམ་རིག་ལོ་ཙཱས་མཚོན་པའི་སྒྱུ་རྩལ་ཞིང་ས་རུ་བརྗོད་བྱའི་དོན་དེ་མཚོན་བྱའི་མ་ཡིག་ཏུ་མཚོན་གང་ཐུབ་ཀྱིས་སྒྱུར་ཐབས་རབས་དང་རིམ་པ་ཞིག་སྤྱད་ཆོག་པས་མ་ཡིག་གི་བཀག་རྒྱ་དེ་འདྲ་མེད་ལ། བོད་སྐད་གང་དེའི་བརྡའི་སྲོལ་སྦྱོར་དང་ཡང་བསྟུན་ངེས་པས་ཚད་ངེས་ཅན་སྟེང་བོད་སྐད་དང་བོད་ཡིག་དམར་གསོད་ཀྱི་ནག་ཉེས་ཀྱི་སྟོབས་ཤུགས་ཀྱང་ཇེ་ཞན་དུ་བཏང་ན་འགྲིག་ཅིང༌། ད་ནས་བཟུང་གནས་དུས་གང་ད་འང་རྒྱ་བོད་ཤན་སྦྱར་གྱི་འགྱུར་ཡིག་ཡ་མ་གཟུགས་མི་འབྲི་བར་རེ་བ་ཞུས་པ་ཡིན། དེ་སྤྱོད་བཞིན་པས་ཅི་ཞིག་གི་ཁ་དོག་ཕྱིར་སྟོན་གྱིན་ཡོད་དམ། སྤྱིར་ལོ་ཙཱའི་སྒྱུར་ཐབས་བྱེ་བྲག་པ་དོན་སྒྱུར་(意译)དང་ཐད་སྒྱུར་(音译)།ཡང་ན་ཁ་གཞན་དུ་བསྐྱོགས་ནས་རང་འགྱུར་(归化)དང་གཞན་འགྱུར་(异化)གང་ཡིན་ཡང༌། སོ་སོར་དགེ་མཚན་དང་ཡོན་ཏན་རེ་ཡོད་སྲིད་པས་ང་ཚོས་དེ་ངོས་ཟུར་མི་འདྲ་བ་དང་བསྒྱུར་བྱ་མི་འདྲ་བ། རྩོམ་ལུས་མི་འདྲ་བའི་ངོས་སུ་གང་ལ་ཅི་འབྱོར་དེ་ལ་དེར་བསྟུན་གྱིས་སྤྱད་དགོས་ནའང༌། གཞན་རིགས་རིག་གནས་ཀྱི་ས་ཁྱོན་ཆེ་ཞིང༌། ཤུགས་དྲག་པའི་དུས་རབས་སུ་ང་ཚོས་རང་གི་ཉམ་ང་ཉག་ཕྲའི་གནས་བབས་ལ་མ་བལྟས་པར་བོད་སྐད་རྒྱའི་དྲི་མ་ཅན་དང་བོད་ཡིག་རྒྱའི་གཟིགས་རིས་ཅན་ཞིག་བཤད་ཅིང་བྲིས་ན། དེ་ནི་རང་སྲོག་རང་གིས་བཅད་པ་དང་ཁྱད་པར་ཁྱོན་ནས་མེད་པས་ང་ཚོས་སྐད་ཡིག་འདི་སྲོག་རྩར་བཅིབས་པའི་མི་རིགས་འདི་དང༌། འདིའི་དར་རྒུད་ཀྱི་ཆེད་དུ་བོད་སྐད་ཡང་དག་གཙང་མ་ཞིག་དང༌། བོད་ཡིག་འཕྲོད་མོ་བདེ་མོ་ཞིག་བཤད་ཅིང་བཀོད་པ་ནི་མིག་སྔར་རང་ཅག་གི་མདུན་དུ་ལྷག་པའི་གནད་དོན་ཆེན་མོ་ཞིག་ཡིན་ལ། ལོ་ཙཱའི་ལས་རིགས་ཁག་གི་མི་སྣ་ཚོའི་ཡིད་ལ་དམ་དུ་གཟུང་རྒྱུའི་ལས་དོན་གལ་ཆེན་ཞིག་ཀྱང་ཡིན་ནོ།།གལ་ཏེ་ང་ཚོས་ད་དུང་དུས་ཀྱི་རྔམ་ཁའི་འཕྲོར་མཐུད་ནས་ངག་ཡིག་ལོ་ཙཱ་ཡ་མ་བརླའི་བསྟན་པ་དར་བར་བགྱིས་ཏེ། སྐད་ཡིག་ཟུར་ཕུད་དང་རྩིས་མེད་དུ་བཏང་ནས་བལྟས་བལྟས་རིག་རིག་ལ་བོད་སྐད་ཀྱི་མིང་ཚིག་དང༌། བརྗོད་པ་གང་གི་ཆར་ཡང་རྒྱའི་གྲིབ་མས་མ་གོས་པར་བགྱི་བ་ནི་ལོ་ཙཱའི་ངོས་ཀྱི་ཕམ་ཁ་རི་རབ་འདྲ་བ་ཞིག་ཏུ་མ་ཟད། མི་རིགས་སྐད་ཡིག་དང་བཅས་པའི་རིག་གནས་དམར་གསོད་ཀྱི་ལས་འབའ་ཞིག་ཡིན་པ་ཤེས་དགོས། འདིར་ཁོ་བོས་ལོ་ཙཱའི་ནག་ཉེས་གླེང་བ་མིན་ལ། ལོ་ཙཱའི་བྱ་ཐབས་དང་རིག་གནས་ཚུར་ལེན་གྱི་སྙིང་སྟོབས་ཤིག་ལབ་པ་ཡིན། ང་ཚོས་ལོ་ཙཱའི་ཆེད་དུ་ལོ་ཙཱ་བྱ་བ་མ་ཡིན་པར་མི་རིགས་རིག་གནས་དང་སྐད་ཡིག་འཕེལ་རྒྱས་ཀྱི་ཆེད་དུ་ལོ་ཙཱ་བྱ་བ་ཡིན། དེ་བས་དེའི་བྱེད་ཐབས་དང་ལམ་ཕྱོགས་ནོར་ན་ནི་ཕན་པ་ལས་གནོད་པ་དང༌། ལེགས་པ་ལས་ཉེས་པ་ཆེ་བས་དེང་གི་ལོ་ཙཱའི་་བྱ་རིམ་ཡ་མ་བརླ་འདི་ནི་སྐད་ཡིག་དམར་གསོད་ཀྱི་ལས་འབའ་ཞིག་ལས་འདའ་ཐུབ་ཀྱིན་པ་ཀུན་ཀྱིས་ཡིད་གཟོབ་དང༌། ལོ་ཙཱའི་ངོས་ཀྱི་ཁ་བརྡ་མང་བོ་ཞིག་ད་དུང་རྗེས་སུ་གླེང་འདོད།དོན་ངོ་མར་འདིར་ནད་མེད་འཁུན་སྒྲ་འབྱིན་པ་མ་ཡིན་པར། མི་རིགས་སྐད་ཡིག་སྐྱེ་འཆིའི་ལས་དབང་གི་ཆེད་དུ་འོ་དོད་འབོད་པ་ཡིན། མི་རིགས་འདིར་ཤ་ཞེན་ཆེ་ཞིང༌། འདིའི་རིགས་སུ་འབོད་པ་ཞིག་ཡིན་ན། འདིའི་ཐད་མཉམ་པར་འཇོག་པ་ནི་བསྙོན་དུ་མེད་པའི་བྱ་ལས་ཤིག་དང༌། དུས་ཀྱིས་ང་ཚོར་སྤྱད་པའི་འོས་འགན་དུ་ལགས་ན། ང་ཚོས་ཀྱང་སྙིང་སྟོབས་ཆེན་མོས་རང་ཅག་སྐད་ཡིག་གིས་བཏེགས་པའི་རིག་གནས་སྙིང་སྟོབས་ལ་བརྟེན་ཏེ་དུས་རབས་ཀྱི་སྔུན་ནས་ཚུགས་ཀ་ཞིག་སྟོན་རན། དེ་ལྟར་ན་སྐད་དང་ཡིག་འདིར་གཅེས་པ་ནི་སྔོན་འགྲོའི་ལེའུ་ཐོག་མ་དེའོ།།

 

ཡོང་ཁུངས། གླིང་སྲས་བོད་ཡིག་དྲྭ་ཚུགས།

བོད་ཀྱི་གླུ་བ་གླུ་མ།

གངས་ལྗོངས་ཀྱི་གླུ་པ་གླུ་མའི་གར་སྟེགས།

འཕྲོད་བསྟེན་ཤེས་བྱ།

ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན།

ཤེས་ཡོན་སློབ་སྦྱོང༌།

ཤེས་ཡོན་ནི་མ་འོངས་པའི་མདུན་སྒོ་ཡིན།

རྒྱན་གོས་ཆ་ལུགས།

བོད་མིའི་གནའ་དེང་གོས་ཀྱི་མཚར་ཉམས།

གློག་བརྙན་གསར་པ།

བོད་ཀྱི་གྲགས་ཅན་གློག་བརྙན་ངོ་སྤྲོད།།

བོད་ཀྱི་ཆོས་རིག་སྐད་ཡིག་གསུམ་གྱི་དྲ་འབྲེལ།

རྩོམ་རིག

  • ཡིད་འོང་ལྷ་མཚོ།
  • རིག་འབྱུང་དྲ་བ།
  • མཆོད་མེ་རྩོམ་རིག
  • བོད་ཀྱི་རྩོམ་རིག

སྙན་ངག

  • ན་གཞོན་གསར་པ།
  • གཏེར་མཛོད།
  • བོད་ཀྱི་རིག་མཛོད།

ལོ་རྒྱུས།

  • བཤད་མཛོད།
  • གདོད་མའི་ལོ་རྒྱུས།
  • དྲིས་ལན་དྲ་མཛོད།
  • གསལ་ལེ་རྒྱལ།

ཆོས་འབྱུང་།

  • ཆོས་ལུགས་ལོ་རྒྱུས།
  • ནང་བསྟན།
  • རྡོ་འབུམ་དཔེ་འཕྲིན།

སྐད་ཡིག

  • ཆ་འཕྲིན་ལག་རྩལ།
  • ཇོ་མོ་གླང་མ།
  • ཧི་མ་ལ་ཡ
  • སྨོན་ལམ

རིག་གཞུང་།

  • བོད་ཀྱི་རིག་གཞུང་།
  • སློབ་གསོ་དྲ་བ།
  • འབྲུག་དཔེ་མཛོད།

རིག་གནས།

  • རིག་གནས་དྲ་བ།
  • བོད་ཀྱི་རིག་གནས།
  • སེང་རྡོར་དྲ་ཚིགས
  • ཧི་མ་ལ་ཡའི་བོན།

དྲ་རྒྱ་གཞན།

  • གཉན་པོ་གཡུ་རྩེ།
  • རྡོ་འབུམ་དཔེ་ཕྲེང་།
  • ལོ་གསར་རིག་གཞུང་།